གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བོད་ལྗོངས་ཞིབ་འཇུག རྩོམ་སྒྲིག་པ།ཡོང་ཁུངས།དབང་གྲགས་དང་ཡར་འགྲོ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༢༧ཉིན།

༄༅།། ལྡེའུ་དང་ཁེད་གཉིས་ཀྱི་ཁྱད་པར་རགས་ཙམ་བརྗོད་པ།

དབང་གྲགས་དང་ཡར་འགྲོ།
          བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་ལྷ་ཐོ་ཐོ་རི་གཉན་བཙན་ཡན་བོད་ཀྱི་རྒྱལ་རབས་ཉེར་བདུན་ནམ་གནམ་རི་སྲོང་བཙན་ཡན་རྒྱལ་རབས་སོ་གཅིག་རིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་རླུང་ལྟར་གྲགས་ཀྱང་རྒྱལ་པོ་སྤུ་དེ་གུང་རྒྱལ་ཡན་ལ་སྒྲུང་ལྡེའུ་གཉིས་དར་མིན་ལོ་རྒྱུས་ལས་གསལ་ཁ་ཅན་ཞིག་གསུངས་པར་མ་མཐོང་། བོན་ནི་རྗེ་གཉན་ཁྲི་བཙན་པོའི་སྐུ་རིང་དུ་བྱུང་བའི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པས་མཚོན་ཏེ། དེ་ནས་བཟུང་འཕེལ་འགྲིབ་རེ་ཟུང་བྱུང་ཡང་རྒྱལ་པོ་གནམ་རི་སྲོང་བཙན་ཡན་ཆོད་ལ་རྡོལ་བོན་དང་འཁྱར་བོན་སོགས་བརྒྱུད་ནས་ཇེ་འཕེལ་ཇེ་རྒྱས་སུ་སོང་ཡོད། ལྡེའུ་དར་ནས་རྒྱལ་སྲིད་ལ་སྤྱོད་པའི་དུས་ནི་ལོ་རྒྱུས་དེབ་ཐེར་ལས་ཕལ་ཆེར་གཅིག་མཐུན་དུ་གསུངས་ཏེ། རྒྱལ་པོ་སྤུ་དེ་གུང་རྒྱལ་སྐུ་རིང་དུ་ཡིན་པར་བཞེད།
          དེ་ཡང་རྗེ་གཉའ་ཁྲི་བཙན་པོས་སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་པས་དེ་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་བ་ལྟ་བུར་གྱུར། དེ་ནས་རིམ་བཞིན་ཕན་ཚུན་བར་འབྲེལ་འདྲིས་ཉུང་བའི་འབྲོག་པའི་འཚོ་བ་སྤྱོད་སྟངས་སོགས་འགྱུར་ལྡོག་བྱུང་ནས་སྤྱི་ཚོགས་རྙོག་འཛིང་དུ་གྱུར་པས་མཐར་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ་བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་འཕྲོག་པ་དང་། རིང་རིང་མིན་དུ་རུ་ལས་སྐྱེས་ཀྱིས་ལོ་ངམ་བསད་ནས་སྔར་སྤོ་བོའི་ཡུལ་སོགས་ལ་སྤྱུགས་པའི་རྒྱལ་སྲས་གསུམ་ནང་ནས་སྲས་བྱ་ཁྲི་གདན་དྲངས་ནས་རྒྱལ་སར་བསྐོས། རྒྱལ་པོའི་ལམ་ལུགས་སླར་གསོ་བྱུང་། སྐབས་དེར་དབང་སྒྱུར་གྲལ་རིམ་གྱི་བསམ་པའི་འདུ་ཤེས་ནང་བློན་འབངས་སོགས་ཀྱིས་ཡོ་ལངས་བྱེད་པའི་དོགས་པ་ལྡོག་་ཏུ་མེད་པར་ས་འཆར་བཞིན་ཡོད་པས། དེའི་ཕྱིར་འོག་ནས་ཡོ་ལངས་མི་ཡོང་བ་དང་ཡོང་བ་ལ་འགོག་རྒོལ་བྱེད་པའི་ཐབས་སོགས་ལ་འབད་པ་རྒྱ་ཆེར་བྱེད་པ་ཡིན། རྒྱལ་པོ་སྤུ་དེ་གུང་རྒྱལ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མིང་ཞིག་ཡིན་ཏེ། བུ་དེ་ཀུན་ལས་རྒྱལ་ཞེས་པའི་ཀུན་ལས་རྒྱལ་ནི་སྔོན་གྱི་རྒྱལ་པོ་གཉའ་ཁྲི་སོགས་ཀུན་ལས་རྒྱལ་ཞིང་ཁྱད་དུ་འཕགས་པའི་ཡོན་ཏན་ཡོད་པའི་བརྡ་མཚོན་ཡིན་པས། རྒྱལ་པོ་སྤུ་དེ་གུང་རྒྱལ་ནི་སྔ་རབས་རྒྱལ་པོ་ཀུན་ལས་མཐོང་རྒྱ་ཆེ་ཞིང་ཡོན་ཏན་ཁྱད་པར་འཕགས་པ་དང་། མཛངས་མི་མི་བདུན་གྱི་དང་པོ་བློན་པོ་རུ་ལས་སྐྱེས་ཀྱང་སྔར་བྱུང་བློན་པོ་ཀུན་ལས་མཆོག་ཏུ་གྱུར་ཡིན་པས། མཁས་མཛངས་ལྡན་པའི་རྒྱལ་བློན་དེ་གཉིས་དུས་གཅིག་ཏུ་འཛོམས་པ་ལ་གཙུབས་ཤིང་ལས་མེ་འབྱུང་བ་ལྟ་བུ་རྟེན་འབྲེལ་འགྲིགས་ཏེ། ས་པཎ་གྱིས། “བློ་གྲོས་ལྡན་པ་གཉིས་བགྲོས་ན། བློ་གྲོས་ལེགས་པ་གཞན་འབྱུང་སྲིད། ཡུང་བ་དང་ནི་ཚ་ལ་ལས། ཁ་དོག་གཞན་ཞིག་སྐྱེ་བར་འགྱུར་” (1)ཞེས་གསུངས་པ་ལྟར་རྒྱལ་པོས་སྔར་སྤོ་བོའི་ཡུལ་གྱི་ཆབ་སྲིད་སྐྱོང་སྟངས་སོགས་དང་ཕ་མེས་ཀྱི་སྲིད་ལུགས་སོགས་ཀྱི་ཉམས་མྱོང་ཕྱོགས་གཅིག་ཏུ་བསྡུས་ནས་སྐབས་དེའི་སྤྱི་ཚོགས་འཕེལ་འགྲོས་དང་བསྟུན་ཏེ་སྔར་གྱི་བོན་ཆོས་གཞིར་བཞག་ནས་སྒྲུང་ལྡེའུ་ཞེས་པའི་ཆབ་སྲིད་སྐྱོང་བྱེད་ཀྱི་ལག་ཆ་གསར་གཏོད་མཛད། འོ་ན་བོད་དུ་དམ་པའི་ཆོས་མ་དར་གོང་བཙན་པོའི་རྒྱལ་རབས་ཀྱི་སྲིད་དབང་སྲ་བརྟན་ཐུབ་བྱེད་ཀྱི་སྒྲུང་ལྡེའུ་བོན་གསུམ་ཞེས་རླུང་ལྟར་གྲགས་པ་དེ་ལ་ཇི་ལྟར་ངོས་འཛིན་བྱེད་ཅེ་ན། འདིར་བོན་སྒྲུང་བཤད་པའི་སྐབས་མིན་པས་རེ་ཞིག་བཞག་ཏེ། ལྡེའུའི་ངོས་འཛིན་ཚུལ་སོགས་རགས་ཙམ་བཤད་ན། དེང་སྐབས་མཁས་དམན་བར་མ་ཕལ་ཆེར་གྱིས་ལྡེའུ་ནི་ཁེད་དམ་ལྡེབས་ལ་ངོས་ས་འཛིན་པར་གདའ། དེ་ནི་ཤིན་ཏུ་མི་འཐད་དེ་འོག་ནས་འཆད་པར་བྱའོ། དེ་ཡང་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས། “གབ་ཚིག་ཅེས་བྱ་བ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