གཙོ་ངོས།>> གླིང་སྒྲུང་།>>དཔྱད་རྩོམ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། གཅོད་པ་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༡༧ཉིན།

༄༅།། རང་རྒྱལ་གྱི་ཆེས་རིང་བའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་གསུམ་རོབ་ཙམ་གླེང་བ།

གཅོད་པ་དོན་གྲུབ།
          བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་། སོག་རིགས་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་《ཅིང་གར་》 ཁོར་ཁེ་ཙི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་《མཱ་ན་སི་》བཅས་ནི་རང་རྒྱལ་གྱི་མི་རིགས་ལོ་རྒྱུས་བརྗོད་པའི་སྙན་རྩོམ་གྱི་སྐྱེད་ཚལ་ཡངས་པའི་ནང་ཆེས་རིང་ལ་ཆེས་མཆོག་ཏུ་གྱུར་པའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་གསུམ་ལགས་སོ། །ཞེས་པའི་མཚན་བཟང་ཀུན་གྱི་ཐོས་འཛིན་དབང་བོའི་ལམ་དུ་ཞུགས་ཡོད། ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་འདི་གསུམ་ནི་གླེགས་བམ་མང་ལ་ནང་དོན་ཕུན་སུམ་ཚོགས་ཤིང་། སྒྲིག་གཞི་རྒྱ་ཆེ་ཞིང་མི་སྣ་ཤིན་ཏུ་མང་བ་ཞིག་དང་།  སོ་སོར་མི་རིགས་རང་གི་ཁྱད་ཆོས་ལྡན་པ་དང་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས།  དམག་དོན།  ཆོས་ལུགས། དམངས་སྲོལ། དངོས་ཡོད་ཀྱི་འཚོ་བ། བསམ་པའི་ཁྱེར་ཕྱོགས། མངོན་པར་མཐོ་བའི་ཕུགས་འདུན་བཅས་གཏིང་ཟབ་པ་ཞིག་གོ །ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་འདི་གསུམ་ནི་རང་རྒྱལ་གྱི་རིག་གནས་བང་མཛོད་ཁྲོད་ཀྱི་ཁྱད་དུ་འཕགས་པའི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཡིན་པར་མ་ཟད།  གནའ་བོའི་ཞི་ལཱའི་ཧུའུ་མའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་སྟེ་《ཡེ་ལེ་ཡཱ་ཐེ་》དང་རྒྱ་གར་གྱི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་《མ་ཧཱ་བྷ་ར་ཏ་》དང་མཚུངས་པར་འཛམ་གླིང་རིག་གནས་བང་མཛོད་ཁྲོད་ཀྱི་འོད་ཟེར་རྣམ་པར་འཕྲོ་བའི་རིན་པོ་ཆེ་ཞིག་ཀྱང་ལགས།  འདི་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱིས་མིའི་རིགས་ཀྱི་སྔོན་ཐོན་ལ་བསྐྲུན་པའི་ལེགས་སྐྱེས་བླ་ན་མ་མཆིས་པ་ཞིག་ཡིན་ནོ། །  
          ལོ་རྒྱུས་བརྗོད་པའི་སྙན་རྩོམ་འདི་གསུམ་ས་ཁུལ་དང་མི་རིགས་མི་འདྲ་བའི་ཁྲོད་དུ་རང་སོ་སོའི་སྐད་དང་ཡི་གེ་བཀོལ་ནས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་མཆིས་པས། མི་རིགས་དེ་དག་གི་མི་དམངས་མང་ཚོགས་ཀུན་གྱིས་སྔར་བཞིན་དགའ་བསུ་ཆེན་པོ་བྱེད་དང་བྱེད་བཞིན་ཡོད།  ལོ་རྒྱུས་བརྗོད་པའི་སྙན་རྩོམ་འདི་གསུམ་གྱི་བརྗོད་བྱའི་དོན་དང་དར་ཁྱབ་ཏུ་འགྲོ་བའི་རྣམ་པ།  སྐད་རིགས་ཀྱི་ཁྱད་ཆོས་བཅས་ཀྱི་ཕྱོགས་སུའང་རང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་རེད།  འདིར་ཁོ་བོས་རང་རྒྱལ་གྱི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་ཆེས་རིང་པོ་འདི་གསུམ་ལ་རང་རེའི་མི་རིགས་ཀྱིས་རྒྱུས་ལོན་གསལ་བོ་ཞིག་ཡོང་བ་དང་།དེར་བརྟེན་ནས་རིག་གནས་བརྗེ་རེས་ཀྱི་བྱ་བར་ཡར་སྐུལ་བྱེད་ཆེད། གཤམ་དུ་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་འདི་གསུམ་རེ་རེ་བྱས་ནས་རགས་ཙམ་གླེང་བར་བྱའོ། །      
          དང་པོ། 《གླིང་གེ་སར་རྒྱལ་པོའི་སྒྲུང་།》  
          བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་དར་ཁྱབ་ཀྱི་དུས་ཡུན་རིང་ཞིང་རྒྱ་ཁྱོན་ཆེ་བ་དང་། བརྗོད་བྱའི་དོན་རྣམ་པར་རྒྱས་ཤིང་སྒྲིག་གཞི་རྒྱ་ཆེ་བ་ཞིག་ཡིན་སྟབས། འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་གྱི་གསེར་ཞྭའི་མགོའི་ཏོག་ལྟ་བུར་གྱུར་ཡོད། རྒྱུ་མཚན་ནི་སྐད་གྲགས་ཅན་གྱི་ཧུའུ་མའི་ལོ་རྒྱུས་སྙན་རྩོམ་《ཡེ་ལེ་ཡཱ་ཐེ་》ལ་ཆ་མཚོན་ན། སྙན་ངག་གི་རྐང་པ་5693དང་།  རྒྱ་གར་གྱི་《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་》ལ་སྙན་ངག་གི་རྐང་པ24000ཡོད་པ། ཤིན་ཏུ་རིང་བའི་རྒྱ་གར་གྱི་《མ་ཧཱ་བྷ་ར་ཏ་》ལ་མཚོན་ནའང་སྙན་ངག་གི་རྐང་པ་ཉིས་འབུམ་ལས་མེད་ཅིང་། རང་རེའི་གླིང་གེ་སར་སྒྲུང་ལ་མཚོན་ན། སྒྲུང་དཔེ་ཉིས་བརྒྱ་ལྷག་ཡོད་ལ། གལ་སྲིད་སྒྲུང་དཔེ་རེ་རེར་ཆ་སྙོམས་སུ་སྙན་ངག་རྐང་པ5000ལྟར་བརྩིས་ནའང། སྤྱི་བསྡོམས་པས་སྙན་ངག་གི་རྐང་པ་ས་ཡ་གཅིག་ཡས་མས་སུ་སླེབས་ཐུབ། དེར་མ་ཟད་ད་དུང་གླིང་སྒྲུང་ནི་ལོ་རྒྱུས་སྟེང་དར་ཁྱབ་ཀྱི་རྒྱ་ཁྱོན་ཡང་ཤིན་ཏུ་ཆེ་བ་སྟེ། དཔེར་ན་ད་ལྟ་རང་རེའི་ཀྲུང་གོའི་ཁོངས་གཏོགས་ཀྱི་བོད་རིགས་དང་སོག་རིགས། ཧོར་རིགས། འཇང་རིགས། ཕུའུ་སྨི་རིགས། ཡུས་ཀུའུ་རིགས་སོགས་ཀྱི་ས་ཁུལ་དུ་ཁྱབ་དང་ཁྱབ་བཞིན་ཡོད་པ་དང་། མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། ཨུ་རུ་སུའི་པུའུ་ལེ་ཡ་ཐེ་ས་ཁུལ། ཇོ་མོ་གླང་མའི་ལྷོ་འགྲམ་གྱི་རྒྱ་གར། ནེ་པ་ལ། ཕ་ཁི་སི་ཐན། འབྲུག་ཡུལ། འབྲས་ལྗོངས་བཅས་རྒྱལ་ཁབ་མང་པོར་ཡང་དར་ཁྱབ་ཅུང་ཆེ་བ་ལྟ་བུའོ།  །གླིང་སྒྲུང་འདིའི་བརྗོད་བྱའི་དོན་གྱི་ཐད་དུ་བལྟས་ན་ཡང་གནའ་རབས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་ཅུང་ཡོངས་ཁྱབ་ཏུ་མཚོན་ཡོད་ལ། ད་དུང་ཡུན་རིང་གི་དར་ཁྱབ་ཀྱི་བརྒྱུད་རིམ་ནང་དུ་དུས་རབས་སོ་སོའི་རིག་གནས་དང་ལོ་རྒྱུས་སྣ་ཚོགས་སྡུད་ལེན་ཡང་བསམ་གྱིས་མི་ཁྱབ་པ་བྱས་ཡོད་པར་བརྟེན། འདི་ནི་བོད་རིགས་ཀྱི་ལོ་རྒྱུས་དང་ཆོས་ལུགས། རིག་གནས། སྐད་ཆ། དམངས་སྲོལ་བཅས་འདུས་པའི་ཀུན་འཛོམས་གླེགས་བམ་བླ་ན་མ་མཆིས་པ་ཞིག་གོ།   
          ངེད་ཅག་གིས་ལོ་འགའི་སྔོན་ལ་སྒྲུང་གྲངས་ཡང་སྙིང་ག་ཚོད་ཡོད་པར་བསྡོམས་རྩིས་བྱས་པ་ལྟར་ན། བཅིངས་འགྲོལ་བྱས་པའི་ཚུན་ལ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་སུ་འཚོལ་སྡུད་བྱས་པའི་སྒྲུང་དཔེ་ལག་བྲིས་མ་དང་ཤིང་པར་མ་བསྡོམས་པས289ལྷག་ལ་སླེབས།  དེ་དག་ལས་བསྐྱར་སྒྲུང་ཕུད་རྗེས་ཡིག་ཐོག་ཏུ་གཏན་ཁེལ་བྱས་པར་ཡང་སྣ་ཁ200ལྷག་ཡོད་པ་རེད། གལ་ཏེ་སྒྲུང་དཔེ་རེ་རེར་ཡིག་འབྲུ་ཉིས་འབུམ་དུ་བརྩིས་ན། སྤྱི་བསྡོམས་པས་ཡིག་འབྲུ་ས་ཡ་བཞིའི་ཡན་ལ་སླེབས་འདུག གཞན་ཡང་སྒྲུང་པ་ཚོས་བཤད་ཤེས་པ་དང་འབྲི་ཤེས་པའི་སྒྲུང་དཔེ་སྟེ། མཚོ་སྔོན་གྱི་སྒྲུང་པ་སྐད་གྲགས་ཅན་ཚེ་རིང་དབང་འདུས་ཀྱིས་སྒྲུང་སྣ120བཤད་ཤེས་པ་དང་།  གུ་རུ་རྒྱལ་མཚན་གྱིས་སྒྲུང་སྣ120འབྲི་ཤེས་པ།  