༄༅། །ལྷ་སའི་བར་སྐོར་ལམ་གྱི་མཐོང་ཐོས།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 09-17


         བོད་རིགས་ཤིག་ཡིན་པ་ནས་བཟུང་ལྷ་ས་དང་ལྷ་ལྡན་གཙུག་ལག་ཞེས་པའི་ཐ་སྙད་འདི་ཐོས་མི་མྱོངས་མཁན་ཕལ་ཆེར་མེད་ལ་ཐ་སྙད་དེ་ཐོས་སྐབས་ལྷ་ས་རུ་འགྲོ་མྱོང་མིན་གང་ཡང་རུང་མི་རང་རང་གི་སེམས་སུ་ལྷ་སའི་རྣམ་པ་རེ་འཁོར་གྱིན་ཡོད།  དེ་ནང་བཞིན་ད་ལྟ་འཛམ་གླིང་ཐོག་ཏུའང་ལྷ་ས་ཞེས་པའི་ཐ་སྙད་དེ་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་ཅིང་།གལ་སྲིད་ཀྲུང་གོར་འོངས་མྱོངས་མཁན་གྱི་ཕྱི་རྒྱལ་བའི་མི་ཞིག་ཡིན་ནས་བཟུང་ལྷ་ས་འགྲོ་མི་མྱོངས་མཁན་ཧ་ཅང་ཉུང་ལ་ཐ་ན་ལྷ་སའི་ཐ་སྙད་ཐོས་མི་མྱོང་མཁན་གྱི་མི་ཕལ་ཆེར་ཡོད་རྒྱུ་མ་རེད་ཅེས་བཤད་ཆོག  གལ་ཏེ་ཁྱོད་རང་ལྷ་སའི་བར་སྐོར་ལམ་དུ་སོང་ཚེ་ཤ་མདོག་མི་འདྲ་ལ་སྐད་རིགས་མི་མཚུངས་པའི་འཛམ་གླིང་ཐོག་གི་མིའི་རིགས་མང་དག་མཐོང་ཐུབ།
     ལོ་ལེགས་སྙེ་མས་མགོ་ལྕོག་ལྡེམ་པའི་རྫོགས་ལྡན་གྱི་དུས་བཟང་ཞིག་ཏུ་རང་སྟབས་ལེགས་པ་ཞིག་ལ་ལྷ་སར་སླེབས་སོང་།དབང་ཕྱོགས་ཤར་རིའི་ཕྲག་ནས་གསེར་གྱི་ཉི་གཞོན་གྱི་འཛུམ་མདངས་ལྷ་སའི་ཇོ་ཁང་གི་གསེར་ཏོག་ཐོག་ཏུ་འཕྲོས་ཤིང་ཇོ་ཁང་མདུན་ངོས་གཡས་ཀྱི་ཇུས་ཡག་དར་ཆེན་དང་ཇོ་ཁང་མདུན་ངོས་གཡོན་གྱི་བཀྲ་ཤིས་དར་ཆེན།སྐོར་ལམ་ཤར་ཟུར་གྱི་ཤར་སྐྱ་རེངས་དར་ཆེན་སོགས་སུ་ཉི་འོད་འཕྲོས་དུས་གསེར་གྱི་དར་བཟང་མཁའ་དབྱིངས་སུ་འཕྱོར་བ་ལས་མཛེས་སོ།ཇོ་ཁང་མདུན་ངོས་ཀྱི་བསང་ཁྲི་དག་ལས་བསང་དུད་ཀྱི་དྲི་བཟང་དང་དུ་བ་བར་སྐོར་ལམ་དུ་ཁྱབ་ཅིང་།བར་སྐོར་ལམ་དུ་མི་ཚོགས་ཀྱི་རྒྱ་མཚོ་འཁྱིལ་ཞིང་ཁོ་ཚོས་ཇོ་ཁང་བསྐོར་བའི་རྡོག་སྒྲ་དང་ཁ་ནས་སྙིང་པོ་ཀློག་པའི་སྒྲ་དབྱངས།ལྟ་སྐོར་བའི་པར་ཆས་ཀྱི་ཚག་ཚག་གི་སྒྲ་དབྱངས་སོགས་ལྷན་དུ་འདྲེས་སྐབས་མཉམ་གཏོང་རོལ་དབྱངས་ལས་སྙན་པའི་སྣང་བ་ཞིག་འཆར་རོ།།བགྲང་ཡས་པའི་མི་ཚོགས་ཀྱི་ཁྲོད་དུ་ལག་གཡས་ཕྲེང་བ་འཛིན་ཅིང་ལག་གཡོན་འཁོར་ལོ་སྐོར་བའི་རྒན་འཁོག་དང་།ལག་གཡས་འཁར་དབྱུག་འཛིན་ཅིང་ལག་གཡོན་ཕོ་རུ་འཛིན་སློང་མོ་བ།ལག་གཡས་པས་པར་ཆས་བཟུང་ཞིང་ལག་གཡོན་བརྙན་ལེན་འཕྲུལ་ཁུར་བའི་རྒྱལ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་སོགས་ཀྱི་མི་རང་རང་གི་དམིགས་ཡུལ་མི་འདྲ་བ་རེ་བཟུང་ནས་བར་སྐོར་ལམ་དུ་བསྐོར་བ་ཡང་ནད་ཡང་དུ་རྒྱག་བཞིན་འདུག
      སྐོར་ལམ་གཡས་གཡོན་གྱི་ཚོང་ཁྲོམ་ནི་བོད་ཁུལ་དུ་ཁྱད་ཆོས་མངོན་པར་གསལ་བའི་ཚོང་དོན་གཉེར་སའི་ལྟེ་བ་ཞིག་ཏུ་གྱུར་ཅིང་།དེའི་ནང་གི་ཚོང་པའི་བརྒྱ་ཆ་བརྒྱད་ཅུ་ནི་ཁམས་པའི་ཚོང་དཔོན་ཡིན་ཞིང་གཞན་དག་ནི་རྒྱ་གར་དང་བལ་ཡུལ།ཀན་སུའུ་དང་སི་ཁྲོན་སོགས་ཀྱི་ཚོང་པ་ཡིན་པ་རེད།ལྷ་སའི་ཁྲོམ་གཟིགས་ཁང་དུ།།བསྐོར་བ་ལན་གསུམ་རྒྱག་དུས།།འཛམ་བུ་གླིང་དུ་བསྐོར་བའི།།སྣང་བ་ཡིད་ལ་ཤར་བྱུང་།།ཞེས་པའི་གླུ་ཚིག་བཞིན་ལྷ་སའི་བར་སྐོར་ཁྲོམ་ལམ་དུ་རྒྱ་གར་དང་།འབྲུག་པ།རྒྱ་ནགགཞན་ཡང་མདོ་དབུས་ཁམས་གསུམ་གྱི་ཚོང་རྫས་རིགས་སྣ་ཚོགས་ཏེ།ལུས་ལ་གོས་གོན་རྒྱུ་དང་ཁ་ལ་ཟ་རྒྱུ།མིག་གིས་ལྟ་རྒྱུ།རྣ་བས་ཉོན་རྒྱུ།སྣ་ཡིས་བསྣམ་རྒྱུ།ཡིད་ཀྱིས་བསམ་རྒྱུ་སོགས་མདོར་ན་ཁྱོད་ལ་སྒོར་མོ་ཡོད་ན།ཉོ་ཚོང་གང་ཡང་རྒྱག་ཆོག།ཞེས་པ་ལྟར་གལ་ཏེ་ཁྱོད་ལ་སྒོར་མོ་ཡོད་ནས་བཟུང་རིན་གོང་དམའ་ཞིང་སྤུས་ཚད་བཟང་བའི་དངོས་པོ་གང་ཞིག་ཡིན་རུང་ལྷ་ས་ནས་ཉོ་རྒྱུ་མི་རག་པའི་སེམས་ཁྲལ་ནམ་ཡང་བྱེད་མི་དགོས།།