ལ་སོགས་པ་རྣམས་ཀྱིས་སྐུ་སྐའམ་ལྡེའུ་ཞེས་བསྒྱུར་པ་ནི་གངས་ཅན་བོད་ཡུལ་འདིར་དམ་པའི་ཆོས་མ་དར་བའི་གོང་རོལ་དུ་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཟེར་བའི་ལྡེའུ་དེ་ཡིན་ཏེ། ད་ལྟ་ལྡེབས་རྒྱགས་པའམ་བསྐུལ་བར་གྲགས་པ་འདི་ཡིན། དེས་ན་གབ་ཚིག་ཀྱང་འདི་དང་གཅིག་ཡིན་”(2)ཞེས་དང་། ཚེ་ཏན་ཞབས་དྲུང་རིན་པོ་ཆེས། “གནའ་དུས་བོད་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆད་དུ་བོད་ལ་ཡི་གེ་མེད་པའི་རིང་ལ་རྒྱལ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པའི་ནང་ཚན་གྱི་ལྡིའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་ལ་” (3)ཞེས་དང་། གཞན་ཡང་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀུན་བྱང་ཆུབ་པའི་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་དང་དམུ་དགེ་བསམ་གཏན་སོགས་ཀྱིས་མཛད་པའི་སྙན་ངག་གི་གཞུང་རྩོམ་ཡོད་དོ་ཅོག་ལས་ལྡེའུ་དང་ཁེད་གཉིས་དོན་གཅིག་ཡིན་པར་བཞེད་འདུག སྤྱིར་བཏང་སྙན་འགྲེལ་དག་ལས་བཤད་ཚུལ་འདི་ལྟར་མཛད་པ་ལ་དོགས་པ་ཟ་དགོས་དོན་ཆེར་མེད་མོད། ལོ་རྒྱུས་དེབ་ཐེར་ལས་མགྲིན་དབྱངས་གཅིག་གིས་གདུང་རབས་ཉེར་བདུན་ནས་སོ་གཅིག་བར་ཆབ་སྲིད་སྒྲུང་ལྡེའུ་བོན་གྱིས་བསྐྱངས་ཞེས་གསུངས་པ་ལྟར་ན། ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཙམ་དུ་འགྲེལ་པའམ་དོན་གཅིག་པར་བཞེད་པ་ལ་རིགས་པས་དཔྱད་ན་འཐད་ལྡན་དུ་སྒྲུབ་དཀའ་བར་མཐོང་སྟེ། འདིར་ལྡེའུ་དང་ཁེད་ཀྱི་ཁྱད་པར་རགས་ཙམ་བརྗོད་པ་ལ། ཐ་སྙད་ཀྱི་ཁྱད་པར། སྤྱི་བྱེ་བྲག་གི་ཁྱད་པར། དུས་ཀྱི་ཁྱད་པར། ནུས་པའི་ཁྱད་པར་བཅས་བཞི་ལས།
          དང་པོ། ཐ་སྙད་ཀྱི་ཁྱད་པར། ལྡེའུ་ནི་རིག་པའམ་མཁྱེན་པ་ལ་གོ་དགོས་ཏེ། 《         ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། “ལྡེའུ་ཞེས་པ་ནི་རིག་པའམ་མཁྱེན་པ་དང་།” (4)ཞེས་ཞང་ཞུང་སྐད་དུ་འདོད་པ་ནི་རྣམ་དཔྱོད་ཅན་གྱི་ཚིག་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་མིང་ལ་ལྡེའམ་ལྡེའུ་ཞེས་པ་ཤིན་ཏུ་མང་ལ་མིང་བཏགས་པ་ལ་གཙིགས་ཆེར་འཛིན་པའི་བོད་ལུགས་ལྟར་ན། དེ་དག་ལ་རྒྱུ་མཚན་གང་རུང་ཞིག་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་ལྡེའམ་ལྡེའུ་དང་འབྲེལ་བའི་ས་བཙན་པོའི་མཚན་ཕལ་ཆེར་ལ་བོད་ཀྱི་སྐད་ཐོག་ནས་རྒྱུ་མཚན་འདི་ཡིན་ཞེས་སུས་ཀྱང་བཤད་མ་མྱོང་ལ་འཆད་རྒྱུ་ཡང་མེད་པར་ཤིན་ཏུ་གསལ་ལོ། དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “གཉའ་བར་ཁྲི་ལ་བཏེག་ནས་སྤྱན་དྲངས་པས། མཐོང་ཐོས་ཐམས་ཅད་འདུད་ཅིང་ངོ་མཚར་སྐྱེས། མཚན་དུ་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས་” (5) ཞེས་དང་། ཡང་དེ་ལས། “ཁྱེད་ཀྱི་བུ་དེ་ཀུན་ལས་རྒྱལ་འགྱུར་ཞེས། ། བརྗོད་པ་ཐོས་པས་དེ་ཉིད་མཚན་དུ་ཆགས། །འབངས་ཀྱི་སྒྲ་ཉམས་པུ་དེ་གུང་རྒྱལ་གྲགས། །” (6)ཞེས་རྗེ་གཉའ་ཁྲི་བཙན་པོ་དང་སྤུ་དེ་གུང་རྒྱལ་གྱི་མཚན་བཏགས་དོན་དང་། 《བཀའ་ཆེམས་ཀ་ཁོལ་མ་ལས》“དེ་ལ་དང་པོ་ལྷ་ཞེས་བྱ་བ་ནི་འོད་གསལ་ལྷའི་གདུང་རིགས་ཡིན་པས་ན་ལྷ་ཞེས་བྱའོ། ཐོ་ཐོ་རེ་ཞེས་བྱ་བ་བོད་ཀྱི་རྗེ་རུ་ཐོ་ཐོ་བ་བོད་ཀྱི་རྒྱལ་པོ་རེ་བས་ན་ཐོ་ཐོ་རེ་ཞེས་བྱའོ། དམ་པའི་ཆོས་ཀྱི་དབུ་རྙེད་དུ་ཐོབ་དང་དེ་ལ་བྱིན་རླབས་ཡོད་པས་ཀྱང་ཐོ་ཐོ་རེ་ཞེས་བྱའོ། གཉན་ཞེས་བྱ་བ་ནི་གཉན་མོ་གུང་སྨན་ལ་སྐྱེས་པས་ནི་གཉན་ཞེས་བྱའོ། བོད་འབངས་ཐམས་ཅད་ཀྱིས་ཁོའི་ཅི་ཟེར་ལ་གཉན་པས་ཀྱང་གཉན་ཞེས་བྱའོ། ཤེས་ཞེས་བྱ་བ་ནི་རྒྱལ་པོའི་བློན་པོ་ཤེས་ཞེས་བྱ་བ་བྱས་པས་ཤེས་ཞེས་བྱའོ། ཤེལ་གྱི་མཆོད་རྟེན་བང་རིམ་བཞི་བ་ཅིག་ཕྱག་ཏུ་བྱུང་བས་ཀྱང་ཤེས་ཞེས་བྱའོ།”(7)ཞེས་སོགས་བོད་ཀྱི་རྒྱལ་པོའི་མཚན་ལ་སྒྲུང་གཏམ་དང་འབྲེལ་བའི་རྒྱུ་མཚན་གང་རུང་ཞིག་བཤད་རྒྱུ་ཡོད་པ་ནི་གོང་དུ་ལུང་དྲངས་པ་དེ་ཙམ་གྱིས་ཀྱང་གསལ་བོར་ཤེས་ཐུབ། འོན་ཀྱང་སྤུ་དེ་གུང་རྒྱལ་སྤོ་བོའི་ཡུལ་དུ་ལོ་ཁ་ཤས་བཞུགས་ནས་སླར་བོད་ལ་ལོག་རྗེས་ཆབ་སྲིད་བསྐྱངས་ཐབས་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ཐབས་སྣ་གསར་གཏོད་བྱས་ཤིང་། དེ་ནས་བཟུང་བར་གྱི་ལེགས་དྲུག་དང་སའི་ལྡེ་བརྒྱད་བར་དུ་རྒྱལ་པོའི་མིང་ཡང་བོད་ཀྱི་སྐད་མིན་པ་མ་ཟད་བོན་གྱི་ནང་དོན་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་བཏགས་སྲོལ་བཙུགས། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། “བོད་ཀྱི་རྒྱལ་པོ་རེ་ལ་རྒྱལ་པོའི་སྐུ་གཤེན་གྱི་བོན་པོ་རེའང་ཡོད་པ་དང་། རྒྱལ་པོའི་སྲས་རྣམས་སྐུ་འཁྲུངས་པའི་སྐབས་སུ་རྒྱལ་པོའི་སྐུ་གཤེན་གྱིས་རྒྱལ་སྲས་བོན་གྱི་ཚན་ཁྲུས་ནས་ས་མས་ཕྱུངས་ཏེ་མཚན་གསོལ་་ཡོད་པ་དང་། མཚན་དེའང་གནའ་རབས་ཀྱི་རང་གཤིས་མི་ཉམས་པ་ས་དང་། བོན་སྐྱོང་གི་རྒྱལ་རབས་ཡིན་པའི་ཆེ་རྟགས་སུ། ཞང་ཞུང་གི་སྐད་ལས་དྲངས་པའི་མཚན་རེ་གསོལ་བའི་ལུགས་སྲོལ་རྒྱུན་མ་ཆད་པ་བྱུང་ཡོད།”(8) ཅེས་པ་དེ་བཞིན་དུ་ལྡེའུ་ཞེས་པ་ཡང་རྒྱལ་པོ་སྤུ་དེ་གུང་རྒྱལ་དུས་སུ་ཞང་ཞུང་སྐད་ཐོག་ནས་དྲངས་ཏེ་བཏགས་པའི་ཐ་སྙད་ཅིག་ཡིན་ཏེ། རྒྱལ་པོ་འདིའི་དུས་སུ་བོད་ལ་ཕྱི་ཕྱོགས་རིག་གནས་ཐོག་མར་གདན་དྲངས་ཤིང་བོད་ཀྱི་རིག་གནས་དར་རྒྱས་སུ་ཕྱིན་པའི་བསྐལ་བ་བཟང་པོ་ཞིག་ཡིན་སེམས།གཞན་ཡང་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་ཞེས་པ་ལ་བློ་རྣལ་དུ་ཕབ་སྟེ་རྒྱུ་མཚན་དོན་དངོས་དང་སྦྱར་ནས་བཤད་སྐབས་ཀྱང་ལྡེའུ་ལ་རིག་པའམ་མཁྱེན་པ་ཞེས་འགྲེལ་ན་ཤིན་ཏུ་ནས་ཀྱང་བཤད་བདེ་ཞིང་རིགས་པ་དང་མི་འགལ་བ་དང་། བོད་གངས་ཅན་ལྗོངས་སུ་སྔ་ཕྱི་རིམ་བྱོན་གྱི་དག་ཡིག་ཚད་ལྡན་ཁག་ལས་ལྡེའུ་ནི་བོད་ཀྱི་དེབ་ཐེར་ག་གེ་མོའི་ནང་གསུངས་པའི་སྒྲུང་ལྡེའུ་བོན་གྱི་ལྡེའུ་ཞེས་པ་དེའོ་ཞེས་ལུང་འདྲེན་ཙམ་ལས་ཁེད་ཀྱི་བརྡ་རྙིང་ཁོ་ནར་ངེས་པར་མ་གསུངས་ཤིང་དེ་དག་གིས་ཀྱང་དོན་འགྲེལ་བྱས་པ་ཙམ་གཏོགས་སྒྲ་འགྲེལ་བྱེད་དཀའ་བས་བཏང་སྙོམས་སུ་བཞག་པ་དང་། གོང་གི་རྒྱལ་པོ་དེ་དག་གི་མིང་ལ་ཅུང་ཙམ་དཔྱད་པས་ཀྱང་ལྡེའུ་ལ་ཁེད་ལས་ཟབ་ཅིང་རྒྱ་ཆེ་བའི་དོན་ཞིག་གོ་རྒྱུ་ཡོད་པ་ནི་ང་ཚོའི་རྟོག་ངོར་བདེ་བླག་ཉིད་དུ་འཆར་ཐུབ་པ་མ་ཟད། གལ་སྲིད་ལྡེའུ་ཁེད་ཀྱི་བརྡ་རྙིང་ཡིན་ན། སྐད་གསར་བཅད་རྗེས་སུ་བྱུང་བའི་རྒྱལ་རབས་གསལ་མེ་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་ཅི་ཕྱིར་ཁེད་སྒྲུང་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་ཞེས་མི་སྨྲ། དེའི་ཕྱིར་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཙམ་དུ་ངོས་བཟུང་ན་ཁྱབ་ཆུང་བའི་སྐྱོན་ཡོད་པ་ཤིན་ཏུ་གསལ་ལོ།
          ཁེད་ནི། ཚོགས་ཀྱི་དབུས་སུ་ཀུ་རེ་བྱེད་པ་དང་རིག་པ་འགྲན་པ་སོགས་ཀྱི་དོན་རྗོད་བྱེད་ཚིག་གིས་སྦས་ནས་བཤད་ཅིང་ཨེ་ཁེལ་མི་ཁེལ་ལྟ་བའི་རྩེད་མོའི་རིག་པ་ཞིག་སྟེ། ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི་《སྙན་ངག་མེ་ལོང་གི་སྤྱི་དོན་སྡེབས་ལེགས་རིག་པའི་འཆར་སྒོ་》ལས།“གབ་ཚིག་ཅེས་པ་ནི་བློས་བཏགས་ཀྱི་འདྲ་བཞག་སྣ་ཚོགས་པས་སྐུང་ཚིག་བཤད་པ་ལ། ད་ལྟ་ཕལ་སྐད་དུ་ཁེད་ཟེར་བ་འདི་དང་འགྲོ་ཕྱོགས་འདྲའོ།། ”(9) ཞེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། “ཁེད་ནི་དམངས་ཁྲོད་དུ་ཡོད་པའི་གབ་ཚིག་གི་བརྡ་ཞིག་སྟེ།”(10)ཞེས་དང་། དག་ཡིག་གསར་བསྒྲིགས་ལས། “གབ་ཚིག་ནི་སྙན་ངག་གི་རྒྱན་ཞིག་གི་མིང་། དམངས་ཁྲོད་དུ་ཁེད་ཟེར།” (11) ཞེས་སོགས་གསུངས་སོ། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་མཁན་ཚོས་ཁེད་དང་གབ་ཚིག་སྐོར་ལ་གསུང་མཆིད་མང་པོ་གནང་འདུག་པ་ལ་ཞིབ་ཏུ་དཔྱད་ན་འདོད་པ་གཉིས་ལས་མ་འདས་ཏེ། ཁེད་དང་གབ་ཚིག་གཉིས་གཅིག་མཐུན་སྨྲ་བ་དང་ཁྱད་པར་སྨྲ་བའོ། འོན་ཀྱང་དོན་དམ་དུ་དེ་གཉིས་རྣམ་པ་ཀུན་ཏུ་གཅིག་མཐུན་ཡང་མིན་ལ་ཚ་གྲང་ལྟར་འགལ་བའང་མིན་ཏེ། ཁེད་དང་གབ་ཚིག་ལ་ཡུལ་སྐད་དང་ཡིག་སྐད་ཀྱི་ཁྱད་པར་ཡོད་ཀྱང་དོན་སྟོན་ཚུལ་ནི་འདྲའོ། འདི་ནི་ཁོ་བོ་གནས་པའི་ཡུལ་མི་རྣམས་ཀྱིས་ངག་རྒྱུན་ལས་ཁེད་དམ་ལྡེབས་ཞེས་དངོས་སུ་བཤད་བཞིན་པར་ད་ལྟའང་སྒྲ་འཛིན་ཡུལ་དུ་ཐོས་རྒྱུ་ཡོད་པས་ཀྱང་བོད་གཞུང་མའི་སྐད་ལས་བྱུང་བའི་བརྡ་ཡིན་པར་མངོན་སུམ་ཚད་མས་གྲུབ་བོ།།
