སྔ་འགྱུར་རྙིང་མའི་གདན་ས། མདོ་ཁམས་གནས་མཆོག་དཔལ་ཡུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-19



སྔ་འགྱུར་རྙིང་མའི་གདན་ས། མདོ་ཁམས་གནས་མཆོག་དཔལ་ཡུལ།

    བཀྲ་ཤིས་དཔལ་འབར་བའི་ཡུལ་གྲུའི་རིམ་འགྱུར།

    དཔལ་ཡུལ་རྫོང་གི་གྲོང་ཁུལ་དུ་གྲལ་སྟར་འགྲིག་ཅིང་ཁྱད་ཆོས་ལྡན་པའི་ཁང་བརྩེགས་དང་གཞུང་ལམ་གཡས་གཡོན་གྱི་ལྗོན་ཤིང་གི་ལོ་འདབ་སེར་པོ་གྱུར་ནས་སྟོན་ཁའི་རྣམ་པ་མཚོན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་ལམ་དེ་ཁ་ཁུ་སིམ་པོའི་ངང་གནས་བཞིན་འདུག གྲོང་ཁུལ་བརྒྱུད་ནས་འབབ་པའི་དྭངས་ཞིང་གཙང་བའི་རྔུལ་ཆུ་ཡིས་དཔལ་ཡུལ་རྫོང་གི་གྲོང་ཁུལ་ལ་གསོན་ཤུགས་ཀྱི་ཟུངས་ཁྲག་དྲངས་པའི་རིགས་སུ་མཐུན།

སྐྱོར་སྒྲོམ་དཀར་པོ་དང་ཁོད་སྙོམས་པའི་རྐང་ལམ་ཕྲ་མོ། ཚོན་མདོག་རྣམ་པ་བཀྲ་བའི་མེ་ཏོག་སྣ་ཚོགས་ཀྱིས་གཟབ་མཆོར་སྤྲས་པའི་གྲོང་ཁྱེར་གྱི་ལྗང་མདོག་བར་ཁྱམས་དང་ཟམ་པ། ཆུ་བོའི་ངོགས་གཉིས་ཀྱི་འཛུགས་སྐྲུན་དངོས་པོའི་སྟེང་གི་གློག་ཕྲེང་སོགས་ནི་མཛེས་རྩལ་མཁན་པོའི་སོན་རྩེ་ནས་ཐོན་པའི་བརྩམས་ཆོས་ཇི་བཞིན་ཡུལ་སྐོར་བའི་མིག་དབང་འཕྲོག་པ་དང་གྲོང་མིའི་སེམས་ཁམས་ལ་བདེ་སྐྱིད་ཀྱི་ཐོབ་ཚོར་སྟེར་བ་རེད།

གེ་སར་རྒྱལ་པོའི་བཟོ་རྐོས་དང་ཧོར་སྤོའི་ལག་ཤེས་བཟོ་རྩལ། ཚྭ་ཆེན་སུམ་མདོའི་རང་བྱུང་སྐྱེ་ཁམས་ས་ཁུལ་གྱི་སྲོག་ཆགས་དང་རྩི་ཤིང་། དཔལ་ཡུལ་རྫོང་གི་ཞིང་འབྲོག་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ། དཔལ་ཡུལ་དུ་དམར་དམག་རྒྱང་སྐྱོད་བྱེད་པ་སོགས་ཀྱི་བཟོ་རྐོས་བཅས་ལ་གསོན་ཉམས་ཀྱིས་ཕྱུག  དེང་སང་དཔལ་འབར་རིག་གནས་སྤྲོ་སྐྱིད་ཐང་ཆེན་ནི་དཔལ་ཡུལ་རྫོང་གི་གྲོང་མིའི་ངལ་གསོ་དང་སྤྲོ་སྐྱིད་གཏོང་ས་བཟང་པོར་གྱུར་དང་འགྱུར་བཞིན་ཡོད་པ་རེད།