བོད་ལྗོངས་ཀྱི་གཡུ་སྨན་གྱིས་རྫོང་ཆེན་8དང་རྫོང་ཆུང48བཤད་ཤེས་པ། སྒྲུང་པ་རྒན་པ་གྲགས་པས་སྒྲུང་སྣ42བཤད་ཤེས་ལ། སྒྲུང་པ་དེ་དག་གིས་བཤད་པ་ལྟར་ན་ཁོ་ཚོས་བཤད་པའི་སྒྲུང་ཕལ་ཆེར་ལོ་རྒྱུས་སྟེང་ཁྱབ་མ་མྱོང་བའི་གསར་བ་ཡིན་ཟེར་བས། གལ་སྲིད་ང་ཚོས་སྒྲུང་མཁན་དེ་དག་གི་སྒྲུང་གྲངས་རྣམས་ཀྱང་བརྩིས་པས་ན། སྒྲུང་དཔེ་ཁོ་ན་ལྔ་བརྒྱ་ཡན་ལ་སླེབས་ངེས་རེད། དེའི་ཕྱིར་བོད་གངས་ཅན་གྱི་གླིང་གེ་སར་སྒྲུང་འདི་བཤད་ནས་རྫོགས་རྒྱུ་མེད་པ་ཞིག་དང་བྲིས་ནས་ཚར་རྒྱུ་མེད་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་ཞིག་གོ །  
          ངེད་ཅག་གི་གེ་སར་སྒྲུང་གི་འཚོལ་སྡུད་དང་དག་སྒྲིག ཡིག་སྒྱུར། པར་སྐྲུན།  ཞིབ་འཇུག་བཅས་ཀྱི་བྱ་བ་ནི་ཀྲུང་གོ་གསར་བ་བཙུགས་རྗེས་ད་གཟོད་དངོས་སུ་འགོ་བརྩམས་པ་ཡིན་ལ། ལོ་རབས་ལྔ་བཅུ་བའི་མཇུག་དང་ལོ་རབས་དྲུག་ཅུ་བའི་འགོ་ནས་བཟུང་སྔ་གཞུག་ཏུ་ཐེངས་གང་མང་ལ་རྒྱ་ཁྱོན་ཅུང་ཆེ་བའི་སྒོ་ནས་འཚོལ་སྡུད་དང་མྱུར་སྐྱོབ་དག་སྒྲིག་བཅས་ཀྱི་བྱ་བ་སྒྲུབ་པ་བརྒྱུད་ནས་ཐུན་མོང་མ་ཡིན་པའི་རིན་པོ་ཆེ་སྟེ་གེ་སར་སྒྲུང་ལ་མངོན་པར་མཐོ་བའི་གོ་གནས་ཐོབ།  ཁྱད་པར་དུ་ལོ་རབས་བརྒྱད་ཅུ་བ་ནས་བཟུང་།  སྔ་གཞུག་ཏུ་འབྲེལ་ཡོད་ཞིང་ཆེན་དང་ལྗོངས་ཀྱི་དུས་དེབ་དང་ཚགས་པར་སྟེང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་གེ་སར་སྒྲུང་གི་ལེའུའི་ཚན་པ་བཀོད་པ་དང་། དུས་མཚུངས་སུ་མཚི་སྔོན་ཞིང་ཆེན་དང་ཀན་ལྷོའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་བོད་སྐད་ཀྱིས་གེ་སར་སྒྲུང་བཤད་པར་མ་ཟད། ད་དུང་མང་ཚོགས་རང་བཞིན་གྱི་གེ་སར་སྒྲུང་བཤད་པ་དང་འཁྲབ་སྟོན་བྱེད་པ་བཅས་ཀྱི་བྱ་འགུལ་རྒྱ་ཆེན་པོ་སྤེལ་བ་དང་།  ཞིང་ཆེན་དང་ལྗོངས་འགའི་ཆེད་ལས་རིག་རྩལ་སྡེ་ཁག་གིས་ཀྱང་གེ་སར་སྒྲུང་གི་ནང་དོན་ལྟར་བསྒྲིགས་པའི་རྩེད་མོ་འཁྲབ་སྟོན་མི་ཉུང་བ་བགྱིས་ཏེ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཧུར་པོར་བཏང་བར་བསྟུན་ནས་གེ་སར་སྒྲུང་གི་བྱ་བར་ཡང་སྐུལ་འདེད་ལེགས་པོ་གནང་།   
          དེར་མ་ཟད་ད་དུང་སྒྲུང་པ་སྐད་གྲགས་ཅན་གྲགས་པ་དང་གཡུ་སྨན།  བསམ་གྲུབ། ཚེ་རིང་དབང་འདུས། གུ་རུ་རྒྱལ་མཚན། ཟླ་བ་གྲགས་པ། ཚེ་རིང་བསོད་ནམས་བཅས་སྒྲུང་པ་བརྒྱ་ལྷག་ཀྱང་སྐབས་འདིར་གསར་དུ་རྙེད་པ་ཡིན་ལ། ངེད་ཅག་གིས་ཐེངས་འགར་ཁོང་རྣམས་རྩ་འཛུགས་བྱས་ཏེ་སྒྲུང་བཤད་ཚོགས་འདུ་བསྡུས་ཤིང་། ཁོང་ཚོས་བཤད་པའི་སྒྲུང་རྣམས་སྒྲར་ཕབ་པ་དང་ཟིན་ཐོར་འགོད་པ། དག་སྒྲིག་པར་སྐྲུན་བྱེད་པ་བཅས་ཀྱིས་བྱ་བ་འདིར་མཐོང་ཆེན་བྱས་པ་ལས་གཞན་ཁོང་རྣམས་ཀྱི་འཚོ་བའི་ཐད་དུ་ཡང་བཀོད་སྒྲིག་ལེགས་པོ་བྱས་པ་ཡིན།   
          སྤྱིར་རིག་གནས་གསར་བརྗེའི་སྐབས་སུ། ངེད་ཅག་གི་གེ་སར་སྒྲུང་མང་པོ་རྨེག་མེད་དུ་བཏང་ཡང་། ཕྱིས་སུ་འཁྲུལ་མེད་ལམ་ཕྱོགས་གསར་བས་ཁྲིད་སྟོན་གནང་བར་བརྟེན། ང་ཚོའི་གེ་སར་སྒྲུང་གི་འཚོལ་སྡུད་དང་དག་སྒྲིག ཡིག་སྒྱུར།  པར་སྐྲུན་བཅས་ཀྱི་བྱ་བར་སྔར་ལས་འཕེལ་རྒྱས་ལེགས་པོ་བྱུང་།   ད་ལྟ་རྒྱལ་ཡོངས་སུ་དག་སྒྲིག་པར་སྐྲུན་བྱས་པའི་བོད་ཡིག་གི་སྒྲུང་དཔེ80ལྷག་ལ་སླེབས་པ་དང་།  རྒྱ་སྒྱུར་མ20ལྷག་ལ་སླེབས་ཡོད།  དེར་མ་ཟད་ད་དུང་སྙན་རྩོམ་དང་འབྲེལ་བ་ཡོད་པའི་དཔེ་དེབ་རིགས་མི་འདྲ་བ་ཡང་ཉིས་བརྒྱ་ཡན་ལ་སླེབས་འདུག  