          གཉིས་པ། སྤྱི་བྱེ་བྲག་གི་ཁྱད་པར། ལྡེའུ་ནི་ཤེས་རབ་ཆ་མཐུན་གྱི་ཆོས་ཀྱི་གནས་དང་གནས་མིན་སྟོན་པའི་ཐུན་མོང་གི་རིག་པ་ཞིག་སྟེ། 《བཀའ་ཆེམས་ཀ་ཁོལ་མ་》ལས། “རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན།”(12)ཅེས་པའི་སྐབས་རིག་པའི་ཆོས་ཞེས་པ་ནི་ཆོས་ཀྱི་གནས་ལུགས་སམ་རང་བཞིན་ལ་གོ་དགོས། དེས་ན་གལ་སྲིད་ལྡེའུ་ཁེད་གཉིས་དོན་གཅིག་ཡིན་པའི་དབང་དུ་བཏང་ན། ཁེད་ཀྱིས་རིག་པའི་ཆོས་ཐམས་ཅད་གོ་ཐུབ་བམ་མི་ཐུབ། རིག་པ་སྒྲིམས་ལ་སོམས་དང་། གལ་སྲིད་གོ་ཐུབ་ན་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོན་པ་ཤཱཀྱ་ཐུབ་པས་ཅི་ཕྱིར་ཁེད་ཀྱི་སྒོ་ནས་ཆོས་མ་གསུངས། གཞན་ཡང་ལུང་འདི་ལ་བརྟེན་ནས་ལྡེའུ་ཁེད་གཉིས་མི་གཅིག་པའི་སྒྲུབ་བྱེད་ཤིན་ཏུ་མང་པོ་བཤད་རྒྱུ་ཡོད་ཀྱང་སྤྲོས་པ་བསྡུའོ།  དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད། །སྲང་ལ་ཐེམ་གཉེར་ལྦ་བ་ཆེ་ཅི་ཡིན། ། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན། །”(13)ཞེས་གསུངས་པ་ལྟར་ལྡེའུ་ནི་ཤེས་རབ་ཆ་མཐུན་གྱི་རིག་པ་ཞིག་ཡིན་པར་གོ་རྒྱུ་ཡོད་ཀྱང་། སྐབས་འདིར་རྗེས་འཇུག་པ་ཕལ་ཆེར་གྱིས་ལྡེའུའི་མཚན་གཞི་ལ་བརྟགས་ནས་ལྡེའུ་དང་ཁེད་གཉིས་དོན་གཅིག་ཡིན་པར་ཁ་ཚོན་བཅད་པ་འདྲ། འོན་ཀྱང་དེ་འདྲ་གུ་དོག་པའི་གོ་བ་བླངས་པ་ལ་རྒྱུ་མཚན་ཡང་དག་འགོད་རྒྱུ་མེད་ལ། མངོན་པའི་སྡེ་སྣོད་འབྱུང་ལྟས་ཞེས་པས་ལྡེའུ་ནི་དེ་དང་ཕྱོགས་མཚུངས་ཡིན་པར་གོ་ཐུབ་ཀྱང་མངོན་པ་དང་ཁེད་གཉིས་དོན་གཅིག་ཡིན་ཞེས་པ་སུས་ཀྱང་མ་གསུངས་ཤིང་དོན་ལ་ཡང་དེ་ལྟར་མིན་པར་སུས་ཀྱང་ཤེས་ཐུབ། སྐབས་འདིར་མཚན་གཞི་དེ་ཡིས་ལྡེའུ་ཡི་ཕྱོགས་གཅིག་མཚོན་ཐུབ་ཤས་ཆེ་ཡང་ལྡེའུའི་དོན་ཐམས་མཚོན་ཐུབ་ཅེས་པའི་ཚིག་ཐག་གཅོད་པར་དཀའ། དཔེར་ན་དངོས་པོའི་མཚན་གཞི་ལ་བུམ་པ་འཇོག་སྐབས་མཚན་གཞི་དེ་ལ་བརྟེན་ནས་དངོས་པོ་ནི་བུམ་པ་ཁོ་ནའོ་ཞེས་ན་བཞད་གད་སློང་བའི་རྒྱུ་རུ་འགྲོ་བ་ལྟ་བུའོ། དེ་ཡང་མངོན་པའམ་ཤེས་རབ་ཅེས་པའི་དོན་ནི། འཇུ་མི་ཕམ་གྱིས། “སྡེ་སྣོད་གང་དུ་བདེན་པ་བྱང་ཕྱོགས་རྣམ་ཐར་སོགས་ངེས་པར་བསྟན་པས་མྱང་འདས་ལ་མངོན་དུ་ཕྱོགས་པ་དང་། ཕུང་ཁམས་སོགས་ཀྱི་ཆོས་རེ་རེ་ལ་ཡང་རྣམ་དབྱེ་སྣ་ཚོགས་ཕྱེ་ནས་ཡང་ཡང་གཏན་ལ་འབེབས་པ་དང་། མདོ་སྡེ་དོན་རྣམས་རིགས་པའི་ངེས་པས་མངོན་པ་རྟོགས་པར་བྱེད་ཅིང་། བརྩད་པའི་སྒོ་ནས་ཕ་རོལ་ཟིལ་གྱིས་གནོན་པར་བྱེད་པ་མངོན་པའི་དོན་ཏེ།” (14)ཞེས་དང་། ཡང་། “བསླབ་པ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་གཙོ་ཆེར་སྟོན་པའམ། ཡང་ན་མདོ་སྡེས་བསླབ་པ་གསུམ་ག་འདུལ་བས་ཚུལ་ཏིང་གཉིས། མངོན་པས་ཤེས་རབ་སྟོན་ཞེས་ཀྱང་གསུངས།”(15)ཞེས་པས་ལྡེའུ་ནི་ཕུང་ཁམས་སོགས་ཀྱི་ཆོས་རེ་རེ་ལ་ཡང་རྣམ་དབྱེ་སྣ་ཚོགས་ཕྱེ་ནས་ཡང་ཡང་གཏན་ལ་འབེབས་ཞེས་པའམ་ཤེས་རབ་སྟོན་ཞེས་པའི་དོན་ཆ་མཐུན་ཞིག་ཡོད་པ་ནི་དཔའ་བོ་གཙུག་ལག་འཕྲེང་བས་མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད་ཅེས་གསུངས་པའི་ཚིག་གིས་རྟོགས་པར་འགྱུར་རོ།  དེས་ན་ཤེས་རབ་ཆ་མཐུན་གྱི་ལྡེའུ་ལ་ནང་གསེས་དབྱེ་བ་གང་དག་ཡོད་ཅེ་ན། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ལས། “གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་གཉིས་ཏེ། དབྱེ་བ་དང་། སྒྲ་དོན་ནོ། གནས་ཀྱི་སྒོ་ནས་དབྱེ་བ་དང་། བདག་རྐྱེན་གྱི་སྒོ་ནས་དབྱེ་བའོ། དང་པོ་གནས་ཀྱི་སྒོ་ནས་དབྱེ་བ་ལ། རིག་པའི་གནས་ལྔ་སྟེ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། རྒྱུ་འབྲས་རིག་པ། དོན་རིག་པ་སྟེ་” (16)ཞེས་དང་། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་》ལས། “གསུམ་པ་ཤེས་རབ་བསླབ་པར་དབྱེ་བ་དང་། སྒྲ་དོན་གཉིས་ཡིན་དང་པོ་དབྱེ་བ་ལ། །གནས་ཀྱི་སྒོ་དང་བདག་རྐྱེན་སྒོར་དབྱེ་གཉིས། །གནས་ནི་རིག་པའི་གནས་ལྔ་ལྟ་བུ་ལ། ། བཟོ་གསོ་སྒྲ་ཚད་ཕྱི་ནང་རིག་པ་ལྔ། །”(17)ཞེས་སོགས་མདོར་ན་གནས་ཀྱི་སྒོ་ནས་དབྱེ་ན་རིག་པའི་གནས་ཡོད་དོ་ཅོག་ཤེས་རབ་ཀྱི་ཁོངས་སུ་འདུ་བར་གསུངས་ལ། ཤེས་རབ་ཆ་མཐུན་གྱི་ལྡེའུ་ནི་བཟོ་གསོ་སྨན་རྩིས་སོགས་ཐུན་མོང་རིག་གནས་ཡོད་དོ་ཅོག་འདུ་བར་སེམས། འོན་ཀྱང་སྲོང་བཙན་སྒམ་པོ་ཡན་ཆོད་ལ་བོད་གངས་ཅན་ཡོངས་སུ་གྲགས་པའི་རིག་པའི་གནས་ཐམས་ཅད་སྤུ་རིས་མ་ཉམས་པར་ཡོད་པ་མིན་ལ། དུས་དང་སྤྱི་ཚོགས་འཕེལ་ཚད་དབང་གིས་སྐབས་དེར་ད་ལྟ་དང་མི་འདྲ་བར་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ས་བོན་དུ་གྱུར་པའི་རིག་གནས་སྣ་ཚོགས་ཡོད་པ་ནི་སྨོས་མི་དགོས་ཏེ། 