    2010ལོར་ང་རང་དཔལ་ཡུལ་རྫོང་དུ་ལས་གནས་བགོས་སྐབས། ཆེས་ཡག་ཤོས་ཀྱི་མགྲོན་ཁང་ནི་ས་ལིའུ་ལི་མགྲོན་ཁང་དེ་ལོ་རབས90པའི་སྐབས་སུ་ཁྲེང་ཏུའུ་ཡི་སྣེ་ལེན་ཁང་ཙམ་ཞིག་རེད། ལམ་སྒྲོམ་ཡང་ཐ་རེ་ཐོ་རེ་འགའ་མ་གཏོགས་མེད་ལ།  གློག་དང་ཆུ་ཆད་པ་ནི་ནམ་རྒྱུན་གྱི་ཆོས་ཉིད་དུ་གྱུར།  རྐང་ལམ་ཕྲ་མོ་མེད་པར་མ་ཟད་ལྗང་འགྱུར་གྱི་ལམ་ནི་དེ་བས་ཀྱང་མེད་པ་རེད། རྫོང་གི་གྲོང་ཁུལ་གྱི་གཞུང་ལམ་ནི་ཨར་འདམ་ལམ་ཐབས་ཆགས་ཤིག་རེད་ཅེས་དཔལ་ཡུལ་རྫོང་གི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཡུའེ་ཧྥེ་ཡིས་རང་ཉིད་ཀྱི་མྱོང་ཚོར་བཤད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་རིམ་སྤར་མཐོར་འདེགས་གཏོང་བའི་འཐབ་ཇུས་ཁྲོད། དཔལ་ཡུལ་རྫོང་གིས་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རི་ཆུའི་སྐྱེ་ཁམས་ཡུལ་སྐོར་གཙོ་བོར་བྱས་ཏེ། ལེགས་བསྡུས་དང་རིག་ནུས། ལྗང་མདོག ཐན་ཉུང་བཅས་ཀྱི་རྩ་བའི་བླང་བྱ་ལྟར། སྡོད་ཁང་སྐྱིད་པོ་དང་ལས་གཉེར་ཡག་པོ། ཡུལ་སྐོར་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུས་གཙོ་བོར་བྱས་ནས་བཀྲ་ཤིས་པའི་གནས་མཆོག་དང་དཔལ་འབར་བའི་གྲོང་ཁྱེར་འཛུགས་སྐྲུན་བྱས་པས་མ་ཚད། རྣམ་པ་འོས་འཚམ་དང་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས། གྲོང་ཁྱེར་དང་གྲོང་གསེབ་གཅིག་འདུས། ལས་ཆོད་མཐོན་པོ་བཅས་ཀྱི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་གང་ཐུབ་བྱས་པ་རེད།  ས་ཁོངས་ཡོངས་སུ་ཡུལ་སྐོར་ལས་རིགས་སྤེལ་རྒྱུའི་བླང་བྱ་ལྟར། གྲོང་ཁྱེར་གྱི་གནས་ཐིག་དམིགས་སུ་ཐོན་པ་དང་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་མཛེས་ལྗོངས་གཏོད་པ། གྲོང་ཁྱེར་གསར་སྒྱུར་གྱི་ལས་གྲྭ་ཆེན་པོ་དྲུག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་རྫོང་གི་གྲོང་ཁུལ་འདི་ཉིད་གནས་ཐིག་གཏན་འཁེལ་དང་གཞི་ཁྱོན་འོས་འཚམ། བཀོད་སྒྲིག་ལུགས་མཐུན། ནུས་པ་འཐུས་ཚང་། རྣམ་པ་ཐུན་མོང་མིན་པ། རིག་གནས་མངོན་གསལ། རྒྱུ་རྐྱེན་འདུས་པ། ཐོན་ལས་ཀྱིས་སྐུལ་ཁྲིད། དོ་དམ་ཞིབ་ཚགས།  དེང་རབས་ཀྱི་དཔལ་ཡོན་ལྡན་པ། སྐུལ་ཁྲིད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་ཡུལ་སྐོར་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱས་པ་རེད།  ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར6ཙམ་བཏང་ནས་ཆུ་ངོགས་མེ་ཏོག་ལྡུམ་རའི་ཚོང་ལས་ཁུལ་དང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཁུལ། ལྡུམ་ཁུལ་ཆུང་གྲས། གསེར་རིགས་མེ་ཏོག་ལྡུམ་རའི་སྡོད་ཁུལ། དཔལ་ཡུལ་ཐོག་ཁང་། སྲིད་ཁྲིམས་གཅིག་བསྡུས་གཞུང་ལས་ཁུལ་སོགས་སྲིད་འཛིན་ལས་སྒྲུབ་ལྟེ་གནས་བཅས་ཡིན་པའི་སྤྱི་ཡོངས་ཀྱི་བཀོད་པ་ཆགས་ཡོད། མ་དངུལ་སྒོར་ཁྲི3000བཏང་ནས་བང་སྨན་རི་བོའི་ནགས་ཚལ་གླིང་ག་བསྐྲུན་པ་དང་མ་དངུལ་སྒོར་ཁྲི2998བཏང་ནས་ཆུ་བོའི་ནུབ་ངོགས་ཀྱི་ཁྲོམ་ལམ་དང་ཆུ་བོའི་ཤར་ངོགས་ཀྱི་ཁྲོམ་ལམ་གྱི་གཞུང་ལམ་རྒྱ་སྐྱེད་ལེགས་བཅོས་བྱས་པའི་འཛུགས་སྐྲུན་ལས་གཞི་གྲུབ་ཡོད་པ་རེད།  མ་དངུལ་སྒོར་ཁྲི1992བཏང་ནས་རྫོང་གི་གྲོང་ཁུལ་གྱི་རིག་གནས་མཚོན་རྟགས་ཇེ་མཐོར་གཏོང་བའི་འཛུགས་སྐྲུན་བྱས་ཡོད་པ་རེད།  གྲོང་ཁུལ་གྱི་རྒྱ་ཁྱོན་དེ2010ལོའི་སྤྱི་ལེ་གྲུ་བཞི་མ1.8ནས་སྤྱི་ལེ་གྲུ་བཞི་མ2.8རྒྱ་སྐྱེད་འགྲོ་ཡོད་པ་རེད། དེང་སང་དཔལ་ཡུལ་རྫོང་དུ་མཐོ་ཞིང་བརྗིད་པའི་ཁང་པ་གཅིག་ལས་གཅིག་ཡག་ཡིན་པ་དང་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ལམ་རེ་རེའི་གཙང་སྒྲ་ནི་དེ་བས་ཀྱང་སྨོས་ཅི་དགོས།

    བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དར་བའི་ཕ་ས་ཞེས་མཚན་སྙན་ལྡན་པའི་ཧོར་སྤོའི་ས་ཆར། མིག་སྔར་སྡོད་དམངས་ཀྱི་ཡུལ་སྐོར་སྣེ་ལེན་དང་དམངས་སྲོལ་རིག་གནས་ཡུལ་སྐོར་གྲོང་རྡལ་འཛུགས་པར་བྲེལ་བཞིན་གདའ། ད་སྐབས་གཙང་ཞིང་ཁོད་སྙོམས་པའི་ཧོར་སྤོའི་ཁྲོམ་ལམ་དུ་ནོར་ལུག་ག་སར་རྒྱུག་པ་དང་གད་སྙིགས་ག་སར་དབྱུག་པའི་རྣམ་པ་མཐོང་དཀོན་པས་ཕར་བལྟས་ན་མཛེས་ཤིང་ལྟ་ན་སྡུག་པའི་པར་རིས་ཞིག་དང་ཀུན་ནས་མཚུངས།

    བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40ཡི་རིང་ལ་དཔལ་ཡུལ་རྫོང་གིས་དམངས་འཚོའི་ཁེ་ཕན་མང་ཙམ་འཚོལ་ཞིབ་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་རྒྱུའི་ལས་དོན་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་འགག་སྒྲོལ་དང་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཡོད། སྤྱི་ཚོགས་ཀྱི་བྱ་གཞག་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་དམངས་འཚོ་ལེགས་སུ་བཏང་བས་མ་ཚད་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་བཏང་ཡོད། 2017ལོར་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.21ལ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར27199   གྲོང་སྡེའི་སྡོད་དམངས་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར10273ལ་ཟིན་པར་བརྟེན།  རྫོང་ཡོངས་ཀྱི་དཔལ་འབྱོར་ཕྱོགས་བསྡུས་གདེང་འཇོག་འདི་མི་རིགས་ས་ཁུལ་གྱི་རྫོང་ཁག་ཏུ་ཨང18པ་ནས15པའི་ཐོག་འཕར་བ་དང་། ཁུལ་ཡོངས་སུ་ཨང་དྲུག་པ་ནས་བཞི་པའི་ཐོག་སླེབས་ཡོད་པ་རེད།

    བྱ་ཁྱུང་གིས་གཤོག་རྩལ་མངོན་ཏེ་ནམ་འཕངས་གཅོད།རྟ་ཅང་ལ་ལྕག་གིས་བསྐུལ་ནས་བང་རྩལ་རྒྱས་ཞེས་པ་ནང་བཞིན་དཔལ་ཡུལ་མི་དམངས་ཚོ་འབྱོར་འབྲིང་གི་ལམ་བུའི་ཐོག་མདུན་དུ་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད།

སྔ་འགྱུར་རྙིང་མའི་གདན་ས། མདོ་ཁམས་གནས་མཆོག་དཔལ་ཡུལ།

    མི་རབས་གསུམ་གྱི་མཐོང་མྱོང་དུ་གྱུར་པའི་བདེ་སྐྱིད་འཚོ་བ།

    ང་ད་ལོ་ལོ་ན65ལ་སོན་ཡོད། ལོ22ལ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱས་མྱོང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་བདེན་དཔང་བྱས་ཆོག   ང་ནི་བདེན་པ་བདེན་ཐུག་གི་ཞིང་པ་ཞིག་ཡིན། བསམ་ཡུལ་ལས་འདས་པ་ཞིག་ནི་རྫོང་ཐོག་ཏུ་སྨི་གྲུ་བཞི་མ105ལྡན་པའི་ཁང་པ་ཞིག་ཉོ་ཐུབ་བྱུང་། གང་ལྟར་གྲོང་གསེབ་ཀྱི་ཁང་པ་རྙིང་པའི་ནང་སྡོད་པ་དང་རྫོང་ཐོག་ཁང་པ་གསར་པའི་ནང་སྡོད་ནའང་འདྲ། བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་རག་བྱུང་ཞེས་དཔལ་ཡུལ་རྫོང་འབྲི་ཆུ་ཤང་དཔལ་ངོས་གྲོང་སྡེའི་གྲོང་མི་བསམ་འཕེལ་རྡོ་རྗེས་གོང་གསལ་གྱི་སྐད་ཆ་བཤད་དུས་གདོང་ངོས་སུ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས།

    བསམ་འཕེལ་རྡོ་རྗེས་ང་ནི་རིག་གནས་གསར་བརྗེའི་སྐབས་སུ་རིག་གནས་སྦྱོང་རྒྱུར་བར་ཆད་ཐེབས་པའི་མི་རབས་ཤིག་ཡིན་པས་ཤེས་རིག་ཡོན་ཏན་ཆེན་པོ་མེད། ངའི་མི་རབས་རྗེས་མར་བསླེབས་དུས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཡག་པོ་དང་འཕྲད་ཡོད་མོད།  ཡིན་ནའང་སློབ་ཡོན་གྱི་འགྲོ་གྲོན་ཐེག་དཀའ་བར་བརྟེན།  བུ་མོ་དམའ་རིམ་སློབ་འབྲིང་གི་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་རུ་སློབ་སྦྱོང་བྱེད་དུས་ལོ་གཅིག་གི་འགྲོ་སོང་སྒོར་སྟོང་འགའ་ཡིན་ཞིང་།  ཞིང་འདེབས་པ་ཕུད་ཁ་ཁྱིམ་ནང་དུ་ཡོང་འབབ་གཞན་གང་ཡང་མེད་པས། ངས་དུས་རྒྱུན་ག་ས་གར་གླ་རྒྱག་སར་འགྲོ་སྐབས་ཉིན་གཅིག་ལ་གླ་ཆ་སྒོར20ཙམ་རག་ལེ་རེད།  དེ་འདྲའི་དཀའ་ཁག་ཡོད་པའི་ཁྲོད་དུ་བུ་དང་བུ་མོ་གཉིས་ཨུ་ཚུགས་བྱས་ཏེ་གསོ་སྐྱོང་བྱས་པ་ཡིན།  ད་ལྟ་ངའི་བུ་ནི་རྫོང་མི་དོན་ཅུས་ཀྱི་ཁ་ལོ་བ་ཞིག་ཡིན་པ། བུ་མོ་ནི་རྒྱལ་ཁབ་གློག་དྲྭ་གློག་ཤུགས་སྤྱི་གཉེར་ཁང་དུ་ལས་དོན་སྒྲུབ་བཞིན་ཡོད།   མིག་སྔར་ཁོའི་ཚ་བོ་གཅིག་ཁྲེང་ཏུའུ་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པ་དང། ཡུལ་འདི་གའི་སློབ་ཆུང་དུ་ཞུགས་པའི་ཚ་བོ་གཉིས་ཀྱི་བཟའ་རྒྱུ་དང་སྡོད་ས་ཚང་མར་རིན་པ་མི་དགོས་ཤིང་། ད་ལྟ་གྲོང་མི་ཡོད་ཚད་ཀྱིས་བུ་རྒྱུད་སློབ་གྲྭ་རུ་བསྐྱལ་ནས་རིག་གནས་སྦྱོང་འཇུག་བཞིན་ཡོད་པ་རེད། དཔལ་ངོས་གྲོང་སྡེ་ནི་རྫོང་གི་གྲོང་ཁུལ་དང་ཐག་རིང་ཚད་སྤྱི་ལེ3ཙམ་ལས་མེད་ནའང་སྔོན་ཆད་གྲོང་དམངས་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་བུ་ཕྲུག་སློབ་གྲྭར་མངགས་པའི་འཇོན་ནུས་མེད་པ་རེད།  ལོ་འདི་ཁ་ཤས་རིང་རྫོང་གིས་སློབ་གསོ་ཐད་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཤང་ཚང་མའི་ལྟེ་བའི་སློབ་ཆུང་ཐམས་ཅད་ཧ་ཅང་ཡག་པོ་བསྐྲུན་ཡོད་པ་རེད། དུས་རབས་མི་འདྲ་བས་ད་ལྟ་གྲོང་མི་ཚོའི་བུ་ཕྲུག་སློབ་གྲྭར་བསྐྱལ་བའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བུ་རྒྱུད་སློབ་གྲྭ་རུ་སྐྱེལ་བསུ་བྱ་རྒྱུ་ནི་གྲོང་མི་ཚོའི་རང་རྟོགས་བྱ་སྤྱོད་ཞིག་ཏུ་གྱུར་པ་རེད་ཅེས་བཤད་པ་རེད།

    མི་རབས་གསུམ་གྱི་འགྱུར་ལྡོག་སྐོར་ལྷུག་བརྗོད་བྱེད་དུས་བསམ་འཕེལ་རྡོ་རྗེར་སྤྲོ་དགའི་ཚོར་སྣང་མང་པོ་ཡོད་པ་རེད།    1994ལོར་བསམ་འཕེལ་རྡོ་རྗེ་ལ་རྒྱུ་འགག་ནད་ཕོག་ནས་ཧྭ་ཞི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་རིན་སྒོར་ཁྲི2ཙམ་སོང་བ་དེ་ཁྱིམ་ནང་དངུལ་མེད་ཕྱིར་གང་སར་གང་དུ་གཡར་ནས་སྤྲད་ཡོད་ཅིང་། སྨན་ཁང་ནས་ཕྱིར་བུད་རྗེས་ཁོས་གླ་རྒྱག་སར་ཕྱིན་ཏེ་ལོ་གསུམ་ནང་བུ་ལོན་ད་དུང་འཇལ་ཐུབ་མེད་པ་རེད། 2017ལོར་ཁོ་ལ་ནད་ཕོག་སྟེ་སྨན་ཁང་དུ་བསྡད་ནས་སྨན་རིན་འགྲོ་གྲོན་སྒོར་ཁྲི1ཙམ་སོང་། སྨན་བཅོས་འགན་ལེན་རྩིས་ཞུ་བྱས་པ་བརྒྱུད་རང་གི་འགྲོ་སོང་སྒོར3000ཙམ་ལས་འཇལ་དགོས་མེད་ཅིང་། སྔོན་མར་ཆ་རྐྱེན་ཞན་པས་གྲོང་མི་ཚོས་སྒོར100ཙམ་གྱི་སྨན་རིན་ཡང་སྤྲོད་མི་བྲ་བ་རེད། ད་ལྟ་སྨན་བཅོས་འགན་ལེན་ཉོས་ནས་ཞིང་པ་ཚོ་ཡང་རྒྱལ་ཁབ་ལས་བྱེད་པ་ནང་བཞིན་སྨན་བཅོས་འགྲོ་སོང་བརྩི་ཞུ་བྱ་ཆོག་པར་མ་ཟད།  ད་དུང་ནད་གཞི་ཚབས་ཆེན་ཕོག་པར་སྨན་བཅོས་རོགས་སྐྱོབ་ཐོབ་པ་དང་།  གལ་ཏེ་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་ན་ཐ་ན་སྨན་བཅོས་འགན་ལེན་ཉོས་སའི་འགྲོ་གྲོན་ཚང་མའང་རྒྱལ་ཁབ་ཀྱིས་སྤྲོད་རོགས་བྱས་པ་རེད།   གླུ་ནད་དང་ཐུམ་འབུའི་ནད་སོགས་ནི་རྒྱལ་ཁབ་ཀྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ལས་གཞི་ཡིན་པས་ནད་པ་ཚོས་སྨན་རིན་གང་ཡང་འཇལ་མི་དགོས་པས། རྗེས་སུ་ནད་ཕོག་ནས་དབུལ་པོར་གྱུར་མི་སྲིད།  ད་ལྟ་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་གི་མི་སྨན་ཁང་དུ་ཕྲུ་གུ་སྐྱེས་བར་སྨན་ཡོན་འཇལ་མི་དགོས་པར་མ་ཟད། ད་དུང་སྒོར600ཡི་ཁ་གསབ་རོགས་དངུལ་ཡོད་པ་རེད། འདི་ལྟ་བུའི་བྱ་བ་བཟང་པོ་ནི་སྔོན་མར་བསམ་ཡང་བསམ་ཕོད་རྒྱུ་མ་རེད་ཅེས་བསམ་འཕེལ་རྡོ་རྗེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