          དུས་མཚུངས་སུ་གེ་སར་སྒྲུང་གི་བྱ་བར་ཡོངས་ཁྱབ་ཏུ་འཕེལ་རྒྱས་གསར་བ་བྱུང་ཞིང་། བོད་རྒྱ་མཁས་པ་བགྲེས་གཞོན་མང་པོས་བྲིས་པའི་དཔྱད་རྩོམ200ལྷག་ལ་བུད་པར་མ་ཟད། རྒྱུ་སྤུས་ཀྱང་སྔར་ལས་ཇེ་ལེགས་སུ་སོང་ཡོད།  སྔ་གཞུག་ཏུ་སི་ཁྲོན་ཁྲིན་ཏུའུ་དང་བོད་ལྗོངས་ལྷ་ས།  ནང་སོག་དང་ཀན་སུའུ་ལན་ཀྲུ།   མཚོ་སྔོན་ཟི་ལིང་བཅས་སུ་ཐེངས་དྲུག་ལ་རྒྱལ་སྤྱིའི་གེ་སར་སྒྲུང་གི་རིག་གཞུང་གྲོས་ཚོགས་བསྡུས་ཤིང་།  གོམ་གང་མདུན་སྤོས་སྒོས་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཞིབ་འཇུག་མི་སྣ་སྐྱེད་སྲིང་བྱས་ཏེ། ཞིབ་འཇུག་གི་ཆུ་སྐྱེས་མེ་ཏོག་འཛམ་གླིང་ཡོངས་སུ་རྣམ་པར་བཞད་པའི་སྐལ་བཟང་གི་དུས་ལ་རོལ་བཞིན་པའོ། །
          གཉིས་པ། 《ཅིང་གར།》
          སོག་རིགས་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་《ཅིང་གར་》ནི་བརྗོད་བྱའི་དོན་རྒྱ་ཆེ་ཞིང་རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པ་ཞིག་ཡིན། བགྲང་བྱ་བརྒྱ་ཕྲག་དུ་མའི་རིང་ལ་སྙན་རྩོམ་རིང་པོ་འདི་སོག་རིགས་མི་དམངས་ཀྱི་ཁྲོད་དུ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་རྒྱས་སུ་སོང་བ་དང་འགྲོ་བཞིན་ཡོད་ཅིང་། འདིས་སོག་པོའི་བེ་ལཱ་ཐེ་《卫拉特》ས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་དང་སྤྱི་ཚོགས་འཚོ་བ།  མི་དམངས་ཀྱི་སེམས་ཁམས་བཅས་གཏིང་ཟབ་པའི་སྒོ་ནས་མཚོན་པར་བྱས་པར་མ་ཟད། ལོ་རྒྱུས་སྙན་རྩོམ་རིང་པོ་འདིའི་ཡིག་འབྲུ་རེ་རེ་དང་ཚིག་རྐང་རེ་རེ་ལས་སོག་རིགས་མི་དམངས་ཀྱི་ལོ་རྒྱུས་དང་ཆོས་ལུགས། གོམས་སྲོལ། རིག་གནས། འཇིག་རྟེན་ལྟ་ཚུལ་བཅས་ཀྱང་གསལ་ལེར་མངོན་ཡོད།   
          《ཅིང་གར་》ཞེས་པ་འདི་ནི་ལོ་རྒྱུས་སྙན་རྩོམ་རིང་པོ་འདིའི་ནང་གི་མི་སྣ་གཙོ་བོ་དཔའ་རྒོད་ཅིང་གར་ཞེས་པའི་མིང་ལས་འབྱོར་བ་ལགས། ལོ་རྒྱུས་སྙན་རྩོམ་རིང་པོ་འདི་ནི་ཕལ་ཆེར་དུས་རབས15ནས17བར་དེར་སྐབས་དེའི་ནུབ་སོག་གམ་ཟི་བེ་ལཱ་ཐེ་བྱ་བའི་ས་ཁུལ་དུ་བྱུང་བ་རེད། བེ་ལཱ་ཐེ་ཞེས་པ་ནི་སོག་པོའི་གནའ་རབས་ཀྱི་ཚོ་བ་ཞིག་གི་མིང་ཡིན། དེའི་དོན་ནི་ནགས་ཚལ་གྱི་ཚོ་བའམ་ནགས་ཚལ་ཁྲོད་ཀྱི་བེ་སང་ཞེས་པའོ།  །དུས་རབས་13པའི་སྔོན་ལ་ཁོ་ཚོ་པེ་ཙར་མཚོའི་བྱང་ཕྱོགས་ཀྱི་ཨན་ཅ་ལཱའི་ཆུ་ཆེན་ས་ཁུལ་གྱི་ཆུ་བརྒྱད་བཞུར་འགྲམ་དུ་གཞི་ཆགས།   དུས་རབས11ནས13པའི་སྐབས་སུ་སོག་པོའི་ཚོ་བ་དེ་ནགས་ཚལ་ཚོ་བ་དང་རྩྭ་ཐང་གི་ཚོ་བ་གཉིས་སུ་གྱེས་ནས་འདུས་སྡོད་བྱེད་པའོ།   
          《ཅིང་གར་》ནི་གནའ་རབས་ཀྱི་ཞི་ལཱའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་ཇི་བཞིན་ཐོག་མཐའ་བར་གསུམ་དུ་མི་སྣ་གཙོ་བོ་གཅིག་དང་བརྗོད་བྱའི་ནང་དོན་གཅིག་ཁོ་ན་བཟུང་ནས་བརྗོད་པ་ཞིག་མིན་ཏེ།  དེར་ཅིང་གར་དང་ཧོང་གར་བཅས་དཔའ་བོའི་མི་སྣ་ལས་གྲུབ་པའི་གཏམ་རྒྱུད་བཅུ་ལྷག་ཅིག་མཆིས་ཤིང་། དེ་དག་རེ་རིའི་ནང་དོན་ཡང་ཕལ་ཆེར་ཆ་མཚུངས་ཡིན་ལ།  གཏམ་རྒྱུད་རེ་རེ་བཞིན《ཅིང་གར》གྱི་དམངས་ཁྲོད་སྒྲུང་པས་འཁྲབ་ལེན་བྱས་ཆོག《ཅིང་གར》ཆ་ཚང་ལས་གཏམ་རྒྱུད་ལ་ལ་དུས་ཚོད་ཐོག་དང་གཏམ་རྒྱུད་ཀྱི་གོ་རིམ་ཐོག་ཕན་ཚུན་བར་འབྲེལ་བ་ཅུང་ཟད་ཡོད་པ་འདྲ་ཡང་མང་ཆེ་ཤོས་ལ་འབྲེལ་བ་མེད། དེའི་ཕྱིར་གཏམ་རྒྱུད་དེ་དག་ལས་སྔོན་ལ་བྱུང་བའི་གཏམ་རྒྱུད་དང་རྗེས་སུ་བྱུང་བའི་གཏམ་རྒྱུད་གང་ཡིན་པའི་གོ་རིམ་དགར་དཀའ་མོར་འདུག་གོ།   