《རྒྱལ་རབས་གསལ་མེ་》ལས། “རྒྱུའི་བོན་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཆོན་ཅན། ཕྱུ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་ནོ། དེ་ལ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱ་དང་གཡང་འགུགས། ། ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང་། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད་དོ། ཕྱྭ་གཤེན་ཇུ་ཐིག་ཅན་གྱིས། ལེགས་ཉིས་ཀྱི་ལམ་སྟོན། ཡིན་མིན་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤེན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལྟ། སའི་འདྲེ་བཏུལ་བ་ཡིན་ནོ།”(18)ཞེས་དང་། 《ལེགས་བཤད་གཏེར་མཛོད་》ལས། “རྒྱལ་པོ་གཉའ་ཁྲིའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ།  མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྟ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན། དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་ཞེས་བྱའོ་”(19)ཞེས་གསལ་པོར་གསུངས་པ་ལྟར་གནའ་བོད་རིག་གནས་ལྡེའུའི་ཁོངས་གཏོགས་ལ་ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། འཕུར་ཤེས་ཇུ་ཐིག་སོགས་དང་གཞན་ཡང་ཁེད་དམ་ལྡེབས་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན་ཏེ།《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། “ཁེགས་(ཁེད་)ཀྱི་རིགས་འདི་དག་མིའི་བསམ་མནོའི་རྩལ་ཁ་འདོན་བྱེད་ཀྱི་ནུས་པ་དང་ལྡན་ངེས་པ་ཞིག་ཡིན་སྟབས་ལྡེའུར་གྲགས་པ་དེའི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་ནི་བཤད་མ་དགོས་ཤིང་། མཁས་དབང་གཙུག་ལག་གིས་ཀྱང་དོན་དེ་ལ་དགོངས་ནས་སྐབས་འདིར་གོ་སྟབས་བདེ་བའི་དཔེ་ཞིག་བཞག་མཛད་པ་ལས། ལྡེའུ་ཞེས་བྱ་བ་དེའི་གོ་དོན་མཐའ་ཐུག་པ་དེ་དེང་དུས་སུ་གྲགས་པའི་ཁེགས་(ཁེད)ཁོ་ན་ལ་ངོས་འཛིན་དགོས་པའི་སྒྲུབ་བྱེད་ཅི་ཞིག་ཀྱང་ཡིན་ཐབས་མེད”། (20)ཅེས་གསུང་པས་ཁེད་ནི་ལྡེའུའི་བྱེ་བྲག་ཙམ་ཞིག་ཡིན་པ་ལས་གཅིག་མཐུན་ཡིན་ཞེས་པ་ནི་མ་བརྟག་ཉམས་དགའ་ཙམ་དུ་སྨྲ་བ་མ་གཏོགས་རིགས་པའི་སྒྲུབ་བྱེད་བླ་ལྷག་ཏུ་བཏོན་རྒྱུ་མེད་པར་སེམས།
          ཁེད་ནི། གནའ་བོད་རིག་གནས་ལྡེའུའི་ས་ནང་གསེས་སུ་གྱུར་པའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གབ་ཚིག་གི་བརྡ་ཞིག་སྟེ། སྙན་ངག་གི་ནང་གསེས་གབ་ཚིག་གི་རྒྱན་དང་འགྲོ་ཕྱོགས་འདྲའོ། འོ་ན་ཁེད་རང་ལ་ནང་གསེས་ཀྱི་དབྱེ་བ་ཡོད་དམ་ཞེ་ན། རིགས་པས་ཞིབ་མོར་བརྟག་ན་སྙན་ངག་མེ་ལོང་མའི་ནང་དུ་དངོས་བསྟན་གབ་ཚིག་གི་རྒྱན་གྱི་ནང་གསེས་བཅུ་དྲུག་ཆ་ཚང་ཡོད་པ་མ་ཟད་ད་དུང་དེའི་སྟེང་རྣམ་གྲངས་མང་པོར་ཡོད་པར་རིགས་པས་ཀྱང་རྟོགས་ཐུབ། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་《སྙན་ངག་སྤྱི་དོན་》ལས། “ སྤང་དཀར་ཐང་ན་ཚར་དུ་དངར་བ་ཡི། ། གནག་སྣུམ་གོས་བཟང་གྱོན་པའི་བལ་ལྡན་གྲངས། ། འཁར་བས་བགྲང་བཞིན་རྫི་བོ་བར་མེད་དུ། །འགྱུར་ཁུག་གླུ་དབྱངས་སྟོང་གིས་རྣམ་པར་བྲེལ།”། (ཐང་དཀར་དཀར།། ལུག་ནག་ནག ལུག་རྫི་གླུ་བ། ཅི་ཁེད། དཔེ་ཆ་འདོན་པ།)(21)ཞེས་རིམ་བཞིན་གབ་ཚིག་གི་རྒྱན་གྱི་དཔེར་བརྗོད་རེ་དང་། དེ་དང་མཐུན་པའི་ཁེད་ཀྱི་དཔེ་རེ་སྦྱར་ནས་གསུངས་ཤིང་། གཞན་ཡང་གབ་ཚིག་གི་རྒྱན་བཅུ་དྲུག་གིས་བསྡུས་མ་ཐུབ་པའི་རྣམ་པ་མང་པོ་ཡོད་པར་གསུངས་པ་ལྟར་ཁེད་ཅེས་པ་འདི་ནི་བོད་ཀྱི་རིག་པའི་བང་མཛོད་ནང་གི་བློ་གྲོས་ཀྱི་རང་འོད་འབྱིན་པའི་རིན་ཐང་བྲལ་བའི་ནོར་བུ་ཞིག་གོ།
          གསུམ་པ།  དུས་ཀྱི་ཁྱད་པར།  ལྡེའུ་ནི་རྒྱལ་པོ་སྤུ་དེ་གུང་རྒྱལ་དུས་སུ་བྱུང་བ་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།”(22) ཞེས་དེའི་འོག་གི་མཆན་ལས་མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད་ཅེས་སྤུ་དེ་གུང་རྒྱལ་དུས་སུ་བྱུང་ཞིང་ཐོག་མར་སྤྱོད་པར་བཞེད་པ་དང་། 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》“སྲས་( སྤུ་དེ་གུང་རྒྱལ་) ཀྱི་རིང་ལ་སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་།” (23)ཞེས་དང་། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། “ཡབ་གྲི་གུམ་བཙན་པོའི་རིང་ལ། ཞང་ཞུང་དང་། བྲུ་ཞྭའི་བོན་པོས། གཤེན་གྱི་འདུར་བོན་བྱུང་ངོ་། སྲས་སྤུ་དེ་གུང་རྒྱལ་རིང་ལ། སྒྲུང་དང་། འདེབས་(ལྡེའུ་)བྱུང་ཞིང་། གནམ་བོན་གཤེན་པོ་ཆེ་བྱ་བ་བྱུང་།” (24) ཞེས་སོགས་གསུངས་པ་ལ་དཔྱད་ན། ལྡེའུའི་ནང་གསེས་མོ་རྩིས་སོགས་སྔ་མོ་ནས་ཡོད་ཀྱང་དེ་དག་གཅིག་ཏུ་བསྡོམས་ནས་ཆབ་སྲིད་སྐྱོང་བྱེད་ཀྱི་ལག་ཆ་བྱས་ཏེ་སྤྱོད་པའི་སྐབས་དེ་ནི་སྤུ་དེ་གུང་རྒྱལ་གྱི་སྐུ་རིང་ཡིན་པར་མ་ཟད་མིང་དུའང་ལྡེའུ་ཞེས་ཆགས་པ་རེད་སེམས།
