གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

དཔའ་རིས་སངས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༢༤ཉིན།

༄༅།། སྨྱུ་གུ་བཟོ་ཐབས་དང་འཛིན་སྟངས་མ་ཕྱི་དཔེར་ལེན་ཚུལ་བཅས་ཀྱི་སྐོར་བཤད་པ།

དཔའ་རིས་སངས་རྒྱས།
དང་པོ། སྨྱུ་གུ་བཟོ་ཐབས། 
          ལས་ཕྱོད་ཆེ་བ་ཡོ་བྱད་བཟང་བོའི་དྲིན།།  བྲི་ལ་མཁས་མིན་སྨྱུ་གུར་འབྲེལ་བ་ཆེ།།  སྨྱུ་གུ་གཞོག་པར་ཁམ་རྫིང་ཡུར་གསུམ་གཙོ།།   བཟོ་གནས་ལེགས་ཉེས་གྲི་ལ་རག་ལས་འདུག།  སྨྱུག་འགྲོས་སྐྱོད་ལམ་དུ་སྣག་ཆུ་ཇི་བཞིན་འབབ་མི་འབབ།  སྣག་ཆུའི་སྐ་སླར་ཐུག་པ་དང་།  ཡིག་གཟུགས་ཇི་འདོད་དུ་འོང་མི་འོང་།  འབྲི་རྩལ་འབྱོངས་མིན་ལ་ཐུག་ཡོད་པར་མ་ཟད།  སྨྱུ་གུ་ལའང་འབྲེལ་བ་ཆེ་སྟེ།  སྨྱུ་གུ་ངན་པས་བྲིས་པ་ལ། ཡིག་གཟུགས་ཐོན་ཀྱང་མཛེས་པས་དབེན།། རྟ་ཕོ་འགྲོས་དང་མི་ལྡན་ན།། མགྱོགས་ལ་མི་འདུར་བང་རྒྱུག་འདྲ།། ལས་ཕྱོད་ཆེ་འདོད་ན། ཡོ་བྱད་བཟང་བོ་དགོས། ཟེར་བ་ལྟར་སྨྱུ་གུ་གཞོག་པར་མཁས་དགོས། དེ་ཡང་བྲི་བྱ་གཏོས་ཆེ་བ་ལ་ལྕགས་སྨྱུག་བཟང་སྟེ། སྨྱུག་ཁ་འཛད་དལ་པའི་ཕྱིར།  གསེར་དངུལ་དག་རིན་པོ་ཆེའི་རྩི་ཡིས་བྲི་བ་ལ།  བོད་པིར་བཟང་སྟེ།  སྤུ་ཉུང་ལ་ཐུང་བ་སྙུང་བུ་འདྲ།  འབྲི་རྫས་བསྲིས་ཤིང་རྒྱུག་པའི་ཕྱིར།  པིར་དང་ ལྕགས་སྨྱུག་ཆེད་དུ་བཟོ་དགོས་ལ་སྟབས་བདེ་མིན་པས།  སྨྱུ་གུའི་རྒྱུ་ཕལ་ཆེར་ཤིང་དང་།  ཤིང་ལས་གཙོ་ཆེར་སྨྱུག་མས་བྱས་པ་ཡིན།  སྨྱུ་གུ་ལས་ཚུལ་བཤད་ན།   སྨྱུ་གུ་གཞོག་བྱའི་སྨྱུག་མ་དུད་ཁུང་ཁར་བཏགས་ནས་དུ་བ་སིམས་པ་ན། སྨྱུ་གུར་བཞོགས། དེ་ལ་རྐང་མར་ཪྙིང་བ་བྱུག།  ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱི། །  རུས་པ་ལྟ་བུར་མཁྲེགས་པར་གྱུར།།  ཞེས་ཤེས་བྱ་ཀུན་ཁྱབ་ལས་གསུངས།  ཡང་ན་ལེགས་པར་བཞོགས་ཚེ།   སྣུམ་མམ་གཡིས་ཁོལ་བའི་ནང་དུ་སྨྱུག་རྩེ་བསིབས་ནས་ཕྱི་ཡགས་བྱས་ན། སྲ་ཆགས་ཤིང་གས་སིལ་མི་འབྱུང་རྒྱུག་པར་ཕན། སྨྱུ་གུ་བཞོགས་པ་བཟང་ངན་གྲི་ལ་ཐུག་ཡོད། ཤེས་བྱ་ཀུན་ཁྱབ་ལས། བཟོ་གནས་ལེགས་ཉེས་གྲི་ལ་རག། ལྕགས་རིགས་བཟང་ཞིང་ཞུན་ཐར་ཐོན།།  རྣོ་མཉེན་ངར་གསུམ་འཛོམས་པའི་གྲི།།  རྩེ་དང་སོ་རྣོ་དྲང་བགས་གཞོལ།།    ལྟག་པ་དྲང་ཞིང་སྲབ་པ་ནི།། རྡར་རྡོ་སྲ་མཉེན་རན་པས་ལ།། ཕྱི་ལ་ཁལ་གསུམ་ནང་དུ་དྲུག།  