          《ཅིང་གར》དེ་དང་ཐོག་རང་རྒྱལ་གྱི་ཞིན་ཅང་ས་ཁུལ་གྱི་སོག་རིགས་མི་དམངས་ཀྱི་ཁྲོད་དུ་དར་ཁྱབ་བྱུང་བ་རེད།  ཕྱིས་སུ་རིམ་གྱིས་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དང་ཨུ་རུ་སུ།  མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སོག་རིགས་དམངས་ཁྲོད་དུ་དར་ཁྱབ་ཏུ་སོང་།   སྐབས་དེ་ནས་བཟུང་འཛམ་གླིང་སྤྱིའི་སྤྱོད་པའི་རིག་གནས་ཀྱི་ནོར་རྫས་ཤིག་ཏུ་གྱུར་པ་རེད།   
          《ཅིང་གར་》གྱི་འཚོལ་སྡུད་དང་པར་སྐྲུན་བྱ་བ་ནི་དུས་རབས19བ་ནས་བཟུང་འགོ་བརྩམས་པ་རེད།  སྐབས་དེར་གཙོ་བོ་ཨུ་རུ་སུ་དང་འཇར་མན་གྱི་མཁས་པ་ཚོར་འདི་ཕྱོགས་ཀྱི་སྤྲོ་བ་རྒྱས་ཏེ།  ཁོ་ཚོས་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་ཁེར་མེ་ཁེ《卡尔梅克》མིའི་ཁྲོད་དུ་དར་ཁྱབ་ཏུ་འགྲོ་བཞིན་པའི《ཅིང་གར་》གྱི་སྐོར་འཚོལ་སྡུད་བྱས་ཏེ།   འགྲེལ་བཤད་དང་མཆན་འགྲེལ་བཏགས་ནས་པར་སྐྲུན་གནང་།   རང་རྒྱལ་གྱི་《ཅིང་གར་》འཚོལ་སྡུད་དང་ཟིན་བྲིས་འགོད་པའི་བྱ་བ1978ལོར་དངོས་སུ་འགོ་བརྩམས་པ་ལགས། ལོ་འདི་དག་གི་རིང་ཐོ་པ་ཏུའུ་མཱ་དང་པ་ཡན་ཧུའུ་ཞི་ཀུའུ་གཉིས་ཀྱིས་ཞིན་ཅང་ཐེན་ཧྲན་རི་བོའི་ལྷོ་བྱང་གི་རྫོང་བཅུ་གཉིས་ཀྱི་སོག་རིགས་འདུས་སྡོད་ས་ཁུལ་དུ་ཟླ་ལྔ་ལྷག་ལ་བརྟག་དཔྱོད་བྱས་ཏེ་ཟིན་བྲིས་སུ་བཀོད་པའི་《ཅིང་གར་》ཁག15དེ།  ཞིན་ཅང་མི་དམངས་དཔེ་སྐྲུན་ཁང་དུ་ཐོ་ཐེ་ཡིག་རིགས《托特文》ཀྱིས་པར་སྐྲུན་བྱས་པ་དང་།   1982ལོ་མཁར་སྔོན་པོའི་ནང་སོག་མི་དམངས་དཔེ་སྐྲུན་ཁང་དུ་སོག་ཡིག་གིས་པར་སྐྲུན་བྱས། 1986ལོའི་ཚུན་ལ་མ་ཡིག་སྣ་ཁ་མི་འདྲ་བ་གསུམ་སྟེ་བསྡོམས་པས་གླེགས་བམ་ཁག86པར་སྐྲུན་བྱས་ཡོད་ཅིང་། དེར་སྙན་ངག་གི་རྐང་པ་བསྡོམས་པས་ཆིག་འབུམ་ཆིག་ཁྲི་ལ་སླེབས་འདུག  གླེགས་བམ་ཁག86དེའི་ནང་ནས་བསྐྱར་པར21ཡོད་པ་ཕྲིས་ན་ཤུལ་དུ་ད་དུང་65ལྷག་ཡོད་པའོ། །  
          སྒྲུང་པ་ནི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་《ཅིང་གར་》གྱི་གསར་གཏོད་པ་དང་རྒྱུན་འཛིན་པ་ཡིན། མིག་སྔར་རྒྱལ་ཁབ་ཕྱི་ནང་དུ་འཚོལ་སྡུད་བྱས་པའི་སྣ་ཁ་མི་གཅིག་པའི་གཏམ་རྒྱུད་བཅུ་དང་བསྐྱར་ཡིག་ཏུ་ཕལ་ཆེར་སྣ་ཁ200ལ་སླེབས་པ་འདི་ཐམས་ཅད་《ཅིང་གར་》གྱི་སྒྲུང་པ་རྣམས་ལ་བརྟེན་ནས་ཡོང་བ་གདོན་མི་ཟ་ཞིང་། ཁོ་ཚོར་བརྟེན་ནས་《ཅིང་གར་》གྱི་གཏམ་རྒྱུད་འདི་དུས་རབས་ནས་དུས་རབས་དང་མི་རབས་ནས་མི་རབས་བར་ལ་ཁྱབ་བཞིན་མཆིས་སོ། །  