      ལྷ་སའི་ལྷ་ལྡན་གཙུག་ལག་ཁང་ནི་བོད་རིགས་མི་དམངས་ཀྱི་སྙིང་དབུས་ཀྱི་ཤམ་བྷ་ལ་སོགས་ཡིན་ཞིང་།བོད་ཁུལ་གྱི་ས་གནས་ཁག་ནས་ཡོང་བའི་དད་ལྡན་མང་ཚོགས་ཚོས་ལྷ་ལྡན་གཙུག་ལག་ཁང་དེ་ཐེངས་གཅིག་མཇལ་རྒྱུ་ནི་མི་ཚེ་གཅིག་གི་འདུན་པ་དང་དམིགས་ཡུལ་ཉག་གཅིག་ཏུ་འཛིན་མཁན་ཤ་སྟག་ཡིན།ཁོ་ཚོའི་ཇོ་ཁང་སྐོར་སྐོར་བའི་བྲེལ་འཚུབ་ཀྱི་གོམས་འགྲོས་ལ་བལྟས་ན་ཆུ་ཚོད་གཅིག་གི་ཡུན་དུའང་སྐོར་བ་ཁྲི་ཙམ་འཁོར་ན་ཡང་ཡིད་ཚིམ་པ་མེད་པའི་སྣང་བ་ཞིག་སྟེར།བར་སྐོར་ལམ་དང་ཇོ་ཁང་མདུན་དུ་ལུས་ངག་ཡིད་གསུམ་གཅིག་ཏུ་བསྒྲིལ་ནས་ཕྱག་འཚལ་བཞིན་པའི་མི་ཚོགས་དག་ལ་བལྟས་ན་ཁོ་ཚོའི་སེམས་སུ་ལྷ་སའི་ཇོ་བོ་ཁོ་ན་ལས་གཞན་གྱི་སྤྱི་ཚོགས་ཀྱི་འདུ་འཛི་དང་མི་དང་མིའི་བར་གྱི་རྙོག་བྲ་ཆེ་བའི་འབྲེལ་བ་དང་འཐབ་རྩོད་དེ་དག་རིང་ནས་བརྗེད་ཟིན།སྐབས་དེར་གལ་སྲིད་ཕ་བསད་ཀྱི་ལག་དམར་ཁོའི་ཟུར་དུ་སླེབས་རུང་ཁོ་ཚོའི་སེམས་སུ་ཞེ་སྡང་གི་སྣང་བ་ཕལ་ཆེར་སྐྱེ་མི་སྲིད་པ་དང་འདྲ།དེ་ལྟ་བུ་བོད་ཀྱི་མི་རབས་ནས་མི་རབས་བརྒྱུད་དེ་ད་བར་རྒྱུན་མཐུད་བྱུང་བའི་གཞོམ་གཞིག་ཏུ་མི་འགྱུར་རྡོ་རྗེ་ཕ་ལམ་ལྟབུའི་དད་སེམས་ཀྱི་འདུན་པ་དྲག་པོ་དེ་ཁོར་ཡུག་ཅི་འདྲ་ཞིག་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་འདྲའི་འོག་ཏུ་བྱུང་བའི་གནད་དོན་ཐད་ཕྱི་རྒྱལ་བ་རྣམས་ཧ་ལས་ཤིང་ཧོན་འཐོར་བ་ལྟ་བུ་གྱུར་ལ་དེའི་གསང་བ་གཏོར་ཕྱིར་དུ་ད་ལྟར་འཛམ་གླིང་ཐོག་ཏུ་བོད་རིགས་དང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱ་བའི་ཚ་རླབས་ཤིག་ཀྱང་འཕྱུར་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1