བརྡར་པའི་རྣ་ཚོད་སྤུ་ཞོགས་ནུས།།  ཞེས་གསུངས་པ་ལྟར་རོ།།  སྨྱུ་གུ་རིང་ཐུང་མཐོ་ཙམ་དང་སྦོམ་ཕྲ་རན་དགོས།  སྨྱུ་གུ་གཞོག་པའི་གནད་ཀ་ནི།  ཁམ་རྫིང་ཡུར་གསུམ་ཡིན་ཏེ།  རྩེ་སོར་ཕྱེད་གཉིས་གཞལ་བའི་སར།།  སུམ་གཉིས་རྫིང་ལ་སུམ་གཅིག་མཆུ།།  ཞེས་པ་ལྟར།  སྨྱུག་ཁམ་ཆེ་ཆུང་ཡིག་གཟུགས་ཕྲ་རགས་ཇི་འདོད་ལྟར་བྱ།  འབྲི་བྱེད་ལཉྫ་ཝརྟུ་གཉིས་ལ་སྨྱུག་ཁམ་གཡས་གསེག་ཆེ་ཙམ་སྟེ།  གོང་གི་གཡས་ནས་ཁམ་ཚད་ཀྱི་ཉིས་ཆ་གཅིག་ནས་འོག་གི་ཟུར་ཁར་ཐུག  དབུ་མེད་ལ་གཡས་གསེག་ཆུང་ཙམ་སྟེ། གོང་གི་གཡས་ནས་ཁམ་ཚད་ཀྱི་སུམ་ཆ་གཅིག་ནས་འོག་གི་ཟུར་ཁར་ཐུག  དབུ་ཅན་ལ་གཡོན་གསེག་ཆུང་ཙམ་སྟེ།  གོང་གི་གཡོན་ནས་ཁམ་ཚད་ཀྱི་སུམ་ཆ་གཅིག་ནས་འོག་གི་ཟུར་ཁར་ཐུག  དེ་དག་གི་བཅད་ཁ་རབ་ཏུ་མཉམ་དགོས།  རྐོང་འབུར་བྱུང་ན།  སྨྱུག་ཁམ་འབུར་ས་མ་གཏོགས་རྐོང་སར་སྣག་ཚ་ལེགས་པར་མི་འབབ།   སྒོས་སུ་ཟུར་ཁ་གཉིས་མཉམ་པ་གལ་ཆེ།   སྨྱུ་གུ་གཞོག་ཚེ་རྩི་ཤུན་ཞོག་ལ་ནང་ལོགས་གཞོག  སྨྱུག་རྫིང་རན་ཚོད་ཀྱིས་ཟབ་པར་བྱས་ན་སྣག་ཆུ་འཛིན་པ་ཅུང་མང་བས།  བསིབ་ཚད་རེ་ལ་ཡི་གེ་དགའ་ཟད་རེ་འབྲི་ཐུབ།   སྨྱུག་རྫིང་གི་ཁུག་པ་ནས་རྩེ་ཁར་རིམ་གྱིས་ཇེ་སྲབ་ཏུ་བྱས་ན།   སྨྱུག་ཁས་སྲ་ཟིན།  སྣག་ཆུ་གཤེར་བ་དང་།  དལ་བུར་བྲི་བ་ལ།  ཡུར་ཁ་དམ་ན།  སྣག་ཆུ་མི་འདལ་བར་ཕན།  སྣག་ཆུ་ནུར་བ་དང་།  མགྱོགས་པར་བྲི་བ་ལ།  ཡུར་ཁ་ཅུང་ཟད་ལྷོད་ན།  སྣག་ཆུ་རྒྱུག་པར་ཕན།  མཐེབ་མཛུབ་ཀྱི་འཛིན་ས་ཟླུམ་ཞིང་འཇམ་ན།  སྨྱུག་ཁ་བསྐོར་བདེ།  སྨྱུག་རྟིང་འཛིག་འཛིག་བྱས་ན།  མགོ་རྟིང་ལྕི་ཡང་མཉམ་པས།  སྨྱུག་རྐང་འཛིན་བདེ།  ཇི་སྐད་དུ།  སྨྱུ་གུ་གཞོག་པར་མཁས་གྱུར་ན།། ཡི་གེའི་བྲི་ལ་མཁས་པར་བཤད།།   སྨྱུ་གུའི་ལྷ་མོ་བཏུང་བར་དགའ།།   དཀར་ཡག་ཐང་དུ་རླུང་ལས་མྱུར།།  ཡུལ་དང་དུས་ཀྱིས་མི་ཆོད་པའི།།  ལེགས་བཤད་གསུང་བ་ཁྱོད་མིན་སུ།།
གཉིས་པ།  སྨྱུ་གུ་འཛིན་སྟངས།
          ཡིག་གཟུགས་སྐྱེད་བྱེད་སྨྱུ་གུ་འཛིན་སྟངས་ནི།།  མཐེབ་མཛུབ་གཉིས་ནི་དམ་ལྷོད་རན་པར་འཆང་།།  དཀྱིལ་མཛུབ་ཡར་བརྟེན་སྤར་ཁྱིམ་སྟོང་བར་བྱེད།།  བསྐོར་འཐེན་གསེག་གསུམ་ཚད་དང་ལྡན་པ་གཅེས།།  རང་མྱོང་ཅན་ན་རིག་པ་རྒོད།  ཅེས་པའི་དཔེ་ལྟར།  འཇུག་ཐབས་གང་ཡང་ལག་ལེན་ལས་བྱུང་ཐོག་རིམ་གྱིས་རྩལ་དུ་ཐོན་པ་ཡིན།  ཐབས་དམ་པ་ཁོང་དུ་ཆུད་ན།  གང་བྱ་བ་ལག་བདེ་བར་གྱུར་འགྲོ།  