གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

འབའ་སྨད་རྒྱལ་ལོ་ཚེ་རིང་།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༢༩ཉིན།

༄༅།། མི་ཚེ་གང་པོར་རྩོམ་རིག་གི་ཕྱོགས་ལ་བློས་གཏོང་འཆར་ཡོད།

——སྙན་ངག་པ་མར་ཁུ་རྒྱལ་མཚན་ལགས་ལ་བཅར་འདྲི་བྱས་པའི་ཟིན་ཐོ།
འབའ་སྨད་རྒྱལ་ལོ་ཚེ་རིང་།

དྲི་བ། ཁམས་བཟང་། ད་སྐབས་ཁྱེད་རང་ལས་འཁྱུར་ངལ་གསོ་བྱས་ཡོད་སྟབས་གསར་རྩོམ་གྱི་གནས་བབ་ཡག་གམ།
དྲིས་ལན། བདེ་མོ་ཡིན། བདེ་མོ་ཡིན། ང་ནི2014ལོའི་ཟླ12པའི་ནང་ལས་འཁྱུར་ངལ་གསོ་བྱས་པ་ཡིན་ཞིང་། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལོ་ངོ་འདི་དག་གི་ནང་། ངས་ནི་གཅིག་ནས་ཁྱིམ་ཚང་ནང་གི་འགན་ཁུར་ཡོད་ཚད་ཕྲག་ཏུ་བླངས་ནས་འཁོར་བ་སྐྱོང་བཞིན་ཡོད་པ་དང་། གཉིས་ནས་རང་གི་དགའ་ཕྱོགས་ཉག་གཅིག་སྟེ་རྩོམ་རིག་ཟེར་བའི་གྲོགས་མཆོག་འདི་དང་ཉིན་མཚན་མེད་པར་འགྲོགས་རོགས་འདུག་རོགས་བྱས་ཡོད་ལགས། མདོར་ན་མདའ་མོ་གཅིག་གིས་བྱ་གཉིས་གསོད་བཞིན་ཡོད།

དྲི་བ། ཁྱེད་ཀྱིས་བལྟས་ན་རང་དང་ན་མཉམ་པའི་སྙན་ངག་གི་གནས་བབ་དེ་ཉམས་དགའ་བ་ཞིག་ཏུ་མཐོང་ངམ། ཡང་ན།
དྲིས་ལན། ང་རང་ནི་མཐའ་གཅིག་ཏུ་རང་མོས་སྙན་ངག་ཁོ་ན་འབྲི་མཁན་ཞིག་དང་དེ་ལ་དུངས་མཁན་ཞིག་ཡིན་པའི་ཆ་ནས། ངས་ནི་སྲོལ་རྒྱུན་སྙན་ངག་གམ་ཚིགས་བཅད་སྙན་ངག་ལ་དེ་འདྲ་བལྟས་མ་མྱོང་བ་དང་ཆ་རྒྱུས་དེ་འདྲ་མེད་པས། ངས་མཚམས་འདི་ནས་ཁ་སང་དེ་རིང་གི་རང་དང་ན་མཉམ་པའི་རང་མོས་སྙན་ངག་པ་དག་གི་བརྩམས་ཆོས་ཏེ་རང་མོས་སྙན་ངག་གི་ཐད་ནས་མདོར་ཙམ་གླེང་ན། དཔལ་དོན་འགྲུབ་རྒྱལ་ལགས་ཀྱིས《ལང་ཚོའི་རྦབ་ཆུ》བརྩམས་ནས་ད་ལྟའི་བར་དུ་རང་རེའི་བོད་ཀྱི་རང་མོས་སྙན་ངག་རྩོམ་མཁན་དག་གིས་རང་རང་གི་ཁམས་དང་མོས་པ་ལྟར་དུ་རང་མོས་སྙན་ངག་སྣ་ཚོགས་བརྩམས་ཡོད་པ་དང་། དེ་ཡང་མདོར་དྲིལ་ན་འཛམ་གླིང་སྤྱིའི་རང་མོས་སྙན་ངག་གི་ཁ་ཕྱོགས་ལྟར་དུ་ཁ་དམ་པ་དང་ལྷོད་པ་གཉིས་སུ་དབྱེ་ཆོག ལོ་རབས་བདུན་ཅུའི་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་ང་དང་ན་སོ་མཉམ་པའི་རང་རེའི་བོད་ཀྱི་རང་མོས་སྙན་ངག་པ་དག་གི་བརྩམས་ཆོས་དག་ཀྱང་ཁ་དམ་པ་དང་ལྷོད་པ་གཉིས་ལས་འདའ་མི་འདུག་སྙམ། ཡང་གཅིག་བཤད་ན། མཚོན་ཐབས་གསར་པའི་ཕྱོགས་སུ་བསྙེགས་ནས་བརྗོད་བྱ་ལ་དང་དོད་མི་བྱེད་པའི་སྙན་ངག་པ་སྐོར་ཞིག་དང་། མཚོན་ཐབས་དང་བརྗོད་བྱ་སྣ་གཅིག་ཁོ་ན་སྤྱོད་པའི་སྙན་ངག་པ་སྐོར་ཞིག་བྱུང་འདུག
        དེས་ན་རང་རེའི་བོད་ཀྱི་སྙན་ངག་པ་དག་གིས་སྙན་ངག་ཡག་པོ་ཞིག་དང་སྙན་ངག་འཕེལ་རྒྱས་སུ་གཏོང་བར་ཇི་ལྟར་ཤུགས་བརྒྱག་དགོས་ཤེ་ན། ང་ཚོས་དམིགས་ཡུལ་དང་འགན་ཁུར་ཡོད་པའི་སྒོ་ནས་བརྗོད་བྱ་སྣ་ཚོགས་ཅན་དང་མཚོན་ཐབས་གསར་པའི་ལམ་ནས་སྙན་ངག་འབྲི་བ་ཡིན་ན། གཅིག་ནས་རང་རེའི་བོད་ཀྱི་དེང་རབས་སྙན་ངག་འཕེལ་རྒྱས་ཀྱི་ལམ་ཁ་གསར་པ་ཞིག་ཏུ་སྐྱོད་ཐུབ་པའི་རེ་བ་ཡོད་པ་དང་། གཉིས་ནས་རང་རེའི་བོད་ཀྱི་ཀློག་པ་པོ་ཀུན་ཀྱང་རིམ་གྱིས་འཛམ་གླིང་རྩོམ་རིག་ལ་བློ་ཁ་ཕྱོགས་ཐུབ་པར་རམ་འདེགས་ཀྱི་ནུས་པ་འཐོན་ཐུབ་སྙམ།

དྲི་བ། གསར་རྩོམ་གྱི་ཉམས་མྱོང་ལྟར་ན་རྩོམ་རིག་ལ་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་དུ་གོ་གནས་ཅི་ཞིག་འབབ་འོས་པ་དང་ང་ཚོས་དེ་ལ་ལྟ་སྟངས་ག་འདྲ་ཞིག་བཟུང་ན་འོས།
དྲིས་ལན། རྩོམ་རིག་ལ་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་དུ་གོ་གནས་ཅི་ཞིག་འབབ་འོས་ཞེ་ན། རྩོམ་རིག་ཅེས་པ་འདི་ཡང་རིག་གནས་གཞན་དག་དང་འདྲ་བར་རང་ཉིད་ཀྱི་དམིགས་ཡུལ་དང་འགན་ཁུར་ཐོད་ལ་བླངས་ནས་རིག་གནས་གཞན་དག་དང་མཉམ་དུ་དཔུང་བ་མཉམ་གཤིབ་སྒོས་མདུན་ནས་མདུན་དུ་བསྐྱོད་དགོས་སྙམ།

དྲི་བ། ཁྱེད་ཀྱིས་རྟག་པར་ང་ལ་སྙན་ངག་ན་ཟུག་གིས་ཕྲིས་ཤིག་ཅེས་ཡང་ཡང་བསྐུལ་མྱོང་། སྙན་ངག་ན་ཟུག་གིས་འབྲི་དགོས་དོན་ཅི།
དྲིས་ལན། ངས་རྒྱུན་དུ་ཁྱེད་ལ་སྙན་ངག་ན་ཟུག་གིས་འབྲི་དགོས་ཞེས་པའི་དོན་ནི་སྙན་ངག་པ་ཞིག་ཡིན་ཕྱིན་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་དེ་སྙན་ངག་གི་ལམ་ནས་ཇི་བཞིན་དུ་འབྲི་དགོས་ཞེས་པའི་དོན་ཡིན་པ་དང་། སྙན་ངག་ན་ཟུག་གིས་བྲིས་ན་ད་གཟོད་ཀློག་པ་པོ་དག་གིས་ཁྱེད་ཀྱི་དགའ་སྐྱོ་ཆགས་སྡང་དེ་ཉམས་སུ་མྱང་ཐུབ་པར་འདོད་པ་དེ་ཡིན།