          ཁེད་ནི། ལྡེའུ་མ་དར་གོང་གི་བོད་གདོད་མའི་རུས་རྒྱུད་སྤྱི་ཚོགས་སུ་བྱུང་བ་ཡིན་ཏེ། གནའ་བོད་སྤྱི་ཚོགས་སྐབས་སུ་གནོད་སྦྱིན་དང་། བདུད་དང་། སྲིན་པོ་དང་། ལྷ་དང་། འདྲེ་དང་། མ་སངས་རུ་དགུ་དང་། ཀླུ་དང་། མི་མ་ཡིན་རྣམས་ཀྱིས་རིམ་གྱིས་དབང་བྱས་ཞེས་པའི་ནང་གསེས་མ་སངས་རུ་དགུས་བོད་ལ་དབང་བྱེད་པའི་སྐབས་སུ་སྲིད་པ་ཆགས་ཚུལ་གྱི་གདོད་མའི་ལྟ་བ་འགའ་བྱུང་བར་བོན་གཞུང་དག་ལས་གསལ། དེ་ཡང་ད་ལྟ་ཡོངས་སུ་གྲགས་ཆེ་བའི་བོད་རུས་རྒྱུད་སྤྱི་ཚོགས་དུས་སུ་བྱུང་བའི་སྲིད་པ་ཆགས་གླུ་ཞེས་པ་དེར་ཞིབ་ཀྱིས་བརྟག་ན་ཁེད་ཀྱི་བརྗོད་ཚུལ་དང་གཉིས་སུ་མ་མཆིས་ཏེ། སྲིད་པ་ཆགས་གླུའི་བརྗོད་ཚུལ་ནི། སྔོན་དོན་གྱི་ཕྱེད་སྔ་མ་སྨོས་ནས་ཕར་ལ་དྲི་བ་འཕངས་པས། ཚུར་ཕྱེད་ཕྱི་མའི་དྲིས་ལན་འདེབས་པ་སོགས་དྲི་བ་དྲིས་ལན་ཚུལ་གྱིས་བཤད་པ་ཡིན་ཏེ། སྲིད་པའི་བ་ཆུང་བཤའ་དུས་གི། བ་ཁྲག་ཐིགས་གཅིག་བོར་སོང་ཟིག རྐུ་གི་རྐུན་མ་སུ་ཞིག་རེད། མ་ཤེས་གླུ་བར་དྲིས་པ་ཡིན། ཞེས་དྲི་བ་ལ། སྲིད་པའི་བ་ཆུང་བཤའ་དུས་གི། བ་ཁྲག་ཐིགས་གཅིག་བོར་སོང་ཟིག རྐུ་གི་རྐུན་མ་ལྕུང་ག་རེད། རྐུ་མ་ཤེས་ལྕུང་གའི་མཆུ་ན་ཡོད། ཅེས་ལན་འདེབས་པ་དང་། ཡང་། སྲིད་པའི་བ་ཆུང་བཤའ་དུས་གི། བ་རྔ་ཉག་གཅིག་བོར་སོང་ཟིག བ་རྔ་བླངས་ནས་གང་ལ་བཞག མ་ཤེས་གླུ་བར་དྲིས་པ་ཡིན། ཞེས་དྲི་བ་ལ། སྲིད་པའི་བ་ཆུང་བཤའ་དུས་གི། བ་རྔ་ཉག་གཅིག་བོར་སོང་ཟིག བ་རྔ་བླངས་ནས་ལམ་ལ་བཞག ལམ་འཁྱོག་ཆ་ཆེ་ནོ་དེ་གིས་རེད། ཅེས་ལན་འདེབས་པ་སོགས་སྲིད་པ་ཆགས་གླུར་གྲགས་པ་ཡང་དྲི་བ་དྲིས་ལན་ཚུལ་ཁོ་ནས་དོན་བརྗོད་པས་འདི་དང་ཁེད་གཉིས་དབྱེ་བ་འབྱེད་དཀའ་ལ། ལྷག་པར་དུ་ཁེད་ནང་གི་ཨ་མཚར་མཚར་དགུ་དང་ཨེ་གཅིག་ཆི་གཅིག་སོགས་ཀྱི་རྗོད་ཚུལ་ཤིན་ཏུ་མཐུན་ཏེ། དཔེར་ན། ཨ་མཚར་མཚར་ལ་མཚར་དགུ་ཡོད། མཚར་དེ་དགུ་མ་ཤེས་(ཁེད་)རུ་དགུ་དགོས། ཞེས་དྲི་བ་ལ།། ཁ་སྤུ་ཅན་གི་ཞོ་འཐུང་དེ་མི་ལ་ཟས་ངོམ་བྱས་འདྲ་ཨ་མཚར་རེ། རལ་བ་ཅན་གི་རྟ་རྒྱུགས་དེ་གནམ་ལ་ལག་གཡུག་བྱས་འདྲ་ཨ་མཚར་རེ། གནམ་ཀ་བ་མེད་ཀྱང་མཐོ་མོ་མ་དེ་ཨ་མཚར་རེ། ཐང་སྙོམ་མཁན་མེད་ཀྱང་བདེ་མོ་མ་དེ་ཨ་མཚར་རེ། ཆུ་ཁྲིད་མྱི་མེད་ཀྱང་མགྱོགས་མོ་མ་དེ་ཨ་མཚར་རེ། རྡོ་སྐྱེ་རྒྱུ་མེད་ཀྱང་མང་མོ་མ་དེ་ཨ་མཚར་རེ། རི་སྐྱོར་མྱི་མེད་ཀྱང་བརྟན་མོ་མ་དེ་ཨ་མཚར་རེ། བྲག་རྩིག་མཁན་མེད་ཀྱང་འགྲིག་མོ་མ་དེ་ཨ་མཚར་རེ། རྩྭ་འདེབས་མྱི་མེད་ཀྱང་སྐྱེ་མོ་མ་དེ་ཨ་མཚར་རེ། ཞེས་དང་། ཡང་། ལུག་གཡང་དཀར་ཅིག་ལ་པ་དགུ་ཡོད། པ་དེ་དགུ་མ་ཁེད་རུ་དགུ་དགོས། ཞེས་པ་ལ། མྱིད་པ། མཁྲིས་པ། མཆིན་པ། རྒྱུ་པ། སོག་པ། རུ་པ། ལག་པ། པགས་པ། རྐང་པ་ཞེས་ལན་འདེབས་ལ་འདི་དག་གི་རྗོད་བྱེད་རྣམ་པ་དང་བརྡ་གསར་རྙིང་སོགས་ཀྱི་ཐད་ནས་འགྱུར་བ་ངེས་ཅན་སོང་ཡོད་ན་ཡང་། བརྗོད་བྱའི་ནང་དོན་ལ་དཔག་ན་བོད་གདོད་མའི་དུས་སུ་བློ་གྲོས་ནར་མ་སོན་པའི་རྟགས་མཚན་ཤ་སྟག་མངོན་པར་སྣང་།
          བཞི་པ། ནུས་པའི་ཁྱད་པར། ལྡེའུ་ནི་བོད་གདོད་མའི་ཆབ་སྲིད་སྐྱོང་ཐུབ་པའི་ནུས་པ་ཡོད་པ་མ་ཟད། གནས་དང་གནས་མིན་སྟོན་པའི་ནུས་པའང་ཡོད་པར་སེམས། དཔེར་ན་ལྡེའུའི་ནང་གསེས་སུ་གྱུར་པའི་ཕྱྭ་གཤེན་ཇུ་ཐིག་དང་སྐོས་ཤེས་རྩིས་མཁན། ཕན་ཤེས་སྨན་སོགས་ལ་མཚོན་ན། ཇུ་ཐིག་ནི་ལྐོག་གྱུར་གྱི་དོན་གནད་གསལ་རྗེན་དུ་བཏོན་པའི་ནུས་པ་ཡོད་དེ། གཡུལ་དུ་ཞུགས་པ་དང་། རྒྱལ་པོ་ཁྲིར་འདོན་པ། བཙུན་མོ་ཁབ་ཏུ་བཞེས་པ་སོགས་རྒྱལ་སྲིད་ལ་ཐད་ཀར་འབྲེལ་བ་ཡོད་པའི་དོན་ཆེན་རྣམས་ཇུ་ཐིག་ལ་བརྟེན་ནས་འཇུག་ལྡོག་བྱེད་པ་ནི་སྲོང་བཙན་ཡན་ཆོད་ཀྱི་རྒྱལ་པོ་རེ་ལ་སྐུ་གཤེན་རེ་ཡོད་ཅེས་པས་ཀྱང་རྟོགས་ཐུབ། སྤྱིར་ཇུ་ཐིག་གིས་ལེགས་ཉེས་ཀྱི་ལམ་སྟོན་པའི་ནུས་པའང་དེབ་ཐེར་དག་ལས་གསལ་པོར་གསུངས་པ་མང་སྟེ། 《རྒྱལ་རབས་གསལ་མེ་》ལས། “ཕྱྭ་གཤེན་ཇུ་ཐིག་ཅན་གྱིས། ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ་”ཞེས་དང་། 《ལེགས་བཤད་གཏེར་མཛོད་》ལས། “མོ་ལྷ་བདར་བས་ལེགས་ཉེས་མངོན་ཤེས་གསལ་བ།” (25)ཞེས་སོགས་ལོ་རྒྱུས་ཀྱི་དེབ་ཐེར་ལས་གསལ་པོར་གསུངས་པའི་མོ་ཡི་ནུས་པ་དག་ད་ལྟའང་དམངས་ཁྲོད་དུ་ཟམ་མ་ཆད་པར་ཁས་ལེན་བྱེད་བཞིན་མཆིས་སོ།
