གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

འོམ་བུ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅།། དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག

འོམ་བུ། (ཛམ་ཐང་།)
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
རྡེའུ་དཀར་ནག་གཉིས་དང་འཁྲུལ་ནས་འོང་། །
སེམས་ཀྱི་བར་ནས་སྨ་ར་སྐྱེས་པ་ཡིས། །
མི་ཚེའི་དཔྱངས་ཟམ་སྒྱུ་མའི་མཁའ་ལ་ཟུག །
འདོད་པ་ཚ་བོ་རླུང་གི་རྟ་ལ་ཞོན། །
 
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
ང་དང་གཤིབས་ཤིང་ང་དང་མཉམ་དུ་ཉལ། །
སེམས་སུ་དྲན་པའི་གདུང་ཡུས་བན་བུན་འཐིབས། །
ཡང་ན་ཁོ་མོ་དྲན་པའི་ན་ཟུག་ཅིག །
ལྷོག་ལྷོག་གདུ་ཞིང་ང་རང་སྦྲིད་པར་བཏང་། །
 
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
རེ་འགར་མོག་ཅིང་སྐབས་རེར་གསལ་བ་ཡིས། །
ང་ལ་ན་ཟུག་བྱིན་ཅིང་འདོད་པ་བསླངས། །
རླུང་དང་རྩ་ཕྲན་དག་ཀྱང་སྦོས་པར་གྱུར། །
ལུས་དང་རྣམ་ཤེས་གཉིས་ཀྱང་ཁ་ཁར་གཏོང་། །
 
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
ག་ལེ་ག་ལེར་ལུས་ཀྱི་གསེང་དུ་ཞུགས། །
སྒྱུ་མའི་མིག་ལ་ཁྱེད་ཀྱི་བྱད་བཞིན་འཚེར། །
སྣང་བའི་ཁྲོད་དུ་ཁྱེད་རང་ཚུར་ཚུར་ཕེབས། །
ང་ཡིས་སྒེའུ་ཁུང་འགྲམ་ནས་ཙོག་པུར་སྒུག །
 
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
ཕྱེ་ལེབ་སྒེག་མོ་ཞིག་གི་ཚུལ་དུ་འཕུར། །
ཁོ་མོར་ལན་པ་མེད་ཅེས་བདེན་ཡུས་འཆད། །
གཤོག་པ་རྡེབ་བཞིན་མདུན་ཅོག་ངོས་སུ་འཕུར། །
གྲིབ་མའི་རྩེ་ནས་སྐྱོ་བའི་རིལ་བུ་འགྲིལ། །
 
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
ཀེ་རེར་འགྲེང་ཞིང་ཚོར་བས་སྦྲིད་རབས་གླེང་། །
ཆང་དམ་ཞིག་ལ་སྤྲོ་བ་ཡོད་ཚུལ་བཤད། །
གྲིབ་མའི་གསེང་ནས་རླངས་པ་འཕྱུར་བ་ཡིས། །
ཁོ་བོ་ར་རོར་གྱུར་ཅིང་སྣང་བ་སྦྲིད། །
 
དོ་དགོང་ང་ཡི་གམ་དུ་གྲིབ་མ་ཞིག །
བརྙན་ཡོལ་ཕག་གི་སྦས་མི་བཞིན་དུ་བྱུང་། །
གྱང་གི་སྲིབས་སུ་སྙན་ངག་ཀྱག་ཀྱོག་བྲིས། །
འཚོ་བའི་ཁྲོད་ནས་སྐྱོ་བའི་མར་ཁུ་བཞུར། །
སྐར་མའི་དབུས་ནས་དབུགས་ཀྱི་གྲངས་ཀ་ལེན། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1