དྲན་ཤེས་རབ་རིབ།

ཚེ་རིང་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ངའི་མ་གཞི་ནས་རབ་རིབ་དང་ཐར་ཐོར་ལས་མེད་པའི་དྲན་ཤེས་དེ་དུས་རབས་ཕྱེད་ཀ་ལྷག་གི་བརྗེད་ངས་ཀྱི་རྐུན་པོས་ཁྱེར་ཏེ་ད་ནི་སྔར་ལས་ཀྱང་རབ་རིབ་དང་ཐར་ཐོར་ལས་མེད་མོད།  འོན་ཀྱང་དེ་ཙམ་ལ་ངས་རང་དབང་མེད་པར་ཉིན་རེར་ཕྱིར་དྲན་འགའ་རེ་བྱེད་དགོས། ཕྱིར་འདང་བརྒྱབ་ན་ང་རང་ལོ་ངོ་བཅུ་ལྷག་ལ་རྫོང་མཁར་དུ་སོང་མ་མྱོང་ལ། གལ་ཏེ་ཁྱིམ་མཚེས་ཚང་ལ་འཁོར་གེགས་བྱུང་སྟེ་མི་གཅིག་ཤི་ཞིང་མི་གཉིས་རྨས་ནས་སྨན་ཁང་དུ་བསྡད་པ་མིན་ན་ང་རང་ད་ཐེངས་ཡང་རྫོང་མཁར་དུ་འགྲོ་དགོས་དོན་མེད། ཡིན་ནའང་ཁྱིམ་མཚེས་ཚང་ལ་དེ་འདྲའི་གནོད་འཚེ་ཚབས་ཆེན་ཞིག་བྱུང་བས་ན་ང་རང་ཁོ་ཚོར་ཁམས་འདྲི་ཞིག་བྱེད་དུ་མི་འགྲོ་སྲོལ་ག་ལ་ཡོད།

           རྫོང་མཁར་གྱི་སྲང་ལམ་གཡས་གཡོན་དུ་ཚོང་ཁང་དང་ཟ་ཁང་མང་པོ་ཡོད་པ་ལས་བོད་རྒྱ་སྐད་གཉིས་ཀྱི་གླུ་གཞས་སྣ་ཚོགས་གཏོང་བཞིན་འདུག་ལ། གློ་བུར་དུ"གནམ་སྔོན་པོ་ས་ལ་ལྷུང་འདྲའི\མཚོ་སྔོན་པོའི་བྱང་ཤར་འགྲམ་གྱི\ངའི་ཕ་ཡུལ་གཡུ་བྱུར་རྩྭ་ཐང……"ཞེས་པའི་གླུ་ཚིག་ཅིག་གིས་ང་ལ་སྒྲོག་བརྒྱབ་པ་ཇི་བཞིན་གོམ་པ་སྤོ་མཚམས་ཆད། ཐེངས་ཤིག་ཨ་མས་ང་རང་ཁྲིད་ནས་དྭངས་ཤིང་བསིལ་བའི་ཆུ་ཕྲན་ཞིག་གི་འགྲམ་ལ་སོང་སྟེ་ལ་ལུང་ལ་མིག་གཡེང་བྱེད་བཞིན"གཅེས་ཕྲུག ང་ཚོའི་རྩྭ་ཐང་འདི་དབྱར་གྱི་དུས་སུ་གཡུ་ཡི་མཎྜལ་ཞིག་དང་འདྲ་ལ། ལུག་རུ་དམར་པོ་དང་མ་ནིང་གླང་སྣ། སྲད་དམར་སོགས་མེ་ཏོག་དམར་པོ་བཞད་དུས་གཡུ་ཡི་མཎྜལ་ལ་བྱུ་རུའི་ཕྲ་རྒྱན་བཏབ་པ་དང་འདྲ་བས་ཡུལ་འདི་ལ་གཡུ་བྱུར་རྩྭ་ཐང་ཟེར"ཞེས་བཤད་མྱོང་བ་ཡིད་ལ་དྲན།

   "གཡུ་བྱུར་རྩྭ་ཐང་། གཡུ་བྱུར་རྩྭ་ཐང……རང་ཉིད་སྐྱེ་ས་དེ་ལ་གཡུ་བྱུར་རྩྭ་ཐང་ཟེར་བ་མིན་ནམ"ངས་དེ་ལྟར་ངག་ལས་ཤོར་བ་དང་། དེ་མ་ཐག་མི་འགའ་ལ་གཡུ་བྱུར་རྩྭ་ཐང་ཟེར་བ་ཞིག་ཡོད་མེད་དྲིས་མོད། འོན་ཀྱང་ཚང་མས་མགོ་བོ་ཐད་དུ་གཡུག་བཞིན་འདུག

   "གཡུ་བྱུར་རྩྭ་ཐང་། གཡུ་བྱུར་རྩྭ་ཐང……གླུ་ཚིག་ཅིག་ལས་གོ་མྱོང་བ་འདྲ"ལས་བྱེད་པ་དང་འདྲ་བའི་སྐྱེས་པ་དར་མ་ཞིག་གིས་དེ་ལྟར་ལན་འདེབས་བཞིན་མགོ་གཡོན་ཏེ་ངའི་གདོང་ལ་ཞིབ་ལྟ་བྱེད་བཞིན"ཡིན་ནའང་གླུ་ཚིག་ཕལ་ཆེར་རྟོག་བཟོ་རེད། དོན་དངོས་སུ་དེ་འདྲའི་རྩྭ་ཐང་ཞིག་ཡོད་པ་གོ་མ་མྱོང"ཟེར།

  "དཔེ་མི་སྲིད། ངའི་ཕ་ཡུལ་གྱི་མིང་ལ་གཡུ་བྱུར་རྩྭ་ཐང་ཟེར་བ་ཁོ་ཐག་ཡིན། ཡིན་ནའང་ས་ཆ་དེ་སུས་ཀྱང་མི་ཤེས་པའི་རྒྱུ་མཚན་ཅི་ཡིན། མཐར་གཏུགས་ན་ས་ཆ་དེ་རུ་དོན་དག་ཅི་ཞིག་བྱུང་སོང་། ངའི་ཕ་མ་གཉེན་མི་རྣམས་ད་ལྟ་འཇིག་རྟེན་གསོན་ངོགས་ན་ཡོད་དམ། གལ་ཏེ་ཡོད་ན་ཁོ་ཚོ་གཡུ་བྱུར་རྩྭ་ཐང་ཟེར་བ་དེ་ན་ཡོད་དམ……"

   གང་ལྟར་དེ་ནས་བཟུང་ངས་རང་གི་དྲན་ཤེས་རབ་རིབ་དེ་ལ་ཅི་ནུས་ཀྱིས་ཡང་ཡང་ཕྱིར་དྲན་བྱེད་དགོས་བྱུང་།