དྲི་བ། ཁྱེད་རང་ད་བར་དུ་རང་བློར་འབབ་པའི་སྙན་ངག་ཅིག་དང་འཕྲད་མྱོང་ངམ། ཡོད་ཚེ་སྙན་ངག་དེ་ག་འདྲ་ཞིག་རེད།
དྲིས་ལན། ང་རང་གིས་སྙན་ངག་མང་པོ་ཞིག་བཀླགས་མྱོང་བའི་སྙན་ངག་གི་ཁྲོད་ནས་ང་རང་ཆེས་དགའ་སའི་སྙན་ངག་ནི་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བརྩམས་པའི《 ཚངས་དབྱངས་རྒྱ་མཚོའི་མགུར་གླུ 》ཞེས་པ་དེ་ཡིན་ཞིང་། ཁོང་གི་བརྩམས་ཆོས་དེ་ལ་འགྲེལ་ཚུལ་གྱི་ཐད་ནས་འགྲེལ་སྟངས་སྣ་ཚོགས་ཤིག་ཡོད་ཀྱང་། ངས་བསམས་ན《 ཚངས་དབྱངས་རྒྱ་མཚོའི་མགུར་གླུ 》ནི་གཅིག་ནས་རྒྱལ་དབང་དྲུག་པ་ཁོང་གི་ལོ་རྒྱུས་དངོས་རེད་འདོད་པ་དང་། གཉིས་ནས་ཁོང་གིས་གདུག་རྩུབ་ཆེ་བའི་ཁོར་ཡུག་དེ་འདྲ་ཞིག་གི་འོག་ནས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་དང་གནས་བབ་སོགས་དབུས་གཙང་ཕྱོགས་ཀྱི་དམངས་གླུའི་ལམ་ནས་ཇི་བཞིན་དུ་བརྗོད་ཡོད་པ་དེ་རེད།

དྲི་བ། ཁྱེད་ལ་མཚོན་ན་རྒྱབ་ལྗོངས་ག་འདྲ་ཞིག་གི་འོག་ཏུ་སྙན་ངག་ཡག་པོ་ཞིག་འབྲི་ཐུབ་བམ། ཡང་ན་སྙན་ངག་ཡག་པོ་ཟེར་པ་ག་འདྲ་ཞིག་ལ་ངོས་འཛིན།
དྲིས་ལན། ང་ལ་མཚོན་ན་ཆེས་ཁེར་རྐྱང་གི་དུས་སུ་ད་གཟོད་སྙན་ངག་ཡག་པོ་ཞིག་འབྲི་ཐུབ་སྟེ། སྙན་ངག་པ་ཞིག་ལ་མཚོན་ན་ཁེར་རྐྱང་གི་ཚོར་བ་དེ་ནི་སྙན་ངག་ཡག་པོ་ཞིག་འབྲི་ཐུབ་པའི་ས་བོན་ལྟ་བུ་ཞིག་ཡིན་པར་འདོད། མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བའི་དཔེ་ལྟར་སྙན་ངག་ཡག་པོ་ཞེས་པའི་བརྡ་ཆད་འདི་ལ་རང་རང་གི་ལྟ་ཚུལ་ཡན་གར་བ་རེ་ཡོད་སྲིད་ནའང་། ངས་བསམས་ན་སྙན་ངག་ཡག་པོ་ཞེས་པ་དེ་ནི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་ལེགས་འགྲུབ་བྱུང་ཡོད་པའི་སྙན་ངག་ཅིག་ལ་ད་གཟོད་སྙན་ངག་ཡག་པོ་ཞིག་རེད་ཅེས་ཁ་ཚོན་བཅད་ཆོག་སྙམ།