ཡོན་ཏན་གྱི་སྦྱངས་སྟོབས་ཀྱི་ཞུན་ཐིགས་ཡིན།  མ་སྦྱངས་མཁས་འདོད་རྨི་ལམ་སྤུན།  ཡི་གེའི་འབྲི་རྩལ་ཡང་ལག་ལེན་ལ་མ་བསྟེན་པར་འབྱུང་བའི་དཔེ་མེད།   ཡང་ཡང་བྲིས་པའི་སྦྱོང་པ་ལས་བློ་ཁ་འབྱེད་ལ། དེ་ཐོག་མཁས་པའི་ཡིག་རྩལ་ལ་རིགས་པས་རྣམ་པར་དཔྱད་ནས།  བསྐོར་འཐེན་གསེག་གསུམ་གང་ཅིའི་རྣམ་གཞག་དང་འགྱུར་ཉམས་ཀྱི་ཁྱད་ཆོས་སྣང་ངོར་ཤར་ཚེ་གདམ་ངག་རྙེད་ལ།   གདམ་ངག་དེ་བཞིན་སྦྱངས་པ་འབྱོངས་ན། འབྲི་རྩལ་གྱི་མཛེས་ཕུལ་འབྱུང་ངོ།
          ཡི་གེ་འབྲི་ཚུལ་ནི་སྨྱུ་གུ་འཛིན་སྟངས་དང་བཀོལ་ཐབས་ལ་རག་ལས་པས་ན།   ཡི་གེའི་བྲི་བ་སྦྱོང་བའི་ཐོག་མར་དེ་ལུགས་ཤེས་རྒྱུ་གལ་ཆེ། ཡི་གེ་ཆུང་ཆུང་འབྲི་ཚེ།   སྨྱུ་གུ་བཀོལ་ཐབས་དང་ཤེད་མོ་འཕུད་ཚུལ་སོགས་ལ་ཉམས་སྣང་མེད་པ་འདྲ་ཡང་།  ཡི་གེ་ཆེས་ཆེར་འབྲི་ཚེ།   སྨྱུ་གུ་འཛིན་སྟངས་དང་བཀོལ་ཐབས་དང་། ཤེད་མོ་འཕུད་ཚུལ་སོགས་མཛུ་གུ་ནས་མཁྲིག་མ་དང་།  གྲུ་མོ་དང་། སོག་པ་དང་།  ཐ་ན་ལུས་ཡོངས་རྫོགས་དང་འབྲེལ་ཡོད།  ཕྱོགས་སོ་སོའི་རྣམ་སྟངས་དང་བྱེད་ལས་ཡི་གེ་འབྲི་བའི་རྩོལ་བ་ལ་གང་འཚམ་དུ་རམ་འདེགས་པར་གྱུར་ན། ཡིག་གཟུགས་ཡག་པོ་འབྱུང་སྲིད། སྨྱུ་གུ་འཛིན་སྟངས་ནི།  སྨྱུག་རྐང་གཡས་ནས་གཡོན་དུ་གསེག་པའི་ནང་ངོས་མཐེ་བོང་དང་།  ཕྱི་ངོས་གོང་མཛུག་གཉིས་ཀྱིས་དམ་ལྷོད་རན་པར་བཟུང་ཞིང་།  སྨྱུག་ཁ་སྐོར་ཚུལ།  མཐེབ་མཛུབ་སྒྲིམ་པའི་ཤེད་ལ་རག་ལས།  དཀྱིལ་མཛུག་སྨྱུ་གུ་འཛིན་སའི་འོག་ཏུ་བརྟེན་པ།  མཛུ་གུ་མས་མ་གཉིས་ཡར་བརྟེན་གྱི་ཚུལ་དུ་གང་འཚམ་དུ་བསྐུམ་པར་བྱ།  དེ་ལུགས་ལོ་ན་སྨིན་པ་ཞིག་ལ་མཚོན་ན།  སྟག་ཁ་ཁྱུང་མིག་ཕྱེ་ཚོད་དང་།  སྤར་ཁྱིམ་དུ་ཕུག་རོན་གྱི་སྒོ་ང་ཆུད་ཚོད་དུ་བྱས་ན།  སོར་མོའི་རྩ་ཁམས་དག་རང་རྣལ་དུ་བབས་པས།  བྲིས་ཡུན་རིང་ཡང་སོར་ཚིགས་དང་མཁྲིག་ཚུགས་མི་ན་བར་ཕན་པར་མ་ཟད།  ཡིག་གཟུགས་ཀྱང་ལེགས་པར་ཐོན་པར་ཕན།  ཡི་གེའི་བྲི་གཞི་དེ་རང་གི་ནུ་མ་གཡས་པའི་དྲང་ཐད་དུའམ།  དཀྱིལ་དཀྲུང་གི་སྐབས་སུ་པུས་མོའི་སྟེང་དུ་བཞག་སྟེ།   ལུས་སྟོད་ཀྲོང་ངེར་བསྲངས་བཞིན་བྲིས་ན།   ཐིག་འཕྲེང་དང་ཡིག་གཟུགས་མི་ཡོ་ཞིང་། སྐེ་ཚིགས་དང་སོག་སྲུབས་མི་ན་བར་ཕན། སྨྱུ་གུ་འཛིན་ས། ཡི་གེ་ཆུང་ངུ་ལ་སྨྱུག་ཁམ་ལས་ཚོན་གང་ངམ་གང་དང་ཕྱེད་ལས་མི་རིང་བ་དང་། ཆེ་བ་ལ་དེ་ལས་རིང་ཙམ་དུ་བཟུང་ན། ཚོད་ཟིན་ཅིང་འབྲི་བདེ་བར་ཕན།   