   ཚོད་དཔག་བྱས་ན་ང་རང་སྐྱེ་ས་དེ་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་པ་འདྲ་སྟེ། སྦྲའི་མདུན་རྒྱབ་གཉིས་ཀར་མཐོ་རུ་འཐེན་པའི་དར་ལྕོག་རིང་པོ་དེ་ཆར་རླུང་གཡུག་སྐབས་ཤོག་སྦག་གས་པ་ལྟ་བུའི་སྒྲ་གྲགས་པ་དེ་ད་རུང་ངའི་རྣ་ལམ་ན་གསལ་ལེར་ཡོད་པ་དང་། སྦྲ་ཆེན་པོ་དེའི་སྒོ་ནས་ཕུ་བར་ཐེངས་གཅིག་བརྒྱུགས་ན་ང་རང་དབུགས་འཚང་བར་བྱེད། རུ་བ་སྤོར་སྐབས་མཛོ་གཡག་དག་ཐད་ཀར་སྦྲ་ནང་དུ་ཁྲིད་ཡོང་སྟེ་ཁལ་འགེལ་ཕབ་བྱེད་ཀྱིན་འདུག ཁྱིམ་དཀྱིལ་ན་ཐབ་ཀ་ཆེན་པོ་ཞིག་ཡོད་པ་དེའི་སྟེང་ན་དུས་གཅིག་ཏུ་གཡོ་སྐོལ་བྱས་ཆོག་པའི་འཁར་སླང་ཆེན་པོ་ལྔ་ཡོད་ལ། རྣམ་པ་དེ་ནི་དེང་སྐབས་གང་ས་གང་དུ་མཐོང་རྒྱུ་མི་འདུག སྦྲའི་ཕུ་ན་ཀོ་བས་གཡོགས་ཤིང་དོང་ཙེའི་ཁ་རྒྱན་ཅན་གྱི་ཤིང་སྒམ་ཆེན་པོ་དྲུག་གྲལ་བཞི་བརྩེགས་སུ་བསྒྲིགས་ཡོད་པ་དང་། གཡས་ཁྱིམ་ན་ཁ་དོག་ནག་པོར་གྱུར་པའི་སྒྲོ་བ་བརྒྱད་གྲལ་ལྔ་བརྩེགས་སུ་བསྒྲིགས་འདུག་པ་སོགས་ནི་དྲང་བཤད་བྱས་ན་མཁར་གྱང་ཞིག་དང་འདྲ་ལ། ཆེ་བཤད་བྱས་ན་བྲག་རི་ཞིག་དང་མཚུངས། སྒམ་དང་སྒྲོ་བའི་བསྣོལ་མཚམས་ཀྱི་གྲུ་ཟུར་ན་སྤེན་དཀར་གྱི་སྣེ་མོ་ལྕགས་སྦྲིག་གིས་ཤན་པའི་བོའུ་རྭ་ཅན་གྱི་མེ་མདའ་ཞིག་གི་མཆུ་གནམ་ལ་བསྐོར་ནས་བཞག་ཡོད། གཡོན་ཁྱིམ་ན་ཆེ་ཆུང་མི་འདྲ་བའི་ཁྲོ་དང་འཁར་བའི་སླ་ང་དང་། ཟངས་སེར་ཟངས་དམར་གྱི་བ་མ། ཤིང་གི་འོ་ཟོ་ཆུ་ཟོ་མང་པོ་ཡོད་པ་འགའ་རེར་དགུན་དུས་སུའང་འོ་མ་ལྟེམས་སེ་འཁྱིལ་ཡོད། དེ་དག་གི་གོང་རོལ་ན་ཤིང་གི་ཕོར་སྟེགས་ཤིག་ཡོད་པའི་སྟེང་ན་ངེད་ནང་མི་ཚོས་ཆེད་དུ་སྤྱོད་པའི་རྫབ་ཀྱི་ཅ་ནེ་དངུལ་ཤན་མ་འགའ་དང་དཀར་ཡོལ་འབྲུག་རིས་མ་མང་པོ་བསྒྲིགས་འདུག