དྲི་བ། དེ་སྔ《བུ་མོ་མཆོག ང་ཡོང་གིན་ཡོད》ཅེས་པའི་སྙན་ངག་དེས་ན་གཞོན་མང་པོ་ཞིག་ལ་བག་ཆགས་ཡག་པོ་བཞག་མྱོང་ཡོད་ལ་ང་རང་ཉིད་ཀྱང་སྙན་ངག་དེ་ལ་དགའ་མྱོང་། ད་ལྟ་བསམས་ན་སྙན་ངག་དེ་ག་འདྲ་ཞིག་རེད།
དྲིས་ལན། ང་རང་གི་རང་མོས་སྙན་ངག《བུ་མོ་མཆོག ང་ཡོང་གིན་ཡོད》ཅེས་པའི་སྙན་ངག་འདི་ནི་སྤྱི་ལོ2004ལོའི《གངས་རྒྱན་མེ་ཏོག》དེབ་དང་པོའི་སྟེང་ལ་བཀོད་པའི་བརྩེ་དུང་སྙན་ངག་ཅིག་རེད། རང་མོས་སྙན་ངག་འདིས་དེ་དུས་ཀློག་པ་པོ་མང་པོ་ཞིག་ལ་བག་ཆགས་གང་འདྲ་ཞིག་བཞག་ཡོད་མེད་དེ་ང་ལ་གསལ་ཆ་མེད་ཀྱང་། སྙན་ངག་འདི་ངས་ད་ལྟའི་དུས་འདིར་བཀླགས་པའི་ཚེ་ནའང་། ང་ལ་དུས་སྐབས་དེའི་ཚོར་བ་གང་མང་ཞིག་སླར་ཡང་སྦྱིན་པར་བྱེད། ཡང་གཅིག་བཤད་ན་ངའི་སྙན་ངག་རེ་རེ་ནི་ངའི་དུས་སྐབས་རེ་རེའི་འཚོ་བའི་མྱོང་སྣང་རེ་རེ་ཡིན་ཞེས་བརྗོད་ཆོག

དྲི་བ། སྙན་ངག་ལས་སྙན་ངག་པ་མང་བའི་གནས་བབ་འདིར་ཁྱེད་ཀྱིས་སྙན་ངག་པ་ཟེར་བའི་ཆོ་ལོ་འདི་ག་འདྲ་ཞིག་ལ་གོ་དགོས་པར་འདོད།
དྲིས་ལན། ངས་ནི་ནམ་རྒྱུན་སྙན་ངག་པ་ཟེར་བ་འདི་ནི་ཕྱི་ནང་གཉིས་ཀ་སྙན་ངག་ཡིན་པ་དང་ཕྱི་གསལ་ནང་གསལ་གྱི་མི་ཞིག་ལ་ད་གཟོད་སྙན་ངག་པ་ཞེས་འབོད་ཀྱིན་ཡོད། དེ་ལས་ལྡོག་སྟེ། རང་ཅག་གི་ཁོར་ཡུག་ན་སྙན་ངག་འབྲི་མཁན་རྟ་མོག་མོག་གི་སྤུ་བཞིན་མང་ནའང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་མི་དེ་དག་ནི་དབང་ཐང་དང་རྒྱུ་ནོར་སོགས་ཀྱི་མདུན་ནས་རང་གཤིས་འགྱུར་སླ་བ་དང་། སྙན་གྲགས་སོགས་ཀྱི་སླད་དུ་རང་མཚང་ལྷང་ལ་བུད་ཡོད་ཀྱང་། ད་དུང་ཤ་ཐང་ཐང་གིས་སྙན་གྲགས་སོགས་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་པ་ནམ་ལངས་ཉི་ཤར་གྱི་ཚུལ་དུ་ཡོད་དོ། །