གཞན་ཡང་།  མཐོ་གང་ཡན་ཆད་ཀྱི་ཡི་གེ་ཆེན་པོ་བྲི་བ་ལ།  ཙོག་ནས་བསྡད་པ་དང་།   ལག་ངར་ཅོག་ཙེར་ཁེན་པ་དང་།   སོར་མོའི་འདུ་བྱེད་ཙམ་ལ་བརྟེན་པ་སོགས་ཀྱིས་གོ་མི་ཆོད་དེ། ཅོག་ཙེའི་མདུན་དུ་ལངས་ཤིང་། རྐང་བ་གཡས་པབསྡུན་ལ་གོམ་པ་ཕྱེད་ཙམ་སྤོས་ནས།   སྐེད་པ་མདུན་དུ་ཅང་ཟད་སྒུར།  ལག་ངར་ཡར་ལ་འགྱོག  ལུས་སྨད་བརྟན་ཅིང་ལུས་སྟོད་བདེ་བར་བྱེད།  ཤེད་མོ་རྐེད་པ་ནས་ཕྱུང་ལ།  སོག་པ་གཡས་ནས་གྲུ་མོ་དང་། མཁྲིག་མར་འཕུད།  མཁྲིག་མ་ལྷོད་ལ་ཕྱི་སྐོར་ནང་སྐོར་གང་འཚམ་གྱིས་སོར་མོའི་རྩེ་ལ་འཕུད།  སོར་མོའི་འདུ་བྱེད་ཀྱིས་ཤེད་མོ་སྨྱུག་ཁམ་ནས་བྲི་གཞིར་འབེབས་མཁས་ན།  ཡི་གེའི་གཟུགས་ལ་རུས་པ་སྲ་ཆགས་ཤིང་།།  ཕྱི་ཤ་འཇམ་ལ་ལང་ཚོ་རྒྱས་པར་བཤད། ། སྨྱུ་གུ་འཛིན་སྟངས་ཤེས་པའི་ཐོག། འབྲི་ཐབས་དཔེ་དང་བསྟུན་པ་གཅེས།། དལ་གྱིས་སྐོར་ལ་མགྱོགས་པར་འཐེན།།  གཟབ་གཟབ་བྱས་ནས་ཟགས་མཆུ་གཏོད།།  ཡིག་གཟུགས་ཡག་པའི་འབྲས་བུ་ནི།།  འབྱུང་བྱེད་མེ་ཏོག་སྦྱང་བ་ཡིན།།
གསུམ་པ།  མ་ཕྱི་དཔེར་ལེན་ཚུལ།
          ཕྱག་བྲིས་ཚད་ལྡན་དཔེར་བླངས་ནས།།  སྨྱུ་གུ་འཇུག་པའི་ཐབས་ཤེས་དང་།།  ཡི་གེའི་ཆ་ཚད་གཟུགས་ཉམས་སོགས།།  ཞིབ་ཏུ་བརྟག་ལ་སྦྱང་བར་བྱ།།  དེ་ལུགས་ཁོང་དུ་ཆུད་པ་དང་།  སྨྱུག་ཁ་བྱང་ཚེ་འབྲི་མཁན་ཉན།།  ཡིག་མཁན་ཞིག་དགེ་རྒན་དུ་བསྟེན་ནས་འབྲི་ཚུལ་སྦྱང་བ་ནི།  འབྲི་རྩལ་མྱུར་དུ་ཐོན་པའི་ཉེ་ལམ་ཞིག་ཡིན་ཏེ། ད་སྔའི་འབྲི་མཁན་གང་མང་སློབ་དཔོན་གྱི་དམར་ཁྲིད་ལ་བརྟེན་ནས་ཐབས་ཤེས་ཁོང་དུ་ལེགས་པར་ཆུད་ཅིང་འབྱོངས་པས་མཁས་པར་གྱུར་བ་ཡིན།  དེ་འདྲའི་མཐུན་རྐྱེན་འཛོམས་དཀའ་བ་རྣམས།   ཕལ་ཆེར་བྲིས་རྒྱུན་ཚད་དང་ལྡན་པ་ཞིག་དཔེར་བླངས་ནས།   ཞིབ་ཏུ་བལྟས་ཤིང་སྦྱངས་པའི་སྒོ་ནས་ཡིག་མཁན་ཉན་པ་ཡིན།  མ་ཕྱི་དཔེར་ལེན་ཚུལ་འདི་ཡང་ཡིག་མཁན་མཁས་པ་རྣམ་པའི་འབྲི་རྩལ་སློབ་པའི་ཐབས་དམ་པ་ཞིག་ཡིན།  བྲི་ལ་དགའ་བ་ཚོས་དུས་ལས་མི་འདའ་བར་ཕྱག་བྲིས་ཚད་དང་ལྡན་པ་ཞིག་མ་ཕྱིར་གདམ་ལ་འཇུག་སྒོའི་སྣ་འདྲེན་དུ་བསྟེན་དགོས།  དེ་ལ་སྤྱིར་སྨྱུག་འགྲོས་འཐེན་སྟངས།  སྨྱུག་ཁ་སྐོར་ཚུལ།  གཟུགས་ཉམས་འདོན་ཐབས་དང་།  བྱེ་བྲག་ཏུ་ལུས་དང་ཡན་ལག་གི་ཆ་ཚད།  སྣག་ལམ་དང་དཀར་ཆའི་བར་མཚམས།  