གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༢༦ཉིན།

༄༅།། ཚང་དཔལ།

སྡེ་དགེའི་བོད་ཤོག་ལག་རྩལ་གྱི་རྒྱུད་འཛིན་པ། ཚང་དཔལ།
སྒྲོལ་མ་ཚེ་བརྟན།
        དམངས་ཁྲོད་དུ་གནའ་ནས་ད་བར་དུ་ཨ་ལྕག་རེའུ་ལྕག་གི་ཤོག་བུ་བཟོ་བའི་ལག་རྩལ་ཡོད་ན་ཡང་ད་ལྟ་སྡེ་དགེ་རྫོང་དུ་དེའི་ལག་རྩལ་རྒྱུད་འཛིན་བྱེད་མཁན་ཧ་ཅང་དཀོན། ད་ལྟ་བོད་ཤོག་ལག་རྩལ་ཐད་བྱས་རྗེས་མི་དམན་པ་ཡོད་པའི་ཚང་དཔལ་ནི་ཁྱིམ་ཚང་གི་རྒྱུད་འཛིན་པ་ཞིག་ཡིན། ད་ལྟ་མོ་རང་གི་བཟོས་པའི་བོད་ཤོག་རྒྱལ་ཕྱི་ནང་ཀུན་ལ་ཁྱབ་ཡོད། ཚང་དཔལ་ནི་1965ལོར་དབོན་པོ་སྟོད་གྲོང་རྡལ་དུ་སྐྱེས་ལ་ཆུང་དུས་ནས་བཟུང་བོད་ཤོག་བཟོ་བའི་མ་ལགས་ཀྱི་ལག་རོགས་ཆུང་ཆུང་དེ་ཡིན། ལོ་ནར་སོན་རྗེས་སྡེ་དགེ་རྫོང་འཕྲོད་བསྟེན་ཅུས་ལ་ལས་ཀར་ཞུགས། མ་ལགས་ལོ་ན་བགྲེས་པ་དང་བསྟུན་ནས་མིང་སྲིང་ཚོའི་གྲལ་ནས་ཚང་དཔལ་ཨ་དུག་རུའུ་ལྕག་གི་ཤོག་བུ་བཟོ་བའི་རྒྱུན་འཛིན་པར་གྱུར། ཁོ་མོས་སྡེ་དགེ་རྫོང་གི་ལས་བྱེད་པའི་བདེ་སྐྱིད་ཀྱི་འཚོ་བ་རྒྱབ་ཏུ་བསྐྱུར་ནས་རང་ཁྱིམ་དབོན་པོ་སྟོད་དུ་ཕྱིན་ནས་རང་གི་མ་ལགས་ཀྱི་སྐུ་མདུན་ནས་ཨ་ལྕག་རུའུ་ལྕག་གི་ཤོག་བུ་བཟོ་བའི་ལག་རྩལ་ལ་སྦྱངས་པ་རྩེ་གཅིག་ཏུ་བྱས།
        སྤྱི་ལོ་2006ལོ་ནས་2018ལོའི་བར་དུ་རྒྱུད་འཛིན་མི་སྣ་གསོ་སྐྱོང་ཐད་ལ་ལག་རྩལ་སློབ་སྟོན་བྱེད་སའི་མི་བཅུ་བདུན་ཙམ་ཡོད་ལ། དེ་དག་ཏུ་གྲྭ་བ་དང་ཁྱིམ་ཚང་དཀའ་ངལ་ཅན། སློབ་མ་སོགས་འདུས། མིག་སྔའི་བར་དུ་ཁོ་ཚོས་ཤོག་བུ་བཟོ་བའི་ལག་རྩལ་ཡོངས་སུ་སྦྱངས་ཟིན་པ་དང་ཁེར་རྐྱང་དུ་ཤོག་བུ་བཟོ་ཐུབ་པ་མ་ཟད་བཟོས་པའི་ཤོག་བུའི་རྒྱུ་སྤུས་ཡང་བཟང་།
ཚང་དཔལ་གྱིས་ཤོག་བུ་བཟོ་བཞིན་པ།

        བོད་ཤོག་ལག་རྩལ་གྱི་རྒྱུད་འཛིན་པ་ཚང་དཔལ་ནི་ཁྱིམ་རྒྱུད་ཀྱི་ལག་རྩལ་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས། སྡེ་དགེ་ནས་བོད་ཤོག་ཐོན་སྐྱེད་བྱས་ནས་ད་བར་དུ་ལོ་བཅུ་ལྷག་གི་ཉམས་མྱོང་དང་ལོ་རྒྱུས་ཡོད། ཁོ་མོས་ཐོན་སྐྱེད་བྱས་པའི་བོད་ཤོག་ལ་རྒྱལ་ཕྱི་ནང་གཉིས་ཀྱི་མི་སྣ་ཚོས་དགའ་བསུ་ཆེན་པོ་ཐོབ། ཚང་དཔལ་གྱི་སྣེ་ཁྲིད་དང་སློབ་སྟོན་འོག་ཏུ་སྡེ་དགེ་ཡི་ཁྱིམ་འབྱོར་པ་ཞན་པའི་ཁྱིམ་ཚང་མང་པོས་ཕྱོགས་གཅིག་ནས་བོད་ཤོག་བཟོ་བའི་ལག་རྩལ་སྦྱངས་པ་དང་ཕྱོགས་གཞན་ཞིག་ནས་བོད་ཤོག་གིས་རྗེས་དྲན་དངོས་པོ་སྣ་མང་ཐོན་སྐྱེད་བྱས། ཁོ་མོས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གོང་འཕེལ་ལ་ནུས་པ་ཆེན་པོ་མཁོ་སྤྲོད་བྱས་ལ་ལྷག་པར་ཏུ་ཁྱིམ་འབྱོར་པ་ཞན་པའི་མང་ཚོགས་དང་ཡི་གེ་མི་ཤེས་པ། ཁེར་རྐྱང་ཡིན་པའི་ལོ་ལོན། ལས་ཞུགས་དཀའ་ངལ་ཆེ་བའི་མི་སོགས་ལ་རོགས་རམ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་སྣེ་ཁྲིད་བྱས།
        2006ལོ་ནས་ད་བར་གྱི་ལོ་ངོ་12ལྷག་གི་རིང་ལ་བོད་ཤོག་བཟོ་བའི་ངལ་རྩོལ་དང་དཀའ་ངལ་ལ་མགོ་མ་སྒུར་བར་བོད་ཤོག་དེ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་བཀྲམས། 2006ལོར་སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཅིན་ཕིང་ལ་བོད་ཤོག་མཁོ་སྤྲོད་བྱས་ནས་ཀྲུང་གོའི་ཆེས་ཐོག་མའི་བོད་ཤོག་པར་ལེན་བརྩམས་ཆོས་སུ་འགྲེམས་སྟོན་བྱེད་པར་རྒྱབ་བསྟེན་བྱས་པ་དང་བོད་ཤོག་གི་ཤུགས་རྐྱེན་དང་ཀུན་གྱིས་བོད་ཤོག་ངོ་ཤེས་པའི་ཚད་ཇེ་མཐོར་བཏང་།
        2006ལོའི་ཟླ་3པར། ཀྲུང་གོའི་སྐབས་དང་པོའི་བོད་ཤོག་པར་ལེན་བརྩམས་ཆོས་ཀྱི་འགྲེམས་སྟོན་ཁྲེན་ཏུའུ་གྲོང་ཁྱེར་ནས་སྤེལ་ལ་བེད་སྤྱོད་བྱེད་པའི་བོད་ཤོག་ནི་ཚང་དཔལ་ནས་མཁོ་འདོན་བྱས་ཤིང་། ཧྲང་ཧེ་དང་པེ་ཅིང་། ཕུའུ་ཡོན། ཞང་ཀང་དང་ཨོ་མིན་སོགས་གནས་དྲུག་ནས་སྐོར་བསྐྱོད་འགྲེམས་སྟོན་བྱས།
        2016ལོའི་ཟླ་11པར། སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་སྟོན་ལས་དཀར་མཛེས་ཁུལ་ཆེད་དོན་འོས་སྦྱོར་ཚོགས་འདུར་ཞུགས།
        2017ལོར་ཀོང་ཀྲུའུ་རིག་གནས་ཡུལ་སྐོར་དངོས་པོའི་ཐོན་རྫས་འགྲེམས་སྟོན་ལ་ཞུགས་ནས་བོད་ཤོག་བཟོ་བའི་ལག་རྩལ་ཀོང་ཀྲུའུ་བརྙན་འཕྲིན་ཁང་ནས་ཁྱབ་བསྒྲགས་བྱས། མ་ཟད་སྔ་རྗེས་སུ་ཧུའུ་ནན་བརྙན་འཕྲིན་ཁང་དང་སི་ཁྲོན་བརྙན་འཕྲིན་ཁང་། ཀན་སུའུ་བརྙན་འཕྲིན་ཁང་སོགས་སུ་ཡང་མངག་གཏོང་བྱས།