    དཔལ་ངོས་གྲོང་ཚོའི་ནང་ནས་དང་མ་རྨོས་ལོ་ཏོག ཞོག་ཁོག་སོགས་སྲོལ་རྒྱུན་གྱི་ལོ་ཏོག་ཁོ་ནར་རྨོས་འདེབས་བྱས་ནས་ལྟོ་གོས་ཀྱི་གནད་དོན་ཐག་བཅོད་བྱ་རྒྱུ་མ་གཏོགས་ཐབས་གཞན་མེད་པ་རེད།  འཚོ་བ་དེ་བས་སྐྱིད་པོ་རོལ་ཐུབ་ཆེད་ལོ་རབས90པའི་དུས་སུ་བསམ་འཕེལ་རྡོ་རྗེས་མི30ལས་གྲུབ་པའི་དཔུང་སྡེ་ཞིག་བཙུགས་དེ་ཤིང་གཅད་རྒྱུ་དང་ཤིང་ཕྲུག་འཛུགས་རྒྱུ། གྲོང་བགྲོད་གཞུང་ལམ་ལས་རྒྱུ་སོགས་ཀྱི་ལས་གཞི་འགན་གཙང་ལེན་བྱས་ཡོད། རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ད་ལྟར་གྲོང་མི་ཚོའི་ཡོང་འབབ་འཕར་སྣོན་ཆེས་ཆེར་བྱུང་ནས་ཟླ་རེའི་ཡོང་འབབ་དེ་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་ཧ་ལམ་འདྲ་བ་རེད།     2000ལོར་རྒྱལ་ཁབ་ཀྱིས་རྨོད་བསྐྱུར་ནགས་གསོའི་སྲིད་ཇུས་ལག་བསྟར་བྱས་ནས། ལོ་ལྟར་སྤྲད་པའི་འབྲས་དང་གྲོ་ཕྱེ་བཟའ་མི་ཚར་བ་རེད།  2004ལོར་རྒྱལ་ཁབ་ཀྱིས་ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བ་དང་ཡང་ན་འབྲུ་རིགས་རྨོད་འདེབས་བྱེད་མཁན་ལ་ཐད་ཀར་ཁ་གསབ་རོགས་དངུལ་སྤྲད་པ་རེད།   རྒྱལ་ཁབ་ཀྱི་དབུལ་སྐྱོར་གནད་སྨིན་སྲིད་ཇུས་ལག་བསྟར་བྱས་རྗེས། གྲོང་མི་ཚོར་འཚོ་བ་ཇེ་སྐྱིད་རོལ་འཇུག་རྒྱུ་དང་སྡོད་ཁང་ཡག་པོའི་ནང་སྡོད་འཇུག་པ་བྱ་ཆེད། རྫོང་གིས་མ་དངུལ་སྙོམས་སྒྲིག་བྱས་ཏེ་དུད་ཚང་དབུལ་པོས་སྡོད་ཁང་གསར་སྐྲུན་བྱེད་པར་ཁ་གསབ་རོགས་དངུལ་སྒོར་ཁྲི8རེ་སྤྲད་ནས་སྡོད་ཁང་རྒྱན་སྤྲས་བྱས་པར་མ་ཟད་ད་དུང་ཁྱིམ་ཆས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་རོགས་བྱས་ཡོད་པ་རེད་ཅེས་བསམ་འཕེལ་རྡོ་རྗེས་ཐོབ་ཚོར་ཡོད་པའི་སྒོ་ནས་དེ་ལྟར་བཤད།

    ད་ལྟ་གྲོང་མི་མང་ཆེ་བས་ས་ཞིང་མུའུ་རེར་སྒོར1400ཡི་རིན་གོང་ལྟར་ས་ཞིང་དེ་སྤྱི་གཉེར་ཁང་ཞིག་ལ་འཁོར་རྒྱུག་བྱས་ཏེ་དྲོད་ཁང་ཆེན་མོའི་ཚལ་རིགས་འདེབས་འཛུགས་བྱས་ཤིང་། མ་རྨོས་ལོ་ཏོག་དང་ནས་རྨོད་འདེབས་བྱས་པའི་ཡོང་འབབ་ལས་མཐོ་བ་དང་། གྲོང་མི་ཚོར་གླ་རྒྱག་སར་སོང་ནས་དངུལ་འཚོལ་རྒྱུའི་དུས་ཚོད་དེ་བས་མང་པོ་ཡོད་པ་རེད།