སྨྱུག་འགྲོས་ཀྱི་སྦོམ་ཕྲ་རིང་ཐུང་དྲང་གསེག་སྲ་མཉེན་ལ་སོགས་པར་ཞིབ་ཏུ་བལྟས་ཤིང་རྣམ་པར་དཔྱད་པའི་སྒོ་ནས།  དེ་གའི་ངོ་བོའི་གནད་ཟིན་པ་དང་།  ཁྱད་ཆོས་ཀྱི་ཉམས་ལོན་པར་བྱེད་པ་དག་རྟེན་གཞི་ཡིན།  རྟེན་གཞི་འདི་ལྟ་བུ་ཞིག་མེད་ན།  ཐབས་ཤེས་ཟུང་དུ་འཇུག་པ་དང་།   རྩལ་དུ་འདོན་པར་མུན་ནག་ལག་ནོམ་གྱི་རྗེས་སུ་འགྲོ་བས།   མ་ཕྱི་དཔེར་ལེན་མི་ལེན།  ཡུལ་ག་ལ་བ་ཞིག་ཏུ་ཆ་བ་ལ།  ལམ་རྒྱུས་ཡོད་མེད་ཀྱི་ཁྱད་པར་ཡོད་དོ།  དེ་ཕྱིར་སྔོན་བྱོན་མཁས་པའི་ཉམས་སུ་བསྟར་བའི་ཕྱག་བྲིས་ལས་རིག་པའི་བཅུད་བླངས་ནས།  རང་གི་ལག་ལེན་དུ་བཏབ་ན།  ཡུང་བ་དང་ནི་ཚ་ལ་ལས།།  ཁ་དོག་གཞན་ཞིག་སྐྱེ་བར་འགྱུར།།  ཞེས་པ་ལྟར་འབྲི་ཚུལ་གསར་བ་ངོ་མཚར་བའི་ཉམས་ཁྱད་པར་བ་ཞིག་ཀྱང་གདོན་པར་བྱ་ཐུབ།  མ་ཕྱི་དཔེར་ལེན་པའི་དབང་དུ་བཏང་ན།  བྲི་ལུགས་སྣ་ཚོགས་ཡོད་པ་དང་།   སོ་སོའི་གཟུགས་ཉམས་ཀྱང་དེ་འདྲ་མི་གཅིག   དེང་གི་ཡིག་དཔེ་ཞན་དཔར་མ་ཁོ་ནར་བཤད་ན།  སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་མཆོག་གིས་ཕྱག་བྲིས་གནངས་པའི་བོད་ཡིག་དབུ་ཅན་དབུ་མེད་ཀྱི་མ་ཕྱི་(མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༦༤ལོར་དཔར་པ) ཞེས་བྱ་བ་དང་། དབུ་ཅན་གྱི་མ་ཕྱི་ཐོན་མི་བཞད་སྒྲ་དང་། དབུ་མེད་ཀྱི་མ་ཕྱི་ཐོན་མིའི་མཛུབ་རིས།  (མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༨༠ལོར་དཔར་པ)    དྲུང་ཡིག་སྨོན་ལམ་རྒྱ་མཚོ་ལགས་་ཀྱིས་བྲིས་པའི་ཡིག་གཟུགས་བློ་གསལ་སྤྱི་ནོར།  (རྔ་བ་བོད་ཡིག་རྩོམ་སྒྱུར་ཁང་གིས་སྤྱི་ལོ་༡༩༨༢ལོར་དཔར་པ)
          ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༩༠ལོར་དཔར་པའི་གངས་ཅན་མཁས་པའི་ཕྱག་བྲིས་སྣ་ཚོགས་ཕྱོགས་བསྡུས་རིན་ཆེན་ཕྲེང་བ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༡ལོར་དཔར་བའི་བོད་ཀྱི་ཡི་གེའི་གཟུགས་རིས།  ཞེས་པ་དེ་ལ་རྒྱལ་ཡོངས་སྐབས་དང་པོར་འགྲན་རེས་བྱས་པའི་བོད་ཡིག་ཕྱག་བྲིས་མཛེས་པ་སྣ་ཚོགས་བསྡུས་ཡོད།  དཔེ་སྐྲུན་ཁང་དེ་གས་སྤྱི་ལོ༡༩༨༠ལོར་དཔར་པའི་བོད་ཡིག་གི་དཔེ་གཟུགས་བྱ་བ་སོགས་ཡོད་པར་མ་ཟད།  མཁས་པའི་དབང་བོ་ཚེཏན་ཞབས་དྲུང་ཚང་གིས་བྲིས་པའི་ཝརྟིའི་མ་ཕྱི་དང་།  ལལྗའི་ཐིག་འགྲེལ(སྤྱི་ལོ་༡༩༨༡པ་དང་༨༤ལོར་དཔར)།  གཞན་ཡང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༨༣པར་དཔར་བའི་དག་ཡིག་ཚོན་རིས་སྦྲགས་མ་སོགས་ཀྱང་ཡོད་དོ།