          ལོ་རྒྱུས་ཀྱི་སྙན་རྩོམ་རིང་པོ་《ཅིང་གར་》འཚོལ་སྡུད་དང་དག་སྒྲིག   པར་སྐྲུན་བཅས་ཀྱི་བྱ་བ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།  《ཅིང་གར་》གྱི་ཞིབ་འཇུག་བྱ་བ་ཡང་རིམ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།  རྒྱལ་ཁབ་ཕྱི་ནང་གི་མཁས་པ་མི་ཉུང་བ་ཞིག་གིས་དཔྱད་གཏམ་རིན་ཐང་ཅན་མང་པོ་སྤེལ་ཏེ། སོག་པོའི་《ཅིང་གར་》གྱི་འབྱུང་ཁུངས་དང་ལོ་ཚིགས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་སྒྱུ་རྩལ།  དམངས་ཁྲོད་ཀྱི་སྒྲུང་པ་དང་དར་ཁྱབ་ཀྱི་ཁྱད་ཆོས་སོགས་ལ་དཔྱད་པ་གང་ལེགས་བཏང་ནས་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་འདེགས་བཞིན་འདུག་གོ།           
          གསུམ་པ། 《མཱ་ན་སི།》
          《མཱ་ན་སི་》ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་ཞིག་ལགས། དེར་ཕུན་སུམ་ཚོགས་པའི་ནང་དོན་དང་ཤིན་ཏུ་སྙན་པའི་རྗོད་བྱེད་ཚིག་གི་ཕྲེང་བ་ཡོད་པར་མ་ཟད། ད་དུང་རྣམ་པར་མཐོ་བའི་མཛེས་དཔྱོད་ཀྱི་རིན་ཐང་དང་ཤེས་རྟོགས་ཀྱི་རིན་ཐང་ཡང་མཆིས།  
          《མཱ་ན་སི་》ཞེས་པར་ཁོར་ཁེ་ཙི་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་གཞིར་བཟུང་ནས་ཁོར་ཁེ་ཙི་རིགས་ཀྱི་ལས་དབང་དང་མི་རིགས་ཀྱི་སྙིང་སྟོབས་ཞིབ་འབྲི་གནང་འདུག དེ་ནི་གནའ་རབས་ཀྱི་ཁོར་ཁེ་ཙི་མི་དམངས་ཀྱི་འཚོ་བ་དང་འཐབ་རྩོད་མཚོན་པའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ལ།  ལོ་རྒྱུས་སྙན་རྩོམ་འདིའི་ནང་དུ་ད་དུང་ཁོར་ཁེ་ཙི་རིགས་དང་ཚོ་བ་གཞན་པ་དང་མི་རིགས་གཞན་པའི་བར་གྱི་ཕན་ཚུན་འགྲོ་འོང་གི་ལོ་རྒྱུས་དང་།    ཁོར་ཁེ་ཙི་རིགས་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ། ཐོན་སྐྱེད་ཀྱི་བྱེད་སྟངས་བཅས་ཀྱང་མཚོན་ཡོད་དོ། ། 
          《མཱ་ན་སི་》ཡི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་ལ། ཁོར་ཁེ་ཙི་རིགས་གནས་པའི་ས་ཁུལ་ཡོད་ཚད་དུ་ལོ་རྒྱུས་སྙན་རྩོམ་འདི་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད།  རང་རྒྱལ་གྱི་ཞིན་ཅང་ས་ཁུལ་ནི་ཁོར་ཁེ་ཙི་རིགས་གནས་པའི་ས་ཁུལ་ཡིན་ཞིང་།1990ལོའི་མི་གྲངས་ཞིབ་བཤེར་ལྟར་ན།  རང་རྒྱལ་གྱི་ཁོར་ཁེ་ཙི་རིགས་ལ་མི་གྲངས་41549ཡོད་ཅིང་། དེའི་ནང་ལྷོ་མཚམས་《南疆》སུ་མི་ཁྲི10ཡོད་པ་དང་བྱང་མཚམས་《北疆》སུ་མི་གྲངས་ཕལ་ཆེར་2000ཡོད། ཞིན་ཅང་ལྷོ་ཕྱོགས་ཀྱི་ཁེ་ཙིའི་ལེ་སོ་ཁོར་ཁེ་ཙི་རང་སྐྱོང་ཁུལ་ནི་《མཱ་ན་སི་》དར་ཁྱབ་ཤིན་ཏུ་ཆེ་བའི་ས་ཁུལ་གཙོ་བོ་ཞིག་ཡིན་པ་ལས་གཞན་ད་དུང་ཞིན་ཅང་གི་བྱང་ཕྱོགས་ཀྱི་ཐེ་ཁེ་སི་རྩྭ་ཐང་དང་ཨ་ལེ་ཐེ་ས་ཁུལ་དུའང་ཁྱབ་བཞིན་མཆིས་ལ།  ཅི་ཨར་ཅི་སི་སི་ཐན་དང་། ཧ་ས་ཁེ་སི་ཐན། དེ་མིན་ཨ་ཧྥུ་ཧན། ཕ་ཁི་སི་ཐན་གྱི་བྱང་རྒྱུད་ས་ཁུལ་བཅས་སུ་ཡང་ཁྱབ་བཞིན་ཡོད་དོ། །   
          《མཱ་ན་སི་》ནི་གནའ་བོའི་ཞི་ལཱའི་ཧུའུ་མའི་ལོ་རྒྱུས་སྙན་རྩོམ་དང་།  ཡོ་རོབ་ས་ཁུལ་གྱི་དུས་རབས་བར་མའི་སྐབས་ཀྱི་ལོ་རྒྱུས་སྙན་རྩོམ་རྣམས་དང་མི་འདྲ་བར་དེ་ཚོའི་བར་ལ་ཁྱད་པར་ཡོད། 《མཱ་ན་སི་》ལ་མཚོན་ན་དམངས་ཁྲོད་ཀྱི་ངག་ཐོག་ཁོ་ནར་བརྟེན་ནས་བརྒྱུད་ཅིང་།  ད་ལྟའི་བར་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ཡོད་ལ། ཡུན་རིང་པོའི་འཕེལ་རྒྱས་ཀྱི་ཁྲོད་དུའང་འགྱུར་ལྡོག་མང་པོ་བྱུང་མྱོང་།  ད་ལྟའི་བསྐྱར་ཡིག་མང་པོ་ལས།  ཞིན་ཅང་ཨ་ཧུའུ་ཆི་རྫོང་གི་སྒྲུང་པ་རྒན་པ་མ་མ་དབྱིས་《玛玛依》ཀྱིས་བཤད་པའི་《མཱ་ན་སི་》ཁག་བརྒྱད་དེ་ཧ་ཅང་ཁ་ཚང་འཛོམས་པོ་ཞིག་ཡིན་པ་མཐོང་ཐུབ།  