    དབུལ་ཐར་གནད་སྨིན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་རྫོང་དང་ཤང་གི་ལས་བྱེད་པས་གྲོང་མིར་རོགས་རམ་བྱས་ཏེ་དམངས་ཕྱུག་གི་ཐོན་ལས་འཕེལ་རྒྱས་བཏང་ཡོད་ཅིང་།  གྲོང་བགྲོད་གཞུང་ལམ་དང་དུད་འབྲེལ་གྱི་ལམ་བུ་ཁྱིམ་ཚང་གི་སྒོ་ཁར་བཟོས་ཡོད།  གྲོང་ཚོ་ཡོངས་ལ་དུད་ཚང62ཡོད་པ་དང་དེའི་ནང་དུད་ཚང12ཀྱིས་རླངས་འཁོར་ཉོས་ཡོད། རྫོང་གི་གྲོང་ཁུལ་དང་དར་མདོར་འགྲོ་དགོས་ནའང་སྟབས་བདེ་མོ་རེད་ཅེས་བསམ་འཕེལ་རྡོ་རྗེས་ཡི་རང་བའི་ངང་ནས་སྐད་ཆ་དེ་ལྟར་བཤད།

སྔ་འགྱུར་རྙིང་མའི་གདན་ས། མདོ་ཁམས་གནས་མཆོག་དཔལ་ཡུལ།

    ཉིན་གཅིག་ལས་མི་འགོར་བར་ལེ་དབར་སྟོང་གིས་རྒྱང་བའི་དར་མདོར་སླེབས།

    སྤྱི་ཟླ11པའི་ཚེས28ཉིན། ཁྲེང་ཏུའུ་ལ་གཞུང་དོན་སྒྲུབ་ཏུ་འགྲོ་བའི་དཔལ་ཡུལ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་བཟོ་པ་ལིའུ་ཡ་ཁྲེང་ཏུའུ་ནས་རླངས་འཁོར་ནང་བསྡད་དེ་ཆུ་ཚོད13མ་གཏོགས་མ་འགོར་བར་དཔལ་ཡུལ་དུ་སླེབས། འགྲིམ་འགྲུལ་གྱི་གཞུང་ལམ་བདེ་པོ་ཡོང་བའི་རྐྱེན་གྱིས་ལིའུ་ཡ་ལ་འཕུར་བ་ལྟ་བུའི་ཚོར་བ་ཞིག་སྟེར་བ་རེད།

    1985ལོར་ལིའུ་ཡ་ཐེངས་དང་པོར་ཕ་ཡུལ་པ་ཀྲུང་ནས་དཔལ་ཡུལ་ལ་ཡོང་དུས་ལམ་བར་ཧ་ལམ་ཟླ་ཕྱེད་ཙམ་གྱི་དུས་ཚོད་འགོར་བ་རེད། སྐབས་དེར་ཁྲེང་ཏུའུ་ནས་དར་མདོའི་བར་ཉིན་གསུམ་འགོར་བ་དང་། དར་མདོ་ནས་དཔལ་ཡུལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཉི་མ་གསུམ་རེ་ལ་ཐེངས་རེ་མ་གཏོགས་མེད་པ་དང་ལམ་བར་ཉིན་གསུམ་འགོར་བཞིན་ཡོད་ཅེས་ལིའུ་ཡ་ཡིས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད། དཀར་མཛེས་ནས་དཔལ་ཡུལ་བར་གྱི་གཞུང་ལམ་དེ་སྤྱི་ལོ1972ལོར་རླངས་འཁོར་ཤར་གཏོང་ཐུབ་པར་བྱུང་ཡང་བགྲོད་ལམ་མི་བདེ་བས་དཔལ་ཡུལ་རྫོང་གི་ཚོང་ཟོག་སྐྱེལ་འདྲེན་སོགས་ལ་ལམ་བར་དཀའ་ལས་ཁག་པོ་མྱོང་དགོས་ཀྱི་ཡོད།

    2008ལོར། ལིའུ་ཡ་དཔལ་ཡུལ་རྫོང་ནགས་ལས་ཅུས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སུ་ལས་གནས་སྤོས་པ་རེད། ཁོ་མོས2002ལོ་ནས་བཟུང་རྫོང་སྦྲེལ་འགྱིག་སྣུམ་གཞུང་ལམ་སྐྲུན་འགོ་ཚུགས་པས་དཔལ་ཡུལ་རྫོང་གིས་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པ་བསུ་འགོ་བརྩམས་པ་རེད་ཅེས་བཤད། 2012ལོ་དང2013ལོར་སྐམ་ཐོག་ནས་དཔལ་ཡུལ་དང་དཀར་མཛེས་ནས་དཔལ་ཡུལ་བར་གྱི་གཞུང་ལམ་སྔ་ཕྱིར་རིམ་སྤོར་དང་སྒྱུར་བཀོད་བྱས་པས་མ་ཚད། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གྱི་གཙོ་གནད་འཛུགས་སྐྲུན་ལས་གཞི25 ཡི་ནང་དུ་འཇོག་པ་དང་། 2016 ལོར་འཛུགས་སྐྲུན་ཡོངས་རྫོགས་གྲུབ་པས། དཔལ་ཡུལ་རྫོང་ནས་སྡེ་དགེའི་བར་ཆུ་ཚོད་གཉིས་ལས་མི་འགོར་བ་དང་། དཀར་མཛེས་ནས་དཔལ་ཡུལ་བར་གྱི་ཙཱ་ཟླ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་དཔལ་ཡུལ་ནས་དཀར་མཛེས་བར་ཆུ་ཚོད་གསུམ་ལས་མི་འགོར་བ་རེད།