          སྐོས་ཤེས་རྩིས་མཁན་ནི་གཟའ་དང་སྐར་མའི་འགྲོས་ལ་བརྟེན་ནས་དུས་ཀྱི་རྣམ་གཞག་དང་བཟང་ངན་གྱི་འབྲས་བུ་ལུང་སྟོན་པའི་ནུས་པ་ཡོད་དེ། དུང་དཀར་བློ་བཟང་ཕྲིན་ལས་མཆོག་ཉིད་ཀྱིས། “སྤྱི་ལོའི་གོང་གི་ལོ་བརྒྱ་ཕྲག་གཉིས་ཡས་མས་ཀྱི་དུས་སུ་(རང་རྒྱལ་གྱི་ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་ཧན་ཨུ་རྡིས་དང་དུས་མཚུངས་) བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་བྱུང་ཞིང་། ཁོང་གིས་སྲིད་དབང་བཟུང་སྐབས་བོན་ཤེས་པ་ཅན་བཅུ་གཉིས་ཟེར་བ་ཞིག་ཡོད་པ་དང་། དེའི་ནང་གསེས་སྐོས་ཤེས་རྩིས་མཁན་ཟེར་བ་དེ་ནི་གནམ་གྱི་ཉི་ཟླ་སྐར་གསུམ་གྱི་བགྲོད་ཚུལ་ངེས་པ་ཅན་ལ་བརྟེན་ནས་ས་སྟེང་དུ་དུས་བཞིའི་འགྱུར་ལྡོག་གང་འདྲ་ཡོད་པ་དང་། དེའི་ཆོས་ཉིད་དང་བསྟུན་ནས་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་ཀ་བཀོད་སྒྲིག་བྱེད་པ་ལ་མཁས་པའི་བོན་པོ་ཡིན་པ་དང་།” (26)ཞེས་གསུངས་པ་ལྟར་དང་། གཞན་ཡང་། 《རྒྱལ་རབས་གསལ་མེ་》ལས། “དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལྟ”(27)ཞེས་དང་། 《ལེགས་བཤད་གཏེར་མ་བསམས་མཛོད་》ལས། “རྩིས་འདེབས་པས་སྔ་ཕྱིའི་ལྟས་བཟུང་བ་” (28)ཞེས་སོགས་གསུངས་པ་ལྟར་སོ་ནམ་གྱི་ཞིང་འདེབས་པ་དང་། ཕྱུགས་ཟོག་འཚོ་སྐྱོང་བྱེད་པ། འབྲོག་པའི་མཚེར་ས་སྤོ་བ་སོགས་ནམ་ཟླ་དུས་ཚིགས་ལ་བརྟེན་ནས་འཇུག་དགོས་པའི་བྱ་བ་ཕལ་ཆེར་རྩིས་ཀྱིས་ལུང་བསྟན་པ་ལྟར་བླང་དོར་བྱེད་པ་གོར་མ་ཆག
          ཕན་ཤེས་སྨན་དཔྱད་ནི། ཟས་སྤྱོད་ཀྱི་སྤང་བླང་དང་།  ནད་ཞི་བ་དང་མི་ཞི་བའི་གཉེན་པོ་སོགས་རགས་པ་ཙམ་ཤེས་པས་ན་བ་སླར་གསོ་དང་ནད་མེད་སྔོན་འགོག་བྱེད་པའི་ནུས་པ་ཡོད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “རྗེ་འབངས་གསུམ་ནི་གསོན་བཞིན་་བང་སོར་གཤེགས། ། ཞང་མདའི་བང་སོ་གསོན་མཆད་ཟླུམ་པོར་གྲགས། །ལྷ་སྲས་དམུས་ལོང་དཀོན་པ་བཀྲ་དེ་ཡིས། གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་། ། འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ།”(29)ཞེས་སོགས་ལོ་རྒྱུས་དེབ་ཐེར་གཞན་ལས་ཀྱང་འདི་དང་ཕལ་ཆེར་མཐུན་པར་གསུངས་པ་དེས་འགོ་བའི་ནད་ཚབས་ཆེན་ངོས་ཟིན་ནས་གསོན་བཞིན་་བང་སོར་གཤེགས་པའི་རླབས་བོ་ཆེའི་སྤྱོད་སྟངས་དང་སྲས་དམུས་ལོང་མིག་ཕྱེས་ནས་རྒྱལ་སྲིད་སྐྱོང་པ་སོགས་ནུས་མཐུ་བསམ་གྱིས་མི་ཁྱབ་པར་ཡོད་པ་ལུང་རིགས་གཉིས་ཀས་གསལ་ལོ། དེ་ཡང་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བའི་བོན་ཤེས་པ་ཅན་བཅུ་གཉིས་ནང་གསེས་ཕན་ཤེས་སྨན་དཔྱད་ཅེས་པ་ནས་གསོ་རིག་ཐོག་མ་དར་ཏེ་རིམ་གྱིས་ཇེ་འཕེལ་ཇེ་རྒྱས་སུ་སོང་བར་གདོན་མི་ཟའོ། སྤྱིར་བཏང་ལྡེའུའི་ཁོངས་གཏོགས་སུ་གྱུར་པའི་རིག་གནས་་ཧ་ཅང་མང་ཏེ། རྒྱལ་པོ་སྲོང་བཙན་དུས་ནས་བཟུང་དར་ཁྱབ་ཆེ་བའི་བཅུ་ཕྲག་རིག་པའི་གནས་ཀུན་ཡང་ལྡེའུ་ཡི་རྨང་གཞིའི་སྟེང་དུ། རྒྱ་གར་སོགས་ཕྱི་ཡུལ་ནས་དྲངས་པའི་རིག་གནས་ཡོད་དོ་ཅོག་འོ་ཆུ་འདྲེས་པ་བཞིན་འགྱུར་བ་ཡིན་པས་འདིར་ལྡེའུ་ཡི་མཚོན་བྱེད་ཙམ་བརྗོད་པ་ལས་ཞིབ་ཆར་མ་བཀོད་དོ།
          ཁེད་ནི། མང་པོ་ཚོགས་པའི་དབུས་སུ་ཀུ་རེའམ་རྩེད་མོའམ་བཞད་གད་སློང་བའི་ཆེད་དང་། ཚོགས་དབུས་སུ་གསང་བ་བྱེད་པའི་དོན་རྣམས་རྗོད་བྱེད་ཚིག་གིས་སྦས་ནས་བཤད་པ་དང་། བློ་སྒོ་འབྱེད་པའི་ནུས་པ་ཙམ་ཡོད་ངེས་ལ། འོན་ཀྱང་ཁེད་ཁོ་ནས་ཆབ་སྲིད་བསྐྱངས་ཞེས་པ་ནི་རིགས་པ་དཔྱད་མི་བཟོད་པའི་ཚིག་ཡིན་པར་སེམས། དེ་ཡང་། 《སྙན་ངག་མེ་ལོང་》ལས། “རྩེད་མོའི་མདུན་སར་བཞད་གད་དང་། དེ་ཤེས་ཚོགས་སུ་གསང་སྨྲ་དང་། ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ།” (30)ཞེས་གབ་ཚིག་གི་དགོས་པའམ་ནུས་པ་དེས་ཁེད་ཀྱི་ནུས་པའང་མཚོན་ཐུབ་པ་ཡིན་ཏེ། 《སྙན་ངག་སྤྱི་དོན་》ལས། “ཙན་དན་སྡོང་བོའི་རྩེ་མོ་ནས། ། གཡུ་འབྲུག་སྔོན་མོ་འཁྱུག་འགྲོས་བྱེད། ། ཅི་ཁེད། ཅེས་གཅིག་གིས་དྲིས་པ་ལ། གཞན་པ་དེས་སྤོས་སྒྲོན་པའི་དུ་བ་། ཞེས་ལན་བཏབ་པ་ཇི་ལྟ་བ་བཞིན་ཐིག་པར་གྱུར་ན་ཁེལ་ན་ལྷབ་ཆ་འཆོར་བ་དང་། མ་ཁེལ་ན་རྒྱལ་ལམ་སྐུགས་གང་བཞག་ཤོར་འགྲོ་བའི་ཁ་མཚར་དེ་དང་མཚུངས་སོ།”(31)ཞེས་གསུངས་པ་ལྟར་ཁེད་དེ་ཀུ་རེའི་ཞོར་དུ་ཐིག་མ་ཐིག་སོགས་ལ་བསམ་མནོ་གཏོང་དགོས་པས་དེ་ཡིས་བློ་སྒོ་འབྱེད་ཐུབ་པ་དང་། བློ་སྒོ་འབྱེད་པའི་ནུས་པས་ཆབ་སྲིད་སོགས་བྱ་བཞག་སྐོར་ལ་འཇུག་སྐབས་ཐབས་ལ་མཁས་པའི་ཕན་པ་ཅུང་ཟད་ཡོད་སྲིད། འོན་ཀྱང་ཁེད་དེ་བོན་སྒྲུང་དང་མཉམ་པའི་ཆབ་སྲིད་སྐྱོང་བྱེད་ཀྱི་ལག་ཆ་ཞིག་ཡིན་ཞེས་ན་བཟོ་རྩིས་སྨན་དཔྱད་སོགས་ཀྱིས་གནའ་བོད་ཆབ་སྲིད་ལ་་ཤུགས་རྐྱེན་མ་ཐེབས་པར་ཤུགས་ཀྱིས་འཕངས་པ་ཡིན་ནོ།
          དཔྱད་གཞིའི་ཡིག་ཆ། 
          (1)ས་པཎ་ཀུན་དགའ་རྒྱལ་མཚན་གྱི་《ས་སྐྱ་ལེགས་བཤད་》ཤོག་གྲངས་109མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1981ཟླ་6པ།
          (2)འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་》ཤོག་གྲངས་624 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1987ཟླ་6པ།
          (3)(9) (21) (32)ཚེ་ཏན་ཞབས་དྲུང་གི་《སྙན་ངག་སྤྱི་དོན་》ཤོག་གྲངས་123-133ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ཟླ་6པ། 
          (4) (8)(20)ནམ་མཁའ་ནོར་བུའི་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》ཤོག་གྲངས་171-215ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1990ཟླ་4 པ།
           (5)(6)(13)(22)(30)དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཤོག་གྲངས་159--170མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ཟླ་3པ། 
          (7) (12) ཇོ་བོ་ཨ་ཏི་ཤས་གཏེར་ལས་བཏོན་པའི་《བཀའ་ཆེམས་ཀ་ཁོལ་མ་》ཤོག་གྲངས་6 - 90ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1989ཟླ་9པ། 
          (10)《བོད་རྒྱ་ཚིག་མཛོད་ཆེན་མོ་》ཤོག་གྲངས་238མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ཟླ་7པ། 
          (11)《དག་ཡིག་གསར་སྒྲིག་》ཤོག་གྲངས་106མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1979ཟླ་6པ། 
          (14)(15)འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་《མཁས་འཇུག་》ཤོག་གྲངས་397 --398མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1988ཟླ་10པ། 
          (16)སྤ་བསྟན་རྒྱལ་བཟང་པོའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ཤོག་གྲངས་19བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་1991ལོ་ཟླ་12པ། 
          (17)དཔལ་ཚུལ་གྱི་《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་》ཤོག་གྲངས་136བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1988ཟླ་11ལ།
          (18)(25)(28)ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་《རྒྱལ་རབས་གསལ་བའི་མེ་ལོང་》ཤོག་གྲངས་དུ57—58མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ཟླ་10པ། 
          (19)(26)(29)ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ཤོག་གྲངས་161---162མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ཟླ་9པ། 
          (23)རྒྱལ་དབང་ལྔ་པའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཤོག་གྲངས་13མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1981ཟླ་3པའི་དཔར་ཐེངས་གསུམ་པ། 
          (24)དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ཤོག་གྲངས་134ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་6པ།             (27)《བོད་ཀྱི་ཤེས་རིག་ཞིབ་འཇུག་ཆེད་རྩོམ་བདམ་བསྒྲིགས་》ཤོག་གྲངས་21 མི་སྤྱི་ལོ་1990ཟླ་3པ།         
          (31) སློབ་དཔོན་དཎྜིའི་《སྙན་ངག་མེ་ལོང་》ཤོག་གྲངས་64 སྡེ་དགེའི་དཔར་མ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1