          དེས་ན་ཡིག་གཟུགས་སྦྱང་བར་འདོད་པའི་ལས་དང་པོ་བ་རྣམས་ཐོག་མར་ཐུག་པའི་གནད་དོན་ནི།  གང་གི་རྗེས་འཇུག  བྲི་ལུགས་གང་བསླབ།  ཇི་ལྟར་སྦྱང་བ་བཅས་ཡིན་ལ།  རང་རང་སོ་སོའི་ཡོན་ཏན་དང་།  དགའ་ཞེན་དང་།  བྱང་ཆ་སོགས་མི་གཅིག་པས།  ཐག་གཅོད་ལུགས་མཐའ་གཅིག་པའི་ངེས་པ་མི་འདུག རང་ཚུལ་དང་བསྟུན་པ་གལ་ཆེ་ཡང་། སྤྱིར་དབུ་ཅན་ནས་མགོ་བཟུང་བ་རབ་ཡིན་ཏེ།  གཅིག་ཏུ། བཀོལ་ས་ཁྱབ་ཆེ་བ་དབུ་ཅན་ཡིན། མིག་མཐོང་ལག་ཟིན་གྱི་དཔར་མ་གང་ཡང་དབུ་ཅན་ལས་མ་འདས།  དཔར་བར་བྱ་བའི་རྩོམ་ཞིག་བརྒྱབ་ན།  མ་ཕྱི་དབུ་ཅན་ཡིན་དགོས།  གན་རྒྱ་ལྟ་བུ་ཡིགེ་གལ་ཆེན་ཁག་གཟབ་བྲིས་ཡིན་ན།  དེ་འཕྲོར་ཡི་གེའི་ཁ་ནས་སྣོག་ལྡུར་མི་འབྱུང་།  གསར་བུ་པ་ལ་ཡི་གེ་བསླབས་ན།  ཐོག་མར་ཡིག་དཀར་ལ་བསྟེན་དགོས།  གཉིས་སུ།  བྲི་ལུགས་སྣ་ཚོགས་ཀྱི་གཞི་མ་དབུ་ཅན་ཡིན།  དབུ་ཅན་གྱི་སྨྱུ་གུ་གཟབས་ནས་འཇུག་པ་ཡིན་པས།  སྨྱུག་འགྲོས་ཀྱི་རིམ་པ་དང་རྣམ་བ་ཁ་གསལ་ཞིང་།  ཆ་ཤས་སོ་སོ་དྲང་འཕྲེད་གསེག་ཟླུམ་གང་ཡང་ཚད་དང་ལྡན་པ།  སྤྱིར་བྲི་ལུགས་གཅིགསཔ་ལ།  ཁྱད་ཆོས་ཐུན་མོང་བ་ཡིན་པས།  ལག་ལེན་དུ་འཇུག་བདེ།  ཇི་སྐད་དུ།  གཟབ་མ་ལངས་པ་ཚུགས་པ་འགྲོ། གཤར་མ་རྒྱུག་ཅིང་མྱུར་ཆེས་འཁྱུག།  ཟེར་བ་ལྟར། ཡི་གེ་སྦྱང་བ་བྱིས་པ་བསྐྱེད་བསྲིང་བ་དང་འདྲ།  ཐོག་མར་ཡར་ལ་ལང་རྒྱུ་བསླབ།  ལངས་ཚུགས་ཟིན་ཐོག་འགྲོ་ཚུལ་བསླབ།  འགྲོ་ཚུགས་ཟིན་དུས་བརྒྱུག་ཤེས་པར་འགྱུར་རོ།། དཔེ་འདིས་སླ་བ་ནས་དཀའ་བ་མཐར་ཆགས་པའི་གོ་རིམ་མངོན་པར་བསྟན་བྱུང་། དཔེ་དེ་བཞིན་ཐོག་མར་དབུ་ཅན་གྱི་འབྲི་ཚུལ་སྦྱང་དགོས།  སྦྱངས་སྦྱངས་ནས་ཚད་དུ་ཞོག་ཚེ།  བྲི་ལུགས་གཞན་དག་ལ་གཞི་བཟང་བོ་ཆགས་བྱུང་བས།  དེ་ནས་ཚུགས་ཐུང་བར་བྲིས་འཁྱུག་པ་སོགས་སྦྱངས་ན།  བོགས་འཐོན་པར་འགྱུར་སླའོ།།
        བྲི་ལུགས་གང་ཞིག་སྦྱང་བའི་ལག་ལེན་དུ་འཇུག་པར། ཐོག་མར་ཡིག་མཁན་གང་གི་ཕྱག་བྲིས་ལས་རང་དགའ་བ་ཞིག་མ་དཔེར་གདམ་དགོས།  གདམ་ག་མ་ནོར་བ་གལ་ཆེ་སྟེ།  བདམས་པ་བློ་ལ་མ་བབས་པར་བརྗེས་ཀྱིན་བསྡད་ན། ཡིག་གཟུགས་ཡ་མ་ཟུང་དུ་གྱུར་ནས་སྦྱངས་པ་གནད་དུ་མི་སྨིན། དེ་ཕྱིར་ཕྱག་བྲིས་གང་ཞིག་མ་ཕྱིར་བསྟེན་བྱུང་ཚེ་འདྲ་ཆགས་པར་སྦྱང་དགོས།  དེ་ཡང་བལྟས་ནས་སྦྱང་བ་དང།  གཟུར་ནས་སྦྱང་བ་དང་།  བློ་ལ་སྦྱང་བ་བཅས་གོ་རིམ་གསུམ་འདྲ་ཞིག་བརྒྱུད་དགོས།
        དང་པོ།  མ་དཔེར་བལྟས་ནས་སྦྱང་བ།
          ཐིག་ཁོང་དུ་དྲངས་ནས་བྲིས་ན་ཚོད་ཤིན་སླ།  དེ་ལ་ཐོག་མར་ཡིག་དཔེའི་སྨྱུག་འགྲོས་ཀྱི་ཆ་ཤས་གང་ཞེང་ཐིག་གམ་དཔངས་ཐིག་གང་ནས་གང་ལ་བསླེབས་པ།  སྣག་ལམ་ཐིག་ཁོང་གང་དུ་སྦོམ་པ།  གང་དུ་རིམ་གྱིས་ཕྲ་བ།  གང་ཞིག་ཐིག་ལ་བབས་པ།  གང་ཞིག་ལང་ཚེ་གང་ཙམ་ཆོད་པ།   གང་དང་གང་མཉམ་པ།  ཡང་ན་རིང་ཐུང་ཇི་ཙམ་འདུག་པ།  དཀར་ནག་བར་གྱི་ཆ་ཚད་ཇི་ཙམ་ཟིན་པ་སོགས་ལ་ལྟ་ཡགས་བྱས་ནས།  སེམས་ཀྱིས་ཚོད་འཛིན།  ལག་པས་རྗེས་སྙེག  རང་གི་ཐིག་བཏབ་པའི་ལང་ཚེའི་ནང་དུ་ཇི་མ་ཇི་བཞིན་འབྲི་ཐབས་བྱ།   ཡང་ཡང་སྦྱངས་ནས་སྨྱུག་འགྲོས་ཀྱི་འཇུག་པ་ཐིག་བབ་ཏུ་ཞོག་ཅིང་ཆ་ཚད་ཟིན་ཐོག   ཡི་གེའི་གྲུབ་ལུགས་གཟུགས་ཉམས་ཐོན་སྟངས་སོགས་མ་དཔེ་དང་འདྲ་བར་གྱུར་ཚེ།  བྲི་ལུགས་ཕལ་ཆེར་བློ་ལ་འཇགས་པར་གྱུར་པས།  ཐིག་མ་བཏབ་ཀྱང་འབྲི་ཚོད་ཟིན་ནོ།།
        གཉིས་པ།  མ་དཔེར་གཟུར་ནས་སྦྱང་བ།
          ལེགས་བྱས་གང་ཡང་ཤེས་པའི་རྗེས་འཇུག་ཡིན།  ཐིག་ཁོང་དུ་དྲངས་ནས་འབྲི་ལོབ་བྱུང་ཚེ། ཡི་གེའི་ཆ་ཚད་དང་གཟུགས་ཉམས་ཕལ་ཆེར་རྒྱུད་ལ་སྐྱེས་ཡོད་ཀྱང་རྩལ་དུ་ཐོན་མེད་པས།  ད་དུང་མ་དཔེ་ཞར་ཞོར་དུ་ལྟ་བའི་དགོས་པ་ཡོད་ཕྱིར།  མ་དཔེ་ཟུར་དུ་བཞག་ཅིང་གཟུར་ནས་སྦྱོང་བ་ན།  ཡི་གེ་གང་གི་སྨྱུག་འགྲོས་ཀྱི་འཇུག་པར་གསལ་ཁ་མེད་ན།  མ་དཔེ་དང་ཐོད་གཏུགས་ནས་རྒྱུས་ལོན་དགོས།  བྲིས་ཟིན་པ་རྣམས་ཡིག་དཔེ་དང་ཤན་སྦྱར་ནས་དཔྱད་པ་བཏང་།   ཐོད་མི་ཐུག་ས་ཡོད་ན་དག་པར་བཅོས།   དེ་ལྟར་རྟོགས་པ་ཇེ་ཟབ་དང་ཇེ་ཞིབ་ཏུ་བཏང་ནས།  སྨྱུག་འགྲོས་འཐེན་སྟངས།  སྨྱུག་ཁ་སྐོར་ཚུལ།  ཡི་གེའི་ཆ་ཚད།  གཟུགས་ཉམས་འདོན་ལུགས།  ཁྱད་ཆོས་མཚོན་ཐབས་ཁོང་དུ་ཆུད་འགྲོའོ།།
        གསུམ་པ།  མ་དཔེར་མི་བརྟེན་པར་བློ་ལ་སྦྱང་བ།
          མ་ཕྱིར་བརྟེན་པ་ནི་དཔེ་ལ་ཞུགས་པ་ཡིན་ཞིང་།  མ་ཕྱིར་བརྟེན་པ་ལས་གྲོལ་བ་ནི་དཔེ་ལས་ཐར་བ་ཡིན།  བློ་ལ་སྦྱོང་བ་ཡང་དཔེ་བླངས་པ་ཚོད་བགམ་པའི་གོ་རིམ་ཞིག་ཡོད།  རྙིང་བ་གཤར་སྦྱང་བྱས་ན།  བློ་སྐྱེ་གསར་བ་འབྱུང་རྒྱུ་ཡོད་པས།  བར་བར་དུ་མ་ཕྱི་གཤར་སྦྱང་རེ་བྱས་ན།  ཁྱད་ཆོས་སོགས་སྔར་མ་ཟིན་ས་ཟིན་རྒྱུ་ཡོད།  དེ་མིན་ཡི་གེ་རྩལ་དུ་འདོན་པར།  