    ཞེ་ཐང་གྲོང་ཚོའི་ལམ་ཐིག་རྩད་ཞིབ་བྱེད་སྐབས། ལིའུ་ཡ་དང་ལས་གྲོགས་ཚོས་རྟ་ལ་བཞོན་ནས་ལ་བརྒྱབ་ཐང་བརྒལ་ཏེ་འབྲོག་པའི་སྦྲ་ནང་དུ་ནུབ་མ་གཉིས་ལ་ཞག་འདུག་བྱས། གྲོང་ཚོ་འདིའི་ཕྱོགས་སུ་གཡང་གཟར་དང་བྲག་རི། ཚེར་མའི་ཚང་ཚིང་སོགས་སྐྱེས་ཡོད་པས་གཞུང་ལམ་སྐྲུན་རྒྱུ་ནི་དཀའ་ཁག་ཧ་ཅང་ཆེ། རི་འདབས་སུ་གཞིས་ཆགས་ཡོད་པའི་དུད་ཚང20ལྷག་ལ་མི་གྲངས100ལྷག་ཡོད་ཅིང་། ཁོ་ཚོ་འགྲོ་འོང་བྱེད་པར་དཀའ་ཁག་ཧ་ཅང་ཆེ། རྫོང་ཐོག་ཏུ་འགྲོ་དགོས་ན་ལམ་བར་གྱི་རི་སྒང་ནས་ཞག་མ་གཉིས་ལ་ཞག་འདུག་བྱས་ན་ད་གཟོད་རྫོང་གི་གྲོང་ཁུལ་དུ་སླེབ་ཐུབ་ཀྱི་ཡོད། ལོ་ན་རྒན་གྲས་པ་ཁ་ཤས་ཐ་ན་རྫོང་གི་གྲོང་ཁུལ་དུའང་སླེབ་མ་མྱོང་། མི་སེར་གྱི་གཞི་རྩའི་འཚོ་བའི་རྒྱུན་མཁོའི་དངོས་རྫས་རྟ་ལ་ཁལ་འགེལ་ནས་སྐྱེལ་འདྲེན་བྱས་ཏེ་འཚོ་བ་རོལ་གྱི་ཡོད། ལིའུ་ཡ་ཡིས་བཤད་རྒྱུར། གྲོང་མི་རྣམས་ཀྱིས་སྡེ་བ་རུ་གཞུང་ལམ་ལས་རྒྱུའི་གཏམ་བཟང་དེ་ཐོས་འཕྲལ། དགའ་སྤྲོ་ཧ་ཅང་འཕེལ་ནས་གཞུང་ལམ་སྐྲུན་མཁན་ཚོར་བཟའ་བཅའ་སྟེར་བ་རེད། རི་གཤམ་གྲོང་སྡེ་དང་ཁ་སྒང་གྲོང་སྡེ་བར་ལམ་ཐག་ཧ་ཅང་རིང་ལ། འཛུགས་སྐྲུན་ལས་ཀའི་དཀའ་ཁག་ཧ་ཅང་ཆེ་བ་རེད། ས་ཆ་འདི་དག་ཏུ་གཞུང་ལམ་བསྐྲུན་ཐུབ་རྒྱུ་ནི་ཧ་ཅང་ངོ་མཚར་བའི་དོན་དག་ཅིག་ཡིན་པ་རེད།