དྲི་བ། སྙན་ངག་འབྲི་མཁན་མང་དུ་འགྲོ་བ་འདིས་བོད་རྩོམ་སྟེགས་ཀྱི་རྣམ་པ་ཡག་ཤོས་ཤིག་ལ་ངོས་འཛིན་ནམ། ཡང་ན།
དྲིས་ལན། སྙན་ངག་འབྲི་མཁན་མང་དུ་འགྲོ་བཞིན་པ་འདིས་རང་རེའི་བོད་ཀྱི་རྩོམ་སྟེགས་ཀྱི་རྣམ་པ་ཡག་ཤོས་ཤིག་ཏུ་ངོས་འཛིན་རྒྱུ་དེ་ལས་སླ་མོ་ཞིག་མ་ཡིན་ཏེ། གཅིག་ནས་སྙན་ངག་འབྲི་མཁན་མང་པོ་ཞིག་གིས་སྙན་ངག་ཟེར་བ་དེ་ཚིག་གི་རོལ་རྩེད་ཙམ་ལ་ངོས་བཟུང་སྟེ། བརྗོད་བྱར་དང་དོད་མི་བྱེད་པ་དང་།གཉིས་ནས་སྙན་ངག་པ་མང་ཤོས་ཀྱིས་འཛམ་གླིང་ན་སྐད་གྲགས་ཆོད་པའི་སྙན་ངག་པ་དག་གི་ཚབ་མཚོན་བརྩམས་ཆོས་ལ་རོལ་མྱོང་དང་སློབ་སྦྱོང་མི་བྱེད་པར་རང་ཉིད་ཀྱི་ཚོར་བ་ཉི་ཚེ་བ་ཙམ་ལ་བརྟེན་ནས་རང་ཉིད་ཀྱི་ཟ་འཐུང་འགྲོ་འདུག་ཙམ་ཞིག་ཡང་དང་བསྐྱར་དུ་བྲིས་ནས་སྙན་ངག་ཡིན་ཁུལ་བྱེད་པ། གསུམ་ནས་སྙན་ངག་པ་ལ་ཤས་ཀྱིས་ཕྱི་གླིང་པའི་སྙན་ངག་གི་ཁྲོད་ནས་གང་ཞིག་རང་ཅག་ལ་འཚམ་པ་དང་གང་ཞིག་མི་འཚམ་པ་སོགས་ལ་བསམ་གཞིག་མི་གཏོང་བར་རང་ཉིད་ཀྱི་ཁམས་དང་མོས་པ་ལྟར་གང་འདོད་ལྟར་བྲིས་ནས་རང་ཉིད་ནི་སྙན་ངག་པ་ཡ་མེད་ཅིག་ཡིན་ཁུལ་བྱེད་པ་སོགས་སོ། ། མདོར་ན། བུ་བཟང་ན་གཅིག་གིས་ཆོག་ཟེར་བ་ལྟར། རང་རེའི་བོད་ཀྱི་རྩོམ་སྟེགས་ལ་མཁོ་བ་ནི་སྤུས་ཀ་ཡིན་པ་ལས། གྲངས་ཀ་མ་ཡིན་ནོ། །

དྲི་བ། སྙན་ངག་ནི་ཚིག་གི་སྒྱུ་རྩལ་ཞིག་ཡིན་ཟེར། སྙན་ངག་གི་ཚིག་ལ་དེ་འདྲའི་དོ་སྣང་བྱེད་དགོས་དོན་ཅི།
དྲིས་ལན། སྙན་ངག་གི་ཚིག་ལ་དེ་འདྲའི་དོ་སྣང་བྱེད་དགོས་དོན་ནི་སྙན་ངག་ཅིག་འབྲི་བ་ལ་བརྗོད་བྱ་གང་ཞིག་དཔེ་དང་སྦྱར་ནས་མ་བརྗོད་ཚེ། འུ་ཅག་གིས་རྒྱུན་ལྡན་འཚོ་བའི་ཁྲོད་ན་སྤྱོད་བཞིན་པའི་སྐད་ཆ་དག་དང་དབྱེར་མེད་པ་དང་། ཇ་ལ་ཚྭ་ཁུ་མེད་ན་ཆུ་དང་། མི་དྲང་མོ་དཀའ། སྙན་ངག་འཁྱོག་དཀའ་ཟེར་བའི་གཏམ་དཔེ་འདི་ཐམས་ཅད་ཀྱི་རྩ་བ་དེ་མདོར་དེད་ན། སྙན་ངག་ཅིག་འབྲི་བ་ལ་བརྗོད་བྱ་དཔེ་དང་སྦྱར་ནས་བྲིས་