           ངའི་ཨ་མ་ནི་ཤ་མདོག་ཤིན་ཏུ་དཀར་ཞིང་རེག་བྱ་ཧ་ཅང་འཇམ་པའི་བུད་མེད་ཅིག་ཡིན་ལ། མོ་ནི་གཡུ་བྱུར་རྩྭ་ཐང་གི་ཚི་ལེན་གྱོན་པའི་བུད་མེད་གཅིག་པུའང་ཡིན། མོས་ཞོགས་པ་རེ་རེར་ལག་པ་གཙང་མར་བཀྲུས་རྗེས་མཆོད་སྒྲོམ་མདུན་གྱི་ཟངས་སེར་གྱི་བདུན་ཚར་ནང་དུ་ཆུ་མཆོད་འབུལ་བ་དང་། མཚམས་རེར་ཉིན་མཚན་གཉིས་ཀར་གཟིམ་རྒྱུ་མེད་པའི་དངུལ་གྱི་མཆོད་ཀོང་ཆེན་པོ་དེ་ལ་ཁ་གསོ་རེ་བྱེད་པ་མ་གཏོགས་ལས་ཀ་གཞན་པ་ཅི་ཡང་མེད་པར་མ་ཟད། ཐ་ན་ཆེད་དུ་མོའི་མགོ་སྐྲ་སླ་བ་སོགས་ཞབས་ཞུ་སྒྲུབ་མཁན་གྱི་ལུས་པོ་རྒྱགས་ཤིང་ནུ་མ་ཤིན་ཏུ་ཆེ་ཞིང་བྲང་ག་ཡོངས་རྫོགས་ཚི་དྲེག་མཐུག་པོས་ཁེབས་པའི་བུད་མེད་དར་མ་ཞིག་ཀྱང་ཡོད། བུད་མེད་དེ་ནི་ངེད་ཚང་གི་བཟའ་མི་རྣམས་ལས་ཀྱང་ང་ལ་བག་ཆགས་ཆེས་ཟབ་སྟེ། རྒྱུ་མཚན་ནི་ནམ་རྒྱུན་ངས་ཨ་མའི་ཁ་མི་ལེན་པར་པྲ་ཆལ་བྱེད་སྐབས་བུད་མེད་ནུ་ཆེ་མ་དེས་ཧ་ཅང་གཟབ་ནན་གྱིས"ཡ་ད་ངས་གཅེས་ཕྲུག་ལ་ནུ་མ་ཞིག་བསྣུན་དགོས་འདུག"ཟེར་བ་ན་ང་རང་ཞེན་པ་ལོག་པ་དང་སྐྲག་སྣང་སྐྱེས་ནས་དེ་མ་ཐག་ཁ་རོག་གེར་འདུག་སྲིད། དེས་མ་ཚད་ངེད་ཚོར་ཇ་སྐོལ་མཁན་དང་ཟས་གཡོ་མཁན། གྱོན་པ་བཟོ་མཁན་ཡང་ཡོད་པས་ན་ངེས་པ་དོན་གྱི"ཟས་རང་གྲུབ་དང་གོས་རང་གྲུབ"ཟེར་བ་ཡིན་ཚོད་རེད། ང་རང་ཨ་མ་དང་ཁ་བྲལ་བའི་ལོ་དེར་མོ་ལ་མངལ་ཆགས་ཡོད་པས་ན་ཉིན་ལྟར་འཛུམ་དམུལ་དམུལ་གྱིས་ང་ལ"ཁྱོད་ལ་ནུ་བོ་ཞིག་ཡོད་ན་དགའ་འམ་སྲིང་མོ་ཞིག་ཡོད་ན་དགའ"ཟེར་ནས་ཉལ་མ་ཙོག་ཏུ་འདུག་པ་ལས་སྔར་ལས་ཀྱང་ལས་ཀ་ཅི་ཡང་མི་བྱེད། མོ་དང་བསྡུར་ན་ངའི་ཨ་ཕ་ནི་ནམ་ཡང་བྲེལ་བ་ཆེ་བའི་མི་ཞིག་ཡིན་ཏེ། ཁོས་རང་གིས་ལག་པ་མི་འགུལ་ནའང་མི་མང་པོར་བཀོད་འདོམས་བྱས་ཏེ་མཛོ་གཡག་མང་པོར་བལ་རྩིད་ཁུལ་གསུམ་དང་ཀོ་པགས་ཚར་གསུམ། མར་དང་ཕྱུར་བ་བཀལ་ཏེ་མེ་མདའ་ཁུར། རྟ་ལ་ཞོན་ནས་གཞན་དུ་སོང་སྟེ་ཡུན་རིང་འགོར་བ་དང་། ཡང་ཁལ་མ་དེ་དག་ལ་ནས་ཕྱེ་ཚྭ་གསུམ་དང་རས་དང་དཀར་ཡོལ་སོགས་བཀལ་ནས་ཕྱིར་ཐོན་མ་ཐག་སྔར་ལས་མང་བའི་ཀོ་པགས་ཚར་གསུམ་དང་བལ་རྩིད་ཁུལ་གསུམ། མར་དང་ཕྱུར་བ་ལ་བརྗེས་རྗེས་སླར་ཡང་ས་ཆ་གཞན་དུ་བུད་འགྲོ། གལ་ཏེ་ཁོ་པ་ཉིན་འགར་ཁྱིམ་དུ་བསྡད་ནའང་རྔ་མོང་དེད་པའི་སོག་པོ་དང་རྟ་དྲེལ་དེད་པའི་ཁ་ཆེའི་ཚོང་པ་མང་པོར་སྣེ་ལེན་བྱེད་པ་དང་། མཚམས་རེར་སྡེ་བའི་ནང་གི་སྐྱེས་པ་འགའ་རེ་བསྡུས་ཏེ་ཆང་འཐུང་བའམ། ཡང་ན་རྟ་ལ་ཞོན་ཞིང་མེ་མདའ་བཟུང་ནས་ཚང་རག་གི་རྩེད་འཇོར་རོལ་བ་སོགས་ཀྱིས་དུས་འདའ་བ་ལས། ཕྱི་རོལ་ཏུ་སོང་ནས་ཕྱིར་སླེབས་ཐེངས་རེར་ང་ལ"གཅེས་ཕྲུག་འདིར་ཤོག ཨ་ཕ་ཨེ་དྲན་ཐལ"ཟེར་ནས་མངར་ཟས་རེ་སྟེར་ཞོར་འོ་རེ་བྱེད་པ་མ་གཏོགས་དེ་འདྲའི་ཁ་ཡ་བྱེད་ཁོམ་མེད། དེའི་ཕྱིར་ང་ཡང་ཁོ་ལ་ཨ་མ་ལྟར་དུ་སྐད་ཅིག་ཙམ་ལའང་འབྲལ་ཐབས་བྲལ་བའི་བརྩེ་འདང་མེད། ཁོ་ཚོས་གཡུ་བྱུར་རྩྭ་ཐང་ན་མཐོང་དཀོན་པའི་ལྟ་ན་སྡུག་པའི་དམ་བུ་ལས་དྲི་ངད་ཕྱོགས་བཞིར་འཐུལ་བའི་ཆང་རག་འཐུང་བཞིན་རྐན་སྒྲ་སྒྲོག་པའི་ཚུལ་ལ་བལྟས་ན་འཇིག་རྟེན་འདིའི་ཆེས་ཞིམ་མངར་ལྡན་པ་ནི་ཆང་ལོས་ཡིན་སྙམ་པའི་བག་ཆགས་སྟེར་བས་ངས་ཐེངས་མང་པོར་རང་ལའང་འཐུལ་འདོད་ཡོད་པའི་རེ་བ་བཏོན། ཡིན་ནའང་ཁྱིམ་མི་ཚོས་ང་ལ་གཏན་ནས་འཐུང་དུ་མ་བཅུག དེ་ཡང་ཁོ་ཚོས་ཅི་ཙམ་འཐུང་དུ་མ་བཅུག་ན་ང་ལ་དེ་ཙམ་འཐུང་འདོད་སྐྱེས་པས་ཐེངས་ཤིག་ངས་ལྐོག་ཏུ་ཨ་ཕའི་ཆང་ཕོར་ནང་ན་ཆང་ཅུང་ཙམ་ཡོད་པ་དེ་རྔམ་འཐུང་བྱས་པ་ན་ཁ་ནང་དང་མགྲིན་པ། ཕོ་བ་ཡོངས་རྫོགས་མེ་ཡིས་ཚིག་པ་འདྲ་བའི་ན་ཟུག་བཟོད་ཐབས་མེད་པ་ཞིག་སྐྱེས་པས་ངས་རང་དབང་མེད་པར་ངུ་སྐད་ཤོར་བ་དང་ཐང་ནས་འགྲེ་ལོག་བརྒྱབ། ནམ་རྒྱུན་ང་རང་ས་ལ་འགྱེལ་ཙམ་བྱས་ནའང་བཟའ་མི་ཚོས་དུས་གཅིག་ཏུ་ཡར་བསྐྱོར་ནས་བྱིལ་བྱིལ་བྱེད་ནའང་ད་ཐེངས་ངས་ཆང་འཐུང་བ་ཤེས་རྗེས་ཚང་མས་ངའི་ཚུགས་ཀར་ལྟ་བཞིན་རང་རང་ས་ནས་ཧབ་ཆ་བརྒྱབ་སྟེ"ཁྱོད་འདུག་མི་བཟོད་ན་ད་ཅི་འདྲ་རེད"ཟེར་བཞིན་འདུག ངའི་དྲན་ཤེས་ཀྱིས་ཟིན་པའི་དུས་དེ་ནས་བཟུང་ཨ་མེས་དང་ཨ་ཕྱི་གཉིས་ཀྱིས་འཁོར་གཡོག་འགའ་ཁྲིད་དེ་དུས་ཡུན་རིང་པོར་དགོན་སྡེ་མང་པོར་སོང་ནས་མཆོད་འབུལ་ཕྱག་སྐོར་བྱེད་ཅིང་། ཕྱིར་སླེབས་རྗེས་བླ་མ་ཆེ་གེ་མོ་ལ་མངོན་མཁྱེན་ཐོགས་པ་མི་འདུག་ཟེར་ནས་ཐལ་མོ་སྙིང་གར་སྦྱོར་ཞིང་། ས་ཆ་ག་གེ་མོ་ལྟ་བུའི་མུག་ས་ཞིག་མཐོང་མ་མྱོང་། གནས་དེ་རུ་མི་ལུས་ཤིག་ལེན་པ་ལས་གཡུ་བྱུར་རྩྭ་ཐང་དུ་གཡག་རྒན་ཞིག་གི་ལུས་བླངས་ན་དགའ། དཀོན་མཆོག་གསུམ་པོས་མཁྱེན་ཟེར་ནས་མིག་ཟུང་བཙུམ་སྟེ་གསོལ་བ་རྩེ་གཅིག་ཏུ་འདེབས་པར་བྱེད།

