རྒྱ་གྲམ་དྲ་བའི་གཞུང་ལམ་གྱིས། དམངས་ཀྱི་འཚོ་བ་དགུང་ལ་བཏེགས།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-17


        བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་། ཁྲོན་བོད་གཞུང་ལམ་ནས་འགོ་བརྩམས་ཏེ་དེང་དུས་སི་ཁྲོན་བོད་ཁུལ་གྱི་འགྲིམ་འགྲུལ་ལ་གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་བྱུང་ལ། ངོ་མཚར་འབུམ་གྱིས་ཕྱུག་པའི་བགྲོད་ལམ་དེས་བོད་རིགས་མང་ཚོགས་ཀྱི་འཚོ་བ་ལ་འགྱུར་ལྡོག་གང་ལེགས་བཏང་སྟེ། སི་ཁྲོན་བོད་ཁུལ་གྱི་ས་གསུམ་གཅིག་ཏུ་སྦྲེལ་བའི་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ངང་འགྲུབ་ལ་ཉེ། སྤྱི་ལོ་2017ལོའི་ཟླ་9པའི་ཚེས་26ཉིན། ཁྲོ་ལ་རི་བོའི་ཕུག་ལམ་ལས་དངོས་སུ་རླངས་འཁོར་ཤར་གཏོང་བྱས་ཤིང་། ལོ་ངོ་དུ་མའི་འགྲིམ་འགྲུལ་བཀག་རྡོ་དེ་རྩ་མེད་དུ་བཏང་། 2018ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད།  
        བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན། དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་ཁུལ་ཡོངས་ཀྱི་གཞུང་ལམ་གཙོ་བོའི་དྲ་རྒྱའི་མ་ལག་གཞི་རྩའི་ཐོག་ཆགས་ཡོད་པ་དང་། རོང་འབྲོག་མང་ཚོགས་ཕྱིར་འགྲིམ་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
        2017ལོའི་ཟླ་12པའི་ཚེས་31ཉིན། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་གཡག་རྔ་ནས་ལྕགས་ཟམ་ཁ་ལམ་མཚམས་སི་ཁྲོན་མྱུར་བགྲོད་གཞུང་ལམ་དྲ་བའི་ཚོད་ལྟའི་འཁོར་སྐྱོད་གྲས་སུ་བཞག་ཅིང་། དེ་ནས་བཟུང་དཀར་མཛེས་བོད་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་འགོད་ཅིང་། ཁྲེན་ཏུའུ་ནས་དར་མདོ་བར་དུས་ཚོད་4ཙམ་ལས་འགྲོ་མི་དགོས་ཤིང་། དཀར་མཛེས་བོད་ཁུལ་མྱུར་བགྲོད་གཞུང་ལམ་གྱི་འཕེལ་རྒྱས་དུས་རབས་སུ་སླེབས་པའོ། ། ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་མིག་སྔར་གྱི་འཆར་གཞི་ལྟར་ན་2018ལོའི་ལོ་མཇུག་ཚུན་དུ་ཤར་གཏོང་ལེགས་འགྲུབ་ཡོང་རྒྱུ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1