ཁོང་གིས་བཤད་པའི་སྒྲུང་དེ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ།  བསྡོམས་པས་སྙན་ངག་གི་རྐང་པ་འབུམ་གཉིས་ཡོད།  ཧུའུ་མའི་《ཡེ་ལེ་ཡཱ་ཐེ་》དང་བསྡུར་ན་ལྡབ་བཅུ་བཞི་ལས་མང་། ངག་སྒྲུང་དེའི་བརྗོད་བྱའི་དོན་ལ་ཡང་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཡོད་ཅིང་། གསོན་ཉམས་ལྡན་ལ་ཆ་ཚང་བའི་གཏམ་རྒྱུད་ཅིག་རེད། དེའི་ནང་ཞིབ་འབྲི་བྱས་པའི་མི་སྣ་བརྒྱ་ལྷག་ཡོད་པ་ཐམས་ཅད་ལ་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པ་དང་གཡུལ་ས་ཆེ་ཆུང་བཅུ་ཕྲག་མང་པོ་ཡོད་པ་རྣམས་ཞིབ་འབྲི་བྱས་པར་ཡང་ཡིད་འགུག་གི་ནུས་པ་ལྡན་ནོ།  །སྒྲུང་པ་མ་མ་དབྱིས་ཀྱིས་བཤད་པའི་སྒྱུ་རྩལ་གྱི་རིན་ཐང་མཐོ་བའི་《མཱ་ན་སི་》ཁག་བརྒྱད་དེ1979ལོ་ཁ་ཚང་དུ་ཟིན་བྲིས་སུ་བཀོད་པ་ཡིན་ཞིང་། དེས་《མཱ་ན་སི་》ཡིག་ཐོག་ཏུ་གཏན་ཁེལ་བྱེད་པའི་བྱ་བ་དེ་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་མཇུག་གྲུབ་པ་མཚོན་ནོ། །  
          《མཱ་ན་སི་》བྱུང་བའི་དུས་རབས་སྐོར་ལ་མིག་སྔར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོར་བཞེད་པ་མི་མཐུན་པ་མང་པོ་མཆིས་ནའང་། སྤྱི་བསྡོམས་བྱས་ན་གཤམ་གྱི་ལྟ་བ་བཞི་སྟེ། དེ་ཡང་ཁ་ཅིག་གིས་དུས་རབས་དགུ་བར་བྱུང་བར་འདོད་པ་དང་། ཁ་ཅིག་གིས་ཇུན་གར་རྒྱལ་པོའི་སྐབས་སུ་བྱུང་བར་འདོད་པ།  ཡང་ཁ་ཅིག་གིས་དུས་རབས་16ནས་17པའི་བར་ལ་བྱུང་བར་འདོད་ཅིང་། སྐོར་ཞིག་གིས་དུས་རབས་10བ་ནས་16པའི་སྐབས་སུ་བྱུང་བར་འདོད་པ་དེའོ། །གང་ལྟར་ཀྱང་ད་ལྟའི་རང་རྒྱལ་གྱི་མཁས་པ་མང་ཤས་ཤིག་གིས་མཇུག་མཐའི་ལྟ་བར་འདོད་པའི་དཔྱད་གཏམ་མང་པོ་བརྗོད་ཡོད། དེའི་རྒྱུ་མཚན་ཡང་《མཱ་ན་སི》ཡི་བརྗོད་བྱ་གཙོ་བོ་ནི། ཁོར་ཁེ་ཙིའི་མི་དམངས་ཀྱིས་ཁེ་ཐ་དབྱིས་《克塔依人》དང་ཁ་ལི་མཱ་ཁེ་མི《卡勒玛克人》ཡི་འཕྲོག་བཅོམ་དང་གཉའ་གནོན་ལ་འགོག་རྒོལ་བགྱིས་པའི་ལོ་རྒྱུས་ཡིན་ཞིང་།   དེ་ནི《མཱ་ན་སི་》ཡི་ལོ་རྒྱུས་ཀྱི་བརྗོད་བྱ་གྲུབ་པའི་རྨང་གཞི་ཡང་ཡིན་ལ། ཁེ་ཐ་དབྱིས་ཞེས་པ་གནའ་རབས་ཀྱི་ཆི་ཏན་《契丹》རྒྱལ་ཁབ་སྟེ་ལིའོ་《辽》ཞེས་པ་དང་གཅིག་མཚུངས་ཡིན་ཞིང་།  ལིའོ་ཡི་དར་རྒུད་ལ་མཚོན་ན་དུས་རབས་10བ་ནས་13པའི་དུས་མགོ་ཡིན་པ་དང་།  ཁོར་ཁེ་ཙི་དང་ཁ་ལི་མཱ་ཁེ་མིའི་བར་གྱི་གཡུལ་འགྱེད་ཛ་དྲག་ཆེ་བའི་སྐབས་ཀྱང་དུས་རབས་15བའི་དཀྱིལ་ཡིན། དུས་རབས་16པའི་དུས་མགོར་ཁོར་ཁེ་ཙིའི་མི་གཙོ་བྱས་པའི་མིན་བོའུ་སི་ཐན་གྱི་དམག་དཔུང་གིས་མི་ཅི་ཧྲ་《莫吉沙》དང་ཁི་ཧྲི་ཀུར《喀什噶尔》ཡི་ཨར་ཆང་《叶尔羌》སོགས་ས་ཁུལ་བཙན་བཟུང་བྱས། སྐབས་དེའི་གཡུལ་འགྱེད་ནང་ཁོར་ཁེ་ཙིའི་མི་དང་ཧ་ས་ཁེ་མཉམ་འབྲེལ་བྱས་ཏེ་སོག་མིར་ཕར་རྒོལ་བྱས་པ་རེད།  འདི་དག་ཚང་མ་《མཱ་ན་སི་》ཡི་ནང་དུ་བརྗོད་པའི་ནང་དོན་དང་ཤིན་ཏུ་མཚུངས།  དེ་མིན་ད་དུང་ལོ་རྒྱུས་སྙན་རྩོམ་དུ་བྱུང་བའི་མི་སྣ་མང་ཆེ་ཤོས་ཀྱི་རུས་མིང་ཡང་དབྱི་སི་ལན་ཆོས་ལུགས་སུ་མ་གྱུར་པའི་སྔོན་གྱི་ཁོར་ཁེ་ཅིའི་མིའི་རུས་མིང་དང་མཚུངས། ཁོར་ཁེ་ཙིའི་མིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པ་ནི་དུས་རབས་17པའི་རྗེས་ཡིན་པས་ན། ལོ་རྒྱུས་སྙན་རྩོམ་འདི་གྲུབ་པའི་དུས་ཚད་ཀྱང་དུས་རབས་16པ་ལས་བརྒལ་མི་ཐུབ་པ་ཁ་ཚོན་བཅད་དེ་སྨྲས་ཆོག དེའི་ཕྱིར་《མཱ་ན་སི་》བྱུང་བའི་དུས་ཚོད་ནི་ཁོར་ཁེ་ཙིའི་མི་ཧྲི་ཧྲན་《矢山》ས་ཁུལ་དུ་སྤོར་རྗེས་དང་།  དབྱི་སི་ལན་ཆོས་ལུགས་སུ་མ་གྱུར་པའི་སྔོན་ཏེ།  དུས་རབས10བ་ནས་16པའི་བར་ཡིན་པའི་སྡོམ་ཚིག་བཞག་ཆོག་པས་སོ། །  