       ཡིན་ནའང་ལོ་ཞིག་ལ་ངའི་ཨ་མེས་ཨ་ཕྱི་གཉིས་ཕྱི་རོལ་ཏུ་མ་སོང་བར་ཉིན་ལྟར་ཁྱིམ་ནས་ཁ་ཏོན་འདོན་བཞིན་འདུག  ཨ་ཕའང་ཕྱི་རོལ་ཏུ་མི་འགྲོ་བར་ཁྱིམ་དུ་བསྡད་ནའང་སྔོན་གྱི་མགྲོན་པོའམ་ཚོང་པ་དེ་དག་གཅིག་ཀྱང་ཡོང་རྒྱུ་མེད་ལ། ཐ་ན་ཁོའི་ཆང་གྲོགས་རྣམས་ཀྱང་ཡོང་རྒྱུ་མེད། ཨ་མའི་ལྟོ་བ་ཉིན་རེ་ནས་ཇེ་ཆེ་ཡིན་པས་མོ་སྒོའི་ཕྱི་ཁྱིམ་དུ་འགྲོ་སྐབས་ཀྱང་ནམ་རྒྱུན་མོའི་མགོ་སྐྲ་སླ་མཁན་གྱི་བུད་མེད་དར་མ་དེས་བསྐྱོར་ནས་འགྲོ་བཞིན་ཡོད། ད་དུང་ཉིན་ཞིག་ཨ་ཕས་གདོང་ཁུག་ན་?་ཤེལ་ནག་པོ་ཅན་གྱི་སྐྱ་མིན་སེར་མིན་གྱི་སྨན་པ་ཞིག་ཁྲིད་ཡོང་བ་དང་། དེས་ཨ་མའི་རྩ་བརྟགས་རྗེས་རུམ་ནས་རྩེབས་མ་ཐག་པའི་ལུ་གུ་ཙམ་ཡོད་པའི་སྔོ་སྨན་གྱི་དྲི་མ་ཐུ་ལུ་ལུ་མཆེད་བཞིན་པའི་པགས་སྒྲེའུ་ཞིག་བཏོན་པ་དང་། དེའི་ནང་ནས་ཀྱང་ཙི་གུ་ཙམ་ཡོད་པའི་པགས་སྒྲེའུ་ཆུང་ཆུང་མང་པོ་བཏོན་ནས་ཕར་སློག་ཚུར་སློག་བྱས་ཤིང་། མཇུག་མཐར་པགས་སྒྲེའུ་ཞིག་གི་ཁ་ཐིག་གྲོལ་ཏེ་དངུལ་གྱི་ཁེམ་བུ་ཞིག་ནང་ལ་བསྲིངས་ཏེ་བྱང་ཆ་ལྡན་པའི་ངང་ཤོག་བུ་གྲུ་བཞི་རེ་རེའི་དཀྱིལ་ལ་སྨན་ཐུན་གཅིག་རེ་གཅུད་ནས་བྱིན་པ་དང་། མཇུག་མཐར་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་སྐད་དམའ་མོས"གལ་ཏེ་སྟབས་བདེ་ཡོད་ཚེསྒྲ་དབྱངས་རྒྱལ་པོའི་མཚནརེ་འདོན་ཐུབ་ན་རབ་རེད"ཟེར།

   དེ་ནས་བཟུང་ཨ་མས་ཉིན་ལྟར"བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ"ཞེས་རྫོགས་མཐའ་མེད་པར་འདོན་གྱིན་འདུག་པས་རིམ་བཞིན་ངའི་བློ་ལའང་ངེས་པར་གྱུར།

    གུང་ཇ་འཐུང་རྗེས་ཨ་མ་ངེད་གཉིས་སྦྲ་འདབས་ན་ས་གདན་སྔོན་པོ་ཞིག་བཏིངས་ཡོད་པ་དེ་རུ་བསྡད། མོས་ལག་པ་གཅིག་གིས་རང་གི་ལྟོ་བར་ཕུར་ཕུར་བྱེད་པ་དང་། ལག་པ་གཅིག་གིས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་འཛུམ་དམུལ་དམུལ་གྱིས་ཡང་བསྐྱར"གཅེས་ཕྲུག ཁྱོད་ལ་ནུ་བོ་ཞིག་ཡོད་ན་འདོད་དམ་སྲིང་མོ་ཞིག་ཡོད་ན་འདོད"ཅེས་ཟེར་སྲོལ་ལ་བལྟས་ན་བུ་སྐྱེའམ་བུ་མོ་སྐྱེ་བ་དེ་ནི་མོ་རང་གི་ལག་ན་ལོས་ཡོད་སྙམ།

   ངས"ང་ལ་ནུ་བོ་ཞིག་དང་སྲིང་མོ་ཞིག་ཡོད་ན་འདོད"ཅེས་བཤད་པ་ན་ཨ་མས་མཚར་སྣང་དང་བཅས"ངའི་གཅེས་ཕྲུག་འདི་ཅི་བཤད་ཁ་ཐོག་ལ་འགྲོ་བ་ཞིག་ཡིན། ངའི་ལྟོ་བ་འདི་ཆེ་ཚུལ་དང་ལྗིད་ཚུལ་ལ་བལྟས་ན་མཚེ་མ་ཞིག་ཡིན་ཀྱང་སྲིད"ཟེར་ནས་མུ་མཐུད་དུ་ལྟོ་བ་ལ་ཕུར་ཕུར་བྱས།