        2017ལོའི་ཟླ་5པའི་ཚེས་20ཉིན་ནས་ཟླ་6པའི་ཚེས་10ཉིན་བར། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སློབ་གླིང་གི་གདན་ཞུ་ལྟར་ལག་བཟོས་ཤོག་བུ་ཞིབ་འཇུག་སུའོ་རུ་ཉམས་མྱོང་བརྗེ་རེས་བྱེད་སར་སོང་ལ་གོམ་གང་མདུན་སྤོས་སྒོས་ལག་ཤེས་ཤོག་བཟོའི་རྒྱུད་འཛིན་དང་འཕེལ་རྒྱས་ལ་ཁག་ཐེག་བྱས།
        2017ལོའི་ཟླ་6པའི་ཚེས་26ཉིན། ཧྲང་ཧའེ་ཧྥུའུ་ཏན་སློབ་ཆེན་གྱི་ཀྲུང་ཧྭའི་དཔེ་རྙིང་ཞིབ་འཇུག་སྲུང་སྐྱོབ་ཞིབ་འཇུག་ཁང་གི་གདན་ཞུ་ལྟར་མཉམ་མྱོང་བརྗེ་རེས་བྱེད་སར་སོང་བ་དང་། ཀྲུང་ཧྭ་གནའ་གཞུང་ཐོན་ཁུངས་ཀྱི་ཁྱབ་བསྒྲགས་དང་སྲུང་སྐྱོང་བྱ་བར་སྐུལ་འདེད་བྱས།
        2018ལོའི་ཟླ་1པའི་ནང་དུ་2018ལོར་ཅིན་ཏུང་དང་དཀར་མཛེས་ཁུལ་གྱི་གློག་རྡུལ་ཚོང་དོན་ཐོན་རྫས་ཀྱི་དབུལ་སྐྱོར་མཉམ་ལས་འཛུགས་པའི་མཛད་སྒོ་ཞུགས་པར་མ་ཟད་བོད་ཤོག་འགྲེམས་སྟོན་བྱས།
        2018ལོའི་ཟླ་9པར་བོད་ཤོག་བཟོ་བའི་ལག་རྩལ་དཀར་མཛེས་ཁུལ་གྱི་ཤེས་ལྡན་མི་སྣའི་ལས་གཏོད་འགྲན་བསྡུར་ཆེན་མོར་ཞུགས་ནས་བྱ་དགའ་ཡང་ཐོབ། ལག་ཤེས་བཟོ་ལས་ཀྱི་བོད་ཤོག་ནི་བོད་རིགས་རིག་གནས་ཁྲོད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། དེ་རུ་བོད་མི་རིགས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་ལ་དེ་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་རྟེན་གཞི་ཞིག་ཀྱང་ཡིན། ཁོ་མོས་ཁྱིམ་རྒྱུད་ཀྱི་ཤོག་བུའི་ལག་རྩལ་རྒྱུད་འཛིན་བྱས་ཡོད་པ་དང་འབད་པ་ཆེན་པོས་སློབ་སྦྱོང་བྱེད་པ། ལོ་ངོ་བཅུ་ལྷག་ལ་ལས་ཀ་དེར་སྤྲོ་སྣང་ལྡན་པ་དང་གཟབ་ནན་ཡིན་པ། ཞིབ་ཚགས་ལྡན་པ་བཅས་ཀྱིས་ད་ལྟའི་གྲུབ་འབྲས་འདི་ཐོབ། རྒྱལ་ཕྱི་ནང་གི་མི་རིགས་གཞན་པ་མང་པོར་བོད་མི་རིགས་ཀྱི་ཤེས་རབ་དང་རིག་གནས་རྒྱུས་ལོན་བྱེད་དུ་བཅུག་པ་དང་ལྷག་པར་དུ་རང་མི་རིགས་ཀྱིས་རང་མི་རིགས་ཀྱི་ལག་རྩལ་ལ་རྒྱུད་འཛིན་དང་དོ་སྣང་བྱེད་པར་སྐུལ་མ་བྱས་ཡོད། འདི་ནི་ཁོ་མོ་སྟེ་ཚང་དཔལ་གཅིག་པུའི་དགའ་ཕྱོགས་མིན་པར་འདི་ནི་ཁོ་མོ་ཏེ་བོད་མི་ཞིག་ཡིན་པའི་འོས་འགན་དེ་ཡིན་ནོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1