          སྒྲུང་གཏམ་ལས་བྱུང་བའི་མཱ་ན་སི་ནི་ལྷ་སྒྲུང་གི་མི་སྣ་ཞིག་མིན་པར། ཁོང་ནི་འཚོ་བ་དངོས་ལས་བྱུང་བའི་ཤ་ཁྲག་གཉིས་ལྡན་གྱི་མི་ཞིག་ཡིན་པར་མ་ཟད།མང་ཚོགས་སྣ་འདྲེན་བྱས་ཏེ་སོག་མི་དང་ཁ་ལི་མཱ་ཁེ་མིར་ཁྲག་དྲི་བྲོ་བའི་དམར་འཛིང་བྱེད་པའི་མཉམ་འབྲེལ་ཚོ་བའི་འགོ་དཔོན་ཞིག་ཡིན་པ་ལས་གཞན། ད་དུང་བློ་རིག་རྒོད་ཅིང་དམག་རྩལ་ལ་མཁས་པའི་དཔའ་བོ་ཞིག་ཀྱང་ཡིན་ནོ། །ཁོང་གི་མཐའ་སྐོར་དུ་ནམ་ཡང་འབྲལ་མེད་དུ་གནས་པའི་དཔའ་ཆེན40ཡོད་པ་དེའི་གནས་ཚུལ་ལས། ལོ་རྒྱུས་ཀྱི་སྒྲུང་རྩོམ་འདི་ནི་དཔའ་རྒོད་མཱ་ན་སི་ཁོ་ན་ཞིབ་འབྲི་བྱས་པ་རྐྱང་རྐྱང་ཞིག་མིན་པར། སྟོབས་ཤུགས་ཉམས་པ་མེད་པའི་མཱ་ན་སིའི་དཔའ་བོའི་དཔུང་གི་ཚོགས་རྣམས་ཀྱང་ཞིབ་འབྲི་བྱས་ཡོད་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་བོ། །  
          བཅིངས་འགྲོལ་བྱས་རྗེས་རྒྱལ་ཁབ་ཀྱིས་《མཱ་ན་སི་》ཡི་འཚོལ་སྡུད་དང་དག་སྒྲིག ཡིག་སྒྱུར། ཞིབ་འཇུག་བཅས་ཀྱི་བྱ་བར་གཙིགས་འཛིན་བྱས་ཏེ། ལོ་རབས་དྲུག་ཅུའི་འགོར་རགས་རམ་གྱིས་ཞིབ་དཔྱོད་བྱས་ནས་《མཱ་ན་སི་》བཤད་པའི་སྒྲུང་པ70ལྷག་རྙེད་པ་དང་། དེའི་ནང་དུ་《མཱ་ན་སི་》ཁག་བདུན་བཤད་ཤེས་པ་དང་ཁག་བདུན་ཡན་བཤད་ཤེས་པའི་སྒྲུང་པ་གཉིས་གསར་དུ་བྱུང་། དེ་ལས་《མཱ་ན་སི་》ཡི་འཚོལ་སྡུད་དང་དག་སྒྲིག་ཡིག་སྒྱུར་བཅས་ཀྱི་བྱ་བའི་གོམས་སྟབས་ཇེ་མགྱོགས་སུ་སོང་ཞིང་གྲུབ་འབྲས་ཀྱང་མངོན་གསལ་ཐོན། ཁྱད་པར་དུ་སྐད་གྲགས་ཅན་གྱི་སྒྲུང་པ་མ་མ་དབྱིས་ཀྱིས་བཤད་པའི་དེབ་དང་པོ་སྟེ་《མཱ་ན་སི་》དང་དེབ་གཉིས་པ་སྟེ་《སེ་མེ་ཐེ་དབྱིས་》གཉིས་ཁོར་ཁེ་ཙི་རིགས་ཀྱི་ཡི་གེར་དངོས་སུ་པར་སྐྲུན་བྱས་རྗེས། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མི་ཉུང་བར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ལགས་སོ། །  
          སྤྱིར་གོང་དུ་སྨྲས་པའི་མི་རིགས་མི་འདྲ་བ་གསུམ་གྱི་སྒྲུང་ཁག་མི་འདྲ་བ་གསུམ་པོ་འདིར་དཔོག་དཀའ་བའི་བརྗོད་བྱའི་དོན་དང་ཕུན་སུམ་ཚོགས་པའི་རྗོད་བྱེད་ཀྱི་ཚིག་མཆིས་ན་ཡང་མཚམས་སྦྱོར་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་བགྱིད་པར་རྒྱུ་ཆ་དང་སྐད་རིགས་སོགས་ཀྱི་ཚོད་འཛིན་ཐེབས་པས་ན་འདི་ཙམ་གྱིས་མཇུག་སྡུད་དགོས་པ་བྱུང་ངོ་།   །ཡིན་ནའང་ཁོ་བོའི་རེ་བར་ཕྱིས་སུ་ངེད་ཅག་ཐམས་ཅད་ཀྱིས་རླབས་ཆེན་གྱི་སྒྲུང་ཁག་གསུམ་པོ་འདིར་ཞིབ་འཇུག་བྱས་ཏེ་མཚམས་སྦྱོར་ལེགས་པོ་དང་།  ལྷག་པར་དུ་ཕན་ཚུན་གྱི་ཡི་གེར་བསྒྱུར་ནས་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་གོ་ཐུབ་པར་བཏང་ནས། གོང་ནས་གོང་དུ་དར་རྒྱས་ཡར་ངོས་ཟླ་བཞིན་འཕེལ་བར་འབད་འབུངས་བྱེད་དགོས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1