   སྐབས་འདིར་ཁྱི་མང་པོས་དུས་གཅིག་ཏུ་ཟུག་སྐད་བརྒྱབ་པ་དང་ནུབ་ལྭ་གྱོན་པའི་མི་མང་པོ་རུ་ནང་ལ་སླེབས་ཏེ་ལྷས་དཀྱིལ་ནས་རས་གུར་ཕུབ་ནས་བསྡད་པ་དང་། ཕྱི་ཉིན་ནས་བསྟུད་མར་ཉིན་འགའ་ལ་ཚོགས་འདུ་བསྡུས། ཅང་མ་འགོར་བར་མེ་མདའ་ཐོགས་པའི་མི་འགའ་ཁྱིམ་ཚང་རེ་རེར་ཡོང་སྟེ་མེ་མདའ་ཡོད་ཚད་ཁྱེར་སོང་། ཉིན་ཞིག་ངའི་ཨ་མེས་དང་ཨ་ཕ་གཉིས་ཀ་ཁོང་ཁྲོའི་ངང་ཁྱིམ་ལ་ལོག་སྟེ"བརྐུས་ནི་མིན། ཕྲོགས་ནི་མིན། རང་གིས་མི་རབས་དུ་མར་འབད་པས་བསགས་པའི་རྒྱུ་ནོར་ཡོད་ཚད་གཞུང་ལ་སྤྲོད་དགོས་ཟེར་བ་འདི་བཙན་ཚོད་མེད་ཀྱི་གཏམ་རེད། འདི་མངོན་འཕྲོག་རེད"ཟེར་གྱིན་འདུག གང་ལྟར་དེ་ནས་རིང་པོ་མ་འགོར་བར་ཁྱིམ་ཚང་སོ་སོའི་ཕྱུགས་ཟོག་མཉམ་གཅིག་ཏུ་བསྡུས་ནས་འཚོ་སྐྱོང་བྱས་ཤིང་། དེ་ནས་བཟུང་ངེད་ཚང་གི་གླ་བ་གཡོག་པོ་རྣམས་མཐོང་རྒྱུ་མེད་པ་དང་། ཐ་ན་ངའི་ཨ་མར་ཆེད་དུ་ཞབས་ཞུ་སྒྲུབ་མཁན་གྱི་བུད་མེད་ནུ་ཆེ་མ་དེའང་མཐོང་རྒྱུ་མ་བྱུང་། དེ་ནས་ཡང་རིང་པོ་མ་འགོར་བར་རུ་དཀྱིལ་དུ་སྦྲ་ཆེན་པོ་ཞིག་ཕུབ་སྟེ་ཁྱིམ་ཚང་སོ་སོའི་བཟའ་འབྲུ་དེའི་ནང་བསྡུས་ཤིང་། ད་དུང་སྦྲ་ཞིག་གི་ནང་དུ་གཡོ་སྐོལ་བྱས་ཏེ་སྡེ་མི་ཡོངས་ཀྱིས་མཉམ་དུ་ཟ་མ་བཟའ་དགོས་པ་དང་། ཟ་མ་ནི་ཉིན་རེ་ནས་ཉིན་རེར་ཇེ་ངན་དང་ཇེ་ཉུང་རེད། ཡིན་ནའང་ཨ་མེས་ཀྱིས་ཡང་དང་ཡང་དུ"རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ། མི་སྲོག་འཚམས་ན་རྒྱུ་མེད་ཀྱང་སྐྱོན་མེད"ཅེས་བཟའ་མི་ཚོར་སེམས་གསོ་བྱེད་མོད། འོན་ཀྱང་ཉིན་ཞིག་ཨ་མེས་དང་ཨ་ཕ་སོགས་སྡེ་བའི་ནང་གི་སྐྱེས་པ་ཕལ་ཆེར་ངས་སྔོན་ཆད་གོ་མ་མྱོང་བའི་ཐ་སྙད་གསར་པ་མང་པོའི་ནང་གི་གཅིག་སྟེ"ཆབ་སྲིད་སློབ་སྦྱོང་འཛིན་གྲྭ"ཟེར་བ་ཞིག་ཏུ་ཁྲིད་སོང་ནས་ཕྱིར་ཡོང་རྒྱུ་མེད་པར་གྱུར། ངའི་དྲན་ཤེས་ལྟར་ན་ཨ་ཕྱི་དང་ཨ་མ་གཉིས་ཀྱིས་ཉིན་ལྟར་རང་རང་ས་ན་མིག་ཆུ་འདོན་བཞིན་ཡོད་པ་དང་། ངས་ནི་དེ་བས་ཀྱང་མོ་གཉིས་ལ་རེས་མོས་ཀྱིས་འཇུས་ནས་ངུས་པ་གསལ་པོར་དྲན། ངས་ད་ལྟའང་མཐར་གཏུགས་ན་རང་ཉིད་ལོ་ག་ཚོད་ཡིན་པ་མི་ཤེས་པ་ཇི་བཞིན་དེ་དུས་རང་ཉིད་མཐར་གཏུགས་ན་ལོ་ག་ཚོད་ཡིན་པ་བཤད་མི་ཐུབ་མོད། འོན་ཀྱང་གང་ལྟར་རང་ཉིད་ལོ་ན་ཧ་ཅང་ཆུང་ཆུང་ཡིན་པ་ངེས་གཏན་བྱས་ཆོག དེས་ན་ངས་ཁྱིམ་མི་ཚོའི་ཤི་གསོན་བདེ་སྡུག་ལ་སེམས་ཁྲལ་བྱེད་ཤེས་པ་མིན་པར་རང་ཉིད་ཀྱི་ལྟོ་བ་ལྟོགས་བཞིན་ཡོད་པས་ཡིན་སྲིད། དེ་བས་ཀྱང་བརྗེད་ཐབས་བྲལ་ཞིང་འཇིགས་སུ་རུང་བ་ཞིག་ནི་ཉིན་ཞིག་ལྷས་དཀྱིལ་ནས་ཚོགས་འདུ་འཚོགས་ཏེ་ངའི་ཨ་ཕྱི་ལ་ཚང་མས་གཅར་རྡུང་བྱས་པ་དང་། ལྷག་པར་དུ་སྔོན་ཆད་ཨ་མའི་མགོ་སྐྲ་སླ་མཁན་གྱི་བུད་མེད་ནུ་ཆེ་མ་དེས་ཨ་ཕྱི་ཁ་སྦྲིབ་ཏུ་མནན་ཏེ་གཉའ་ལ་ཞོན་ནས་ངུ་ངག་གིས་ཅི་ཞིག་བཤད་ཞོར་ནུ་མ་ཆེན་པོ་གཉིས་ཀ་ཕར་གཡུག་ཚུར་གཡུག་བྱེད་བཞིན་ཁ་མིག་དབྱེར་མེད་དུ་གཅར་རྡུང་བྱས། ང་རང་མ་གཞི་ནས་བུད་མེད་དེ་ལ་ཤིན་ཏུ་སྐྲག་པས་ན་ངང་ཚུལ་འདི་མཐོང་རྗེས་ལྷག་ཏུ་སྐྲག་ཐག་ཆོད་དེ་འགུལ་ཙམ་ཡང་བྱེད་མི་ཕོད་ལ། ཐ་ན་ངུ་སྐད་ཀྱང་འདོན་མི་ཕོད་པར་གྱུར། དེ་ནས་བཟུང་ཨ་ཕྱི་ཉལ་སར་ལྷུང་བས་ན་ཨ་མས་རང་གི་ལྟོ་བ་ཆེན་པོ་དེ་བསྐྱོར་ནས་ཨ་ཕྱི་ངེད་གཉིས་ལ་ཞབས་ཏོག་སྒྲུབ་པ་དང་། སྒོ་ཁའི་ཁྱི་རྒན་ལ་ལྟོ་ཟས་མི་སྟེར་ག་མེད་བྱུང་།

   དུས་ཚོད་ཅི་ཙམ་སོང་བ་མ་ཤེས་མོད། འོན་ཀྱང་ཕྱུགས་རྩྭ་སྐྱ་བོར་གྱུར་ཅིང་དེ་ཡང་སྔར་ནས་ཟད་དེ་བཙུན་པ་ཞིག་གི་མགོ་བོ་ཇི་བཞིན་སྐྱི་པགས་ཁོ་ན་ཙམ་ལས་མི་འདུག ནམ་རྒྱུན་ཡིན་ན་སྐབས་འདིར་རུ་བ་སྔ་ས་ནས་དགུན་སར་བབས་ཡོད་མོད། འོན་ཀྱང་ད་ལོར་ད་དུང་གསོན་ཤུགས་ཅི་ཡང་མེད་པའི་དབྱར་ས་ན་བསྡད་འདུག ངའི་སྣང་ངོར་ཨ་མའི་ལྟོ་བ་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ཡིན་པ་གསལ་པོར་དྲན་གྱིན་འདུག མཚམས་ཤིག་ནས་ཁ་བ་འབབ་མགོ་བརྩམས་པ་དང་། ཁ་བ་དེ་ཉིན་མཚན་དབྱེར་མེད་དུ་བབས་ཏེ་གཡུ་བྱུར་རྩྭ་ཐང་དངུལ་གྱིས་གཡོགས་པ་ལྟར་དུ་གྱུར་ཅིང་སྒོའི་ཕྱི་ཁྱིམ་གཉིས་ཀ་གྲང་ཤུར་ཤུར་དུ་གྱུར། ཉིན་ཞིག་ཨ་མས་ཨམ་གཙིགས་བསྡམས་ཏེ་སྦྲ་ངོས་ཀྱི་ཕྱིང་ཁུག་རྙིང་པ་ཞིག་གི་ནང་ནས་ལྡེ་མིག་མང་པོ་བཏོན་ཞིང་། སྒམ་གྱི་ཟྭ་ཕྱེ་སྟེ་ནམ་རྒྱུན་ང་ཚོས་ལོ་གསར་སྐབས་སུ་མ་གཏོགས་མི་གོན་པའི་གོས་ཆེན་གྱིས་གཡོགས་པའི་ཚར་ལྭ་རྣམས་བླངས་ནས་གྱོན་རྩིས་བྱས་པ་ན་ཨ་ཕྱི་དང་བར་དུ་ཁ་རྩོད་ཅུང་ཙམ་བྱུང་བའི་ནང་དོན་ནི་ཕལ་ཆེར་འདི་ལྟར་ཡིན་སྲིད་དེ།

    "ངའི་རྒད་པོ་དང་ཞི་ལི་གཉིས་ཀ་ཤི་གསོན་མི་ཤེས་པའི་སྐབས་འདིར་ཁྱོད་ལ་ད་དུང་གོས་གསར་གྱོན་འདོད་ཡོད་པ་ཡ་མཚར"ཨ་ཕྱིས་ངུ་ངག་གིས་དེ་ལྟར་བཤད།

     "ཏག་ཏག་ཁོ་གཉིས་ད་དུང་ཤི་གསོན་མི་ཤེས་པས་ང་ཚོས་གོས་རྙིང་གོན་ནས་བསྡད་ན་རྣམ་རྟོག་ཟ་བ་ཞིག་མིན་ནམ། ཡང་གཅིག་བཤད་ན་གནམ་གཤིས་འདི་འདྲ་འཁྱག་པས་ང་ཚོ་མུ་མཐུད་དུ་གསོན་འདོད་ན་གྱོན་པ་དྲོན་པོ་རེ་མི་གོན་ཐབས་མེད་རེད"ཨ་མས་དེ་ལྟར་བཤད་པ་ན་ཨ་ཕྱིས་ཀྱང་བདེན་པར་རློམ་ནས་ཁ་མ་གྲགས་པར་ཚར་ལྭ་གྱོན།

   ཁ་བ་མུ་མཐུད་དུ་འབབ་པའི་ཞོགས་པ་ཞིག་ལ། སྡེ་བ་ཡོངས་རྫོགས་མེ་འབར་བ་དང་ཆུ་གདུ་བ་ལྟར་ཟང་ཟིང་ལང་ལོང་དུ་གྱུར། ཁྱིམ་ཚང་རེ་རེའི་སྒོ་ཁ་ན་མཛོ་གཡག་གསུམ་རེ་བཏགས་ཡོད་པ་ལ་གླང་སྒ་བསྟད་ཅིང་ཁལ་བཀལ། ངའི་དྲན་ཤེས་ཀྱི་ངོས་སུ་གསལ་པོར་ཡོད་པ་ཞིག་ནི་མགོ་སྦྲ་ཆེན་པོ་ཅན་གྱི་ཁྱིམ་ཚང་མང་པོས་སྦྲའི་ཕྱེད་ཀ་དང་། ཡང་ན་སུམ་ཆའི་གཅིག་ཙམ་གྲི་ཡིས་བཅད་ནས་ཁྱེར་བ་དང་། ཁལ་མ་གསུམ་གྱིས་ཐེག་ཚད་ཙམ་མ་གཏོགས་གཞན་མགོ་སྦྲ་དང་ཅ་ལག་ཡོད་ཚད་མཚེར་ཤུལ་དུ་བསྐྱུར་ནས་བུད་སོང་། སུ་ཞིག་གིས་ངེད་ཚང་གི་སྒོ་ཁར་ཡང་གཡག་རྒན་གསུམ་ཁྲིད་ཡོང་སྟེ་ངེས་པར་དུ་རུ་བ་སྤོར་དགོས་ཟེར་ནས་ཡང་ཡང་ཚ་འདེད་བྱས། ཡིན་ནའང་མཇུག་མཐར་ཁོ་ཚོས་ཀྱང་ལོ་ལོན་སྟན་འབྱར་ཞིག་དང་བུད་མེད་སྦྲུམ་མ་ཞིག བྱིས་པ་སྣབས་དྲུད་ཅིག་གིས་ནི་ཁལ་འགེལ་རྒྱུ་ཕར་ཞོག གཡག་ལ་ཞོན་པའི་ནུས་པའང་མེད་པ་ཤེས་རྗེས་གཡག་རྒན་གསུམ་པོ་ཕྱིར་ཁྲིད་ནས་བུད་སོང་།

   ས་རུབ་ལ་ཉེ་ནའང་དངངས་འཚབ་ཀྱི་དབང་གིས་ངེད་ཚོས་དགོང་ཟས་ངན་ངོན་ཞིག་ཡོད་པ་དེ་བཟའ་རྒྱུའང་བརྗེད་འདུག གློ་བུར་དུ་རླངས་འཁོར་གྱི་སྒྲ་ཞིག་གྲགས་པས་ང་རང་སྔར་ལས་སྐྲག་ཐག་ཆོད་དེ་ཨ་མའི་གམ་ལ་བཅར། རླངས་འཁོར་དེ་ཏག་ཏག་ངེད་ཚང་གི་སྒོ་ཁར་བསྡད་པ་དང་། མི་འགའ་ཁྱིམ་ལ་འཛུལ་ཏེ་བསམ་དབང་དྲན་དབང་མ་བྱིན་པར་ངེད་གསུམ་པོ་སྒོར་དེད་ནས་དངོས་འདྲུད་རླངས་འཁོར་གྱི་འཁོར་སྒམ་ནང་ལ་རྫོང་རྩིས་བྱས། དུས་རབས་ཕྱེད་ཀ་ལྷག་གི་རྗེས་སུའང་ངའི་མིག་ལམ་ནས་ཡལ་ཐབས་མེད་པ་ནི་མི་དར་མའི་རྗེ་ངར་ལྟར་སྦོམ་པའི་ཕུར་བར་བཏགས་ཡོད་པའི་སྒོ་ཁྱི་ནག་ནག་དེས་རྔ་མ་བརླ་བར་དུ་འཐེན་ཞིང་། མིག་གིས་ང་ཚོར་ལྟ་བཞིན་མི་སེམས་རབ་ཏུ་གདུང་བར་བྱེད་པའི་སྨྲེ་སྔགས་དང་མིག་ཆུ་མཉམ་དུ་འདོན་བཞིན་འདུག་པ་དེ་རེད། སྣང་ཚུལ་དེ་མཐོང་རྗེས་ཨ་མས"ཨ་ཁུ་ལེ་ལེ། ངས་ཚེ་གང་བོར་གཞན་ལ་ཞུ་བ་བྱས་མ་མྱོང་ནའང་ད་ཐེངས་ཁྱེད་ཚོར་ཞུ་བ་ཞིག་བྱེད། ང་ལ་ཁྱི་རྒན་གན་གཏོང་དུ་འཇུག་རོགས། ཨ་ཁུ་ལེ་ལེ……"ཞེས་ངུ་ཞོར་བཤད་ཞོར་བྱས་ནའང་མི་དེ་ཚོས་ཨ་མའི་སྐད་ཆ་མ་གོ་བའམ་གང་ལྟར་ང་ཚོ་འཁོར་སྒམ་ནང་ལ་བརྫངས། འཁོར་སྒམ་ནང་ན་སྔ་ས་ནས་མི་མང་པོ་བཙངས་ཡོད་པར་མ་ཟད་ལ་ལས་ངུ་སྐད་འབྱིན་པ་དང་། ལ་ལས་སྡུག་སྐད་འབྱིན་བཞིན་འདུག  རླངས་འཁོར་སྟེང་དུ་ཧ་ཅང་གྲང་ངར་ཆེ་ཞིང་། ཅང་མ་འགོར་བར་ས་ཡོངས་སུ་རུབ་སོང་། རིམ་བཞིན་ང་རང་ཧ་ཅང་འཁྱགས་ཏེ་རྐང་ལག་སྦྲིད་ནས་ཨ་མར་འཇུ་བའི་ནུས་པའང་མེད་པར་གྱུར། དེ་ལྟར་རིམ་བཞིན་ལུས་ཀྱི་ཚོར་བ་ཡོངས་སུ་ཉམས་པར་མ་ཟད་འདུ་ཤེས་ཀྱང་མག་མོག་ཏུ་གྱུར་ཏེ་འཁོར་སྒམ་ནང་གི་ངུ་སྐད་སྡུག་སྐད་ཀྱི་སྒྲའང་ཧ་ཅང་རྒྱང་རིང་ཞིག་ཏུ་གྱེས་པའི་ཚོར་བ་སྐྱེས། མཚམས་ཤིག་རླངས་འཁོར་དོང་ནང་དུ་ལྷུང་བའམ་ཡང་ན་ས་འབུར་ལ་ཐོགས་པ་གང་ལྟར་བརྡབ་གསིག་དྲག་པོ་ཞིག་བྱས་ཏེ་ང་རང་གནམ་ལ་གཡུགས་ནས་ས་ལ་ལྷུང་བ་དང་ཆབས་ཅིག་ཚོར་བ་ཡོངས་སུ་ཉམས་སོང་། ངའི་དྲན་པ་སོས་དུས་ནམ་ལངས་འདུག་པ་དང་། ད་གཟོད་འདི་ནི་མཐའ་མི་མངོན་ཞིང་མིག་གིས་མཐོང་ཚད་ན་སེམས་ཅན་གཅིག་ཀྱང་མེད་པར་ཡོད་ཚད་ཁ་བས་གཡོགས་པའི་ས་སྟོང་ཞིག་ཡིན་པ་ཤེས་འཕྲལ་ང་རང་དངངས་སྐྲག་དྲག་པོ་སྐྱེས་ཏེ་ནུས་ཤུགས་ཅི་ཡོད་ཀྱིས་ངུས། མཚམས་ཤིག་ལ་གནམ་ས་འདྲེས་མཚམས་ན་ནག་ཐིག་ཅིག་གཡོ་འགུལ་བྱེད་བཞིན་པའི་སྣང་བ་མག་མོག་ཅིག་སྐྱེས་པས་ངང་ངམ་ཤུགས་ཀྱིས་ངུ་མཚམས་ཆད་དེ་མིག་ཆུ་ཕྱིས་ནས་བལྟས་པ་ན་ནག་ཐིག་དེ་རིམ་བཞིན་ཇེ་ཉེར་ཡོང་བ་དང་། མཚམས་ཤིག་རྟ་ཞོན་ཞིག་ཡིན་པ་གསལ་པོར་མཐོང་། མི་དེས་རྟ་ཁ་བསྒགས་ཏེ"ཨ་ཙི། བྱིས་པ་ཞིག་རེད"ཅེས་ཁེར་བཤད་ཅིག་བྱས་རྗེས"ཨ་རོགས"ཞེས་བོས། 