    དབུལ་ཕོངས་ལས་ཐར་དགོས་ན་སྔོན་དུ་གཞུང་ལམ་བསྐྲུན་དགོས།  2010ལོར། དཔལ་ཡུལ་རྫོང་གིས་གྲོང་སྡེ་ལ་ཐར་བའི་གཞུང་ལམ་སྐྲུན་འགོ་བཙུགས་པ་དང་། 2017ལོར་དཔལ་ཡུལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར3.31བཏང་ནས་ཤང་དུ་ཐར་བའི་འགྱིག་སྣུམ་གཞུང་ལམ་སྤྱི་ལེ23.9དང་། གྲོང་སྡེ་ལ་ཐར་བའི་གཞུང་ལམ་སྤྱི་ལེ442བཅས་འཛུགས་སྐྲུན་བྱས་ཡོད་པ་རེད། 2018ལོར་དཔལ་ཡུལ་རྫོང་གིས་རེས་བཞི་པའི“འགྲིམ་འགྲུལ་མཉམ་སྐྲུན་བྱེད་པའི”གོ་སྐབས་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་དགུས་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་པར་བརྟེན།  རྒྱལ་སྲུང་གཞུང་ལམ215པའི་དཔལ་ཡུལ་ནས་འབའ་ཐང་བར་གྱི་ལམ་བརྒྱུད་ཧྲིལ་པོ་སྐྲུན་འགོ་བཙུགས་པ་དང་། ཞིང་ཆེན་རིམ་པའི་གཞུང་ལམ458པའི་སྐེ་ཤོར་ཟམ་ཆེན་ནས་གེ་སར་གནམ་ཐང་བར་གྱི་གཞུང་ལམ་ལེགས་བཅོས་བྱེད་འགོ་བཙུགས།  ཞིང་ཆེན་རིམ་པའི་གཞུང་ལམ314པའི་ཨ་ཚབ་གྲོང་རྡལ་ནས་ཉག་རོང་འཕེལ་ཚྭ་ཤང་བར་གྱི་ལས་གྲྭ་བསྐྲུན་རྒྱུར་བརྩོན་ལེན་བྱས་པ་རེད།  མ་དངུལ་སྒོར་དུང་ཕྱུར4.8གཏང་རྒྱུའི་འཆར་གཞི་བཀོད་ནས་ཁ་སྒང་སོགས་གྲོང་སྡེ་སོ་སོར་ཐར་བའི་གཞུང་ལམ11བསྐྲུན་རྒྱུ་དང་ས་ངན་ཡུག་ཤོག་ཏུ་ཐར་བའི་གཞུང་ལམ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་། བདེ་སྲུང་ལས་གྲྭ་སྤྱི་ལེ30ལག་བསྟར་བྱ་རྒྱུ་དང་། མ་ཐང་ལག་ཤེས་སྒྱུ་རྩལ་གྱི་འབྲེལ་ལམ་ལས་གྲྭ་མཇུག་བསྒྲིལ་ཡོད་པ་རེད། སྒ་རྗེ་དང་ཧོར་སྤོ་ཤང་གཉིས་ཀྱི་འགྲུལ་སྐྱེལ་ས་ཚུགས་དང་གྲོང་སྡེ་རིམ་པའི་འགྲུལ་སྐྱེལ་རླངས་འཁོར་སྒུག་སའི་ས་ཚུགས38བསྐྲུན་ཚར་བའི་དུས་མཚུངས་སུ།   རྫོང་འཕྲུལ་ཆས་ཅན་གྱི་གཞུང་ལམ་བདག་སྐྱོང་ལྟེ་གནས་གསར་སྐྲུན་བྱ་རྒྱུར་བརྩོན་ལེན་བྱས་པ་རེད། གླ་འཁོར་གྱི་འཁོར་སྐྱོད་ཚོང་གཉེར་འགོ་ཚུགས་ཤིང་།ཤང་དང་གྲོང་ཚོར་འགྲུལ་སྐྱེལ་ཤར་གཏོང་ཐུབ་པ་དང་།བདེ་འཇགས་ཐོགས་མེད་དང་སྟབས་བདེ་ནུས་ཆེ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།

    2014ལོར།  དཔལ་ཡུལ་རྫོང་གིས་གྲོང་སྡེ་རུ་བསྐྱོད་པའི་ཨར་འདམ་ལམ་གྱི་འཛུགས་སྐྲུན་ལག་བསྟར་བྱེད་འགོ་ཚུགས་ཤིང་། མིག་སྔར། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ156ལས་གྲོང་སྡེ150ལ་ཨར་འདམ་གཞུང་ལམ་མངོན་འགྱུར་བྱུང་ཡོད་པ་རེད།ལིའུ་ཡ་ཡིས་སྔོན་ཆད་གྲོང་མི་ཚོ་ཉིན་གཉིས་གསུམ་རིང་ལ་རི་ཐོག་ལམ་འཕྲང་བརྒྱུད་ནས་འགྲོ་དགོས་ཤིང་།  ད་ལྟར་འཕྲུལ་རྟ་བཞོན་ནས་ཆུ་ཚོད་གཉིས་ཙམ་ལས་མི་འགོར་བར་རྫོང་གི་གྲོང་ཁུལ་དུ་སླེབས་ཐུབ་པ་དང་།ཨར་འདམ་ལམ་གྲོང་ཚོར་བསྐྲུན་ཐུབ་པས་གྲོང་མི་ཚོས་ཞིང་སྤྱོད་རླངས་འཁོར་ཉོ་བར་མ་ཟད།ད་དུང་ལྗིད་ཐེག་རླངས་འཁོར་ཆེན་པོ་དང་རླངས་འཁོར་ཆུང་ཆུང་ཉོས་ཏེ་ཕྱིར་བསྐྱོད་སྟབས་བདེ་དང་ཐོན་ལས་འཕེལ་རྒྱས། ཚོང་ལས་དར་རྒྱས་འགྲོ་བཞིན་ཡོད་ཅིང་།གྲོང་མིས་དབུལ་ཕོངས་དང་རིམ་བཞིན་ཁ་གྱེས་པ་རེད། གེ་སར་གནམ་གྲུ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་གྲབས་ཡོད་པས།དཔལ་ཡུལ་རྫོང་གི་གྲོང་ཁུལ་ནས་གནམ་གྲུ་ཐང་དུ་ཆུ་ཚོད་གཉིས་ཙམ་ལས་མི་འགོར་ནས་སླེབས་ཐུབ་ཅིང་།ཁྲེང་ཏུའུ་རུ་དུས་ཚོད་ཆེས་མང་ཤོས་འགོར་ནའང་ཆུ་ཚོད4ཙམ་གྱིས་སླེབས་ཐུབ་པ་རེད།འགྲིམ་འགྲུལ་ཐད་འགྱུར་ལྡོག་ཆེན་པོ་བྱུང་ནས་དཔལ་ཡུལ་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་ལམ་དུ་བསྐྱོད་དང་སྐྱོད་བཞིན་ཡོད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1