ཤོག་གུའི་སྟེང་དུ་བྲིས་ནས་སྦྱང་བ། ས་ལ་བྲིས་ནས་སྦྱང་བ།  ཉམས་སྣང་དུ་སྟོང་བར་བྲིས་ནས་སྦྱང་བ།  སྦྱང་བ་སྣ་ཚོགས་ཀྱིས་ཡི་གེ་འབྲི་རྩལ་འབྱོང་བར་བྱ་དགོས།  ཡིག་མཁན་ཐུན་མོང་བ་ཞིག་གི་གོ་ཆོད་དགོས་ནའང་།  དབུ་ཅན་ལེགས་པར་འབྲི་ཤེས་ཐོག  གཤར་མའི་བྲི་ལུགས་ཤིག་ཀྱང་ཤེས་དགོས།  ཟིན་བྲིས་སམ།  ཡིག་བསྐུར་རམ།  ཡི་གེ་རང་ག་བ་གང་རུང་ཞིག་གཟབས་ནས་བྲིས་ན་དལ་བས།  ཤར་མར་བྲི་དགོས།  བསྐུང་ཤེས་ན་ལྷག་པར་བཟང་ངོ་།།   ཡིག་མཁན་མཆོག་ཏུ་གྱུར་བ་ཞིག་བྱ་དགོས་ན།   ཡིག་རྩལ་སྦྱང་བ་ཁེར་མང་ཕེར་གསུམ་བརྒྱུད་དགོས།
          ཁེར་རྐྱང་ཞེས་པ།  ཕྱག་བྲིས་ཚད་ལྡན་གྱི་སྒོ་གཅིག་ལ་ཞུགས་པ་སྟེ།  སྦྱང་ལན་རེ་ལ་ཡི་གེ་བཅུ་ལས་གཅིག་གིས་དགའ།  བྲི་ལུགས་སྣ་གཉིས་གསུམ་ལས་སྣ་གཅིག་གིས་དགའ།  སྣ་ཁ་རེ་རེ་བཞིན་སྦྱོང་བར་བྱས་ན།  གནད་དུ་སྨིན་པ་སླ།  དེ་ལྟར་མ་ཡིན་པར།  ཐེངས་རེར་ཡི་གེ་མང་བའམ་བྲི་ལུགས་གཉིས་གསུམ་སྦྱོང་བར་བྱས་ན།   སྨྱུག་འགྲོས་ཀྱི་སྣ་ཁ་མང་བས་བློ་ལ་མྱུར་བར་མི་ཟིན།   ལག་ལ་མྱུར་བར་མི་འབྱོང་།  ཚེགས་ཆེ་དོན་ཆུང་།  རེ་བ་དང་འགལ་འགྲོ  དེས་ན་ཡི་གེ་རེ་རེ་དང་།  བྲི་་ལུགས་རེ་རེ་གནད་དུ་ཁེལ་བར་སྦྱངས་ན་བྱང་སླའོ།།  མང་བ་ཞེས་པ།   དཔེ་གཅིག་ལ་བརྟེན་ནས་སྒོ་མང་འགྲིམ་པ་སྟེ།   བྲི་ལུགས་སྣ་གཅིག་བྱང་ཐོག  དེ་དང་འབྲེལ་ཡོད་ཀྱི་བྲི་ལུགས་གཞན་རྣམས་ལ་བལྟ་དགོས།  ཕན་ཚུན་གོ་བསྡུ།  སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་སྣང་། ལེགས་ཆ་ཅི་མཆིས། དེ་ལྟར་བརྟགས་ཤིང་དཔྱད་པ་ལས། ཤེས་རྒྱ་ཆེ་ན།  ཕྱོགས་ལྷུང་ཉུང་འགྲོ ལེགས་ཉེས་བློ་མིག་གསལ་བའི་གདེང་ཐོབ་བོ།།
          ཕེར་བ་ཞེས་པ།  མང་བོའི་བཅུད་བསྡུས་ནས་རང་རྐྱ་ཕེར་བ་སྟེ།  ད་སྔའི་ཡིག་མཁན་རྣམས་ཀྱི་ཕྱག་རྒྱུན་བཟང་བོ་འཛིན་སྐྱོང་སྤེལ་བའི་སྒོ་ནས།  རང་གི་བྲི་ལུགས་གསར་བ་ཡིད་དུ་འོང་བ་ཞིག་གཏོད་དགོས།  དེ་ལ་བུང་བས་སྦྲང་རྩི་གསོག་པ་བཞིན།  མེ་ཏོག་ལྷུག་པར་གྲོལ་བ་གང་མང་གི་ཉིང་ཁུ་བླངས་ནས་བདུད་རྩིར་སྦྱར་བ་ལས།  མེ་ཏོག་གང་ཡང་མི་མཐོང་མོད།  མེ་ཏོག་སྣ་ཚོགས་གྱི་རོ་བརྒྱ་ལྡན་པ་ཞིག་ཏུ་གྲུབ་སྣང་།  ཡི་གེའི་མཛེས་ཉམས་ཁྱད་པར་བ་ཡིན་ན།  སུས་ཀྱང་ལྟ་འདོད་ལ་མཐོང་སྤྲོ་བ་ཞིག་གོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1