   ངས"ཨ་མ……"ཞེས་ངག་ལས་ཤོར་བ་དང་མཉམ་དུ་སླར་ཡང་སྐྱོ་གདུང་དྲག་པོས་ངུས་ཤིང་། དེ་ནས་སླར་ཡང་དྲན་པ་ཉམས་སོང་།

   ངའི་དྲན་པ་སོས་དུས་སྐྱེས་པ་ཞིག་གིས"ས་སྟོང་ལུང་སྟོང་ན་འདི་འདྲའི་ཡིད་དུ་འོང་བའི་བྱིས་པ་ཞིག་འདུག་པས་ངས་དང་ཐོག་མི་ལ་ཙི་ཙི་ཟེར་བ་དེ་མིན་ནམ་སྙམ་ནས་སྐྲག་སྣང་ཞིག་ཀྱང་སྐྱེས……"ཟེར།

   བུད་མེད་ཅིག་གིས་ངུ་ངག་གིས"ཅི་འདྲའི་མི་བསམ་མེད་ཅིག་རེད་ཨང་། རང་གི་བུ་གཅིག་པོའང་ལྟོགས་ནས་ཤི་བ་མིན་ནམ། རང་ལ་བཟའ་རྒྱུ་མེད་པའི་སྐབས་འདིར་ད་དུང་འདི་འདྲའི་གསོ་གདོས་ཤིག་ཁྱེར་ཡོང་བ་འདི་ཅི་ཡིན། ཡང་གཅིག་བཤད་ན་དེང་སྐབས་ཚང་མ་གྲི་ཁ་སེན་ཁ་ན་འགྲོ་བཞིན་ཡོད་པས་གལ་ཏེ་སུ་ཞིག་གིས་ལྐོག་ཞུ་བྱས་ཚེ་འུ་གཉིས་བཙོན་ལ་འཇུག་མིན་ཐེ་ཚོམ་མེད"ཅེས་བཤད།

   "གང་ལྟར་ངས་མིག་གིས་བལྟས་བལྟས་ལ་མི་གསོན་པོ་ཞིག་འཆི་རུ་འཇུག་པའམ་ཡང་ན་སྤྱང་ཀིར་བཟའ་རུ་འཇུག་མི་ཕོད། ངས་བསམས་ན་གལ་ཏེ་ཁྱོད་ཡིན་ནའང་དེ་འདྲ་བྱེད་ཕོད་རྒྱུ་མ་རེད"

   བུད་མེད་དེས་སྐྱེས་པ་དེ་དང་མུ་མཐུད་དུ་རྩོད་པ་མ་བྱས་པར་ཁ་རོག་གེར་བསྡད། རྗེས་སུ་ཤེས་གསལ་ལྟར་ན་འདི་ནི་ལོ་ན་གཞོན་པའི་ཁྱོ་ཤུག་ཟུང་ཡིན་པ་དང་། ང་ལ་ཚེ་སྲོག་གཉིས་པ་སྦྱིན་མཁན་ནམ་ངའི་ཕ་མ་གཉིས་པར་གྱུར་པ་རྣམ་པ་གཉིས་རེད།

"ལྟོས་དང་། འདིའི་དྲན་པ་སོས་སོང"བུད་མེད་དེས་ངའི་མགོ་ཡར་བསྐྱོར་ཏེ་རྩམ་ཁུ་ཅུང་ཙམ་བླུད། ངའི་ཉམས་སྣང་ཞིག་ལ་དེ་འདྲའི་ཟས་ཞིམ་པོ་ཞིག་ཚེ་གང་བོར་ཟོས་མ་མྱོང་བ་འདྲ་བའི་སྣང་བ་ཞིག་ཤར་ནས་ཧ་ཅང་འཐུང་འདོད་སྐྱེས་མོད། ཕངས་པ་ཞིག་ལ་རྩམ་ཁུ་དེ་ཁམ་བུ་གསུམ་གྱིས་ཡོངས་སུ་འཐུངས་ཚར་སོང་། དོན་དངོས་སུ་ཁྱིམ་ཚང་འདི་ལ་འབྱོར་བ་ཤིན་ཏུ་ཞན་ཏེ། མགོ་ན་བསིལ་གདུགས་འདྲ་བའི་སྦྲ་ངན་ཆུང་ངུ་ཞིག་དང་སྒོ་ན་རྟ་རྒན་ཁ་མཐོ་ཞིག་ལས་ཕལ་ཆེར་ཅི་ཡང་མི་འདུག བུད་མེད་དེས་ངུ་མ་དགོད་ཀྱིས"ཁྱོད་ཀྱི་མིང་ལ་ཅི་ཟེར"ཞེས་དྲིས།

   ངས་སླར་ཡང"ཨ་མ……"ཞེས་ངུ་འབོད་བྱས་པ་ལས་བུད་མེད་དེ་ལ་ལན་མ་བྱིན་པ་མ་ཟད་དུས་ཡུན་རིང་པོར"ཨ་མ……"ཞེས་ངུ་འབོད་རྐྱང་རྐྱང་བྱས་ཏེ་ཁྱོ་ཤུག་དེ་གཉིས་ལ་ཁ་ཡ་མ་བྱས། ད་ལྟ་བསམས་ན་དེ་དུས་ངས་ཨ་མ་དྲན་པ་ཁོ་ན་མ་ཡིན་པར་ལྟོ་བ་ལྟོགས་དྲགས་པས་ཀྱང་ཡིན་སྲིད། གང་ལྟར་ཁྱོ་ཤུག་དེ་གཉིས་ཀྱིས་སུན་སྣང་མེད་པར"ཁྱོད་མ་ངུ་དང་། ང་ཚོས་གང་མྱུར་གྱིས་ཁྱོད་ཀྱི་ཨ་མ་བཙལ་ངེས་ཡིན"ཟེར་ནས་ངའི་ངུ་ཁ་ཨེ་ལོན་ལ་ལྟ་དང་། ཧ་ཅང་ཉུང་བའི་རྩམ་པ་དེ་ལས་མང་ཤོས་ང་ལ་བྱིན་ཏེ་ངའི་ཚེ་སྲོག་གི་རྒྱུན་སྲིང་ཐབས་བྱས། ང་རང་ཁྱོ་ཤུག་དེ་གཉིས་ལ་རིམ་བཞིན་འདྲིས་ལོབས་སུ་གྱུར་པའི་དུས་མཚུངས་སུ་ངུ་འབོད་བྱེད་མཚམས་ཀྱང་རིམ་བཞིན་ཆད་སོང་།

   ཐེངས་ཤིག་བུད་མེད་དེས་ངའི་པདྨ་རྩ་འཁོར་གྱིས་གཡོགས་པའི་ཚར་ལྭ་དང་འབུ་རས་ཀྱི་སྐ་རགས། ཕྲུག་ལྷམ་སོགས་ལ་རེས་མོས་ཀྱིས་ལྟ་བཞིན"བྱིས་པ་འདི་ཁྱིམ་ཚང་ཕྱུག་པོ་ཞིག་གི་ཡིན་ཐག་ཆོད"ཟེར།

   སྐྱེས་པ་དེས"ཨང……གཅིག་བྱས་ན་ཁོ་པ་ཁྱིམ་ཚང་ཕྱུག་པོ་ཞིག་གི་ཡིན་པས་ཏག་ཏག་ཆག་སྒོ་འདི་འདྲ་མགོར་བབས་པ་ཡིན་སྲིད"ཟེར།

   བུད་མེད་དེས"རྗེ་བཙུན་འཕགས་མ་སྒྲོལ་མ"ཞེས་གསོལ་འདེབས་ཤིག་བྱས་རྗེས་ང་ལ"ཁྱོད་ཀྱི་མིང་ལ་ཅི་ཟེར"ཞེས་དྲིས།

  "གཅེས་ཕྲུག་ཟེར"

 "མིང་ངོ་མ་ལ་ཅི་ཟེར"

  "ང་ཚོས་ཀྱང་ཁོའི་མིང་ལ་གཅེས་ཕྲུག་ཟེར"ངས་རང་གི་མིང་ངོ་མར་ཅི་ཟེར་མི་ཤེས་ལ། ལན་སྟེར་ཁོམ་ཡང་མ་བྱིན་པར་སྐྱེས་པ་དེས་དེ་ལྟར་བཤད། དེ་དུས་ངའི་དྲན་ཤེས་ངོས་ཀྱི་རང་གི་ཁྱིམ་ཚང་གི་གནས་ཚུལ་དང་། དོན་དག་ཅི་བྱུང་སོགས་ཅུང་ཆ་ཚང་དང་གསལ་པོར་ཡོད་པ་རྣམས་ཁྱོ་ཤུག་དེ་གཉིས་ལ་ངུ་ཞོར་བཤད་ཞོར་བྱས་པ་ན་དེ་གཉིས་ཀྱིས་ཀྱང་ཅི་ཞིག་གི་ཧ་གོ་སོང་བ་ལྟར་མིག་ཆུ་ཤོར་སོང་། དེ་ནས་བཟུང་ཁོང་གཉིས་ཀྱིས་དེའི་སྐོར་གཏན་ནས་མི་གླེང་བར་བལྟས་ན་ང་ལ་དེ་དག་བརྗེད་དུ་འཇུག་རྒྱུའི་རེ་བ་འཆང་བཞིན་ཡོད་པ་འདྲ། ཁོང་གཉིས་ཀྱིས་རྒྱུན་དུ"ལས་ཀྱི་བུ་དེ་མ་དབང་ནའང་ལམ་གྱི་བུ་ཞིག་རག་བྱུང"ཟེར་ནས་དགའ་སྤྲོ་སྐྱེས་ཤིང་། རྗེས་སུ་ཁོང་གཉིས་ལ་སྔ་གཞུག་ཏུ་བུ་མོ་གཉིས་སྐྱེས་པའང་ནར་སོན་རྗེས་མནའ་མར་བྱིན་ཏེ་ང་ཁོང་གཉིས་ཀྱི་གམ་དུ་བཟུང་། དེ་བཞིན་དུ་ང་ལའང་ལས་ཀྱི་ཕ་མ་མ་དབང་ནའང་ལམ་གྱི་ཕ་མ་ཡོད་པར་གྱུར་ཅིང་། ངས་ཀྱང་ལོ་འགའི་སྔོན་ཁོང་གཉིས་སྔ་གཞུག་ཏུ་ཤི་རེག་བར་ལ་ཅི་ནུས་ཀྱིས་ཞབས་ཏོག་བསྒྲུབས།

   རྗེས་སུ་ཤེས་གསལ་ལྟར་ན། ཁྱིམ་ཚང་འདི་མ་གཞིར་མདོ་སྨད་ཤར་ལྷོའི་ཕྱོགས་ཀྱི་རྨ་ཁུག་རྩྭ་ཐང་ཟེར་བ་དེ་ནས་ཡིན་ལ། ཐེངས་ཤིག་མཱ་པུ་ཧྥང་གིས་ཡུལ་དེར་དམག་བརྒྱབ་པས་བྲོས་བྱོལ་དུ་ཡོང་བ་ཞིག་ཡིན་འདུག  གུང་ཁྲན་ཏང་གིས་སྲིད་དབང་བཟུང་རྗེས་ཁོ་ཚོ་ཕ་ཡུལ་དུ་ལོག་རྩིས་ཡོད་ནའང་ཡོ་འཁྱོམ་རབས་དང་རིམ་པ་བྱུང་ནས་དུས་ཡུན་རིང་པོར་ལོག་མ་ཐུབ། 

   ངའི་ལོ་ངོ་མ་ག་ཚོད་ཡིན་པ་ནི་ནམ་ཡང་ཤེས་ཐབས་མེད་ལ། ཕལ་ཆེར་ང་རང་ལོ་སུམ་ཅུར་སླེབས་ལ་ཉེ་བའི་སྐབས་ཤིག་ལ་ངའི་སྲོག་སྐྱོབ་མཁན་གྱི་ཁྱོ་ཤུག་དེ་གཉིས་ཀའི་གཉེན་ཉེ་ཡིན་ཟེར་བའི་མི་འགའ་ཡོང་སྟེ་ང་ཚོ་རྨ་ཁུག་རྩྭ་ཐང་དུ་བསུས་སོང་།

 "གནམ་སྔོན་པོ་ས་ལ་ལྷུང་འདྲའི\མཚོ་སྔོན་པོའི་བྱང་ཤར་འགྲམ་གྱི\ངའི་ཕ་ཡུལ་གཡུ་བྱུར་རྩྭ་ཐང……"གླུ་ཚིག་འདི་ཐོས་པ་ནས་ངས་རང་གི་རབ་རིབ་དང་ཐར་ཐོར་གྱི་དྲན་ཤེས་དེ་ལ་རང་དབང་མེད་པར་ཡང་ཡང་ཕྱིར་དྲན་བྱེད་དགོས་བྱུང་། ངས་སུ་ལ་ཐུག་ནའང"གཡུ་བྱུར་རྩྭ་ཐང་ཟེར་བ་གོ་ཨེ་མྱོང"ཞེས་དྲིས་ནའང་ཚང་མས་མགོ་ཐད་དུ་གཡུག་གིན་འདུག་པ་དང་། ཐ་ན་མི་ལ་ལ"གཡུ་བྱུར་རྩྭ་ཐང"ཞེས་གླེང་མ་ཐག་ང་ལ་གཡོལ་ནས་བུད་འགྲོ། མི་རྣམས་ལ་གཡུ་བྱུར་རྩྭ་ཐང་ཅི་ཙམ་གླེང་འདོད་མེད་ན་ང་ལ་གཡུ་བྱུར་རྩྭ་ཐང་གང་ན་ཡོད་པ་དང་། དེ་རུ་མཐར་གཏུགས་ན་དོན་དག་ཅི་ཞིག་བྱུང་བ་སོགས་དེ་ཙམ་ཤེས་འདོད་ཆེ་སྟེ། དེ་ནི་ཆུང་དུས་ཁྱིམ་མི་ཚོས་ང་ལ་ཆང་ཅི་ཙམ་འཐུང་དུ་མ་བཅུག་ན་ང་ལ་དེ་ཙམ་འཐུང་འདོད་སྐྱེས་པ་དང་གཉིས་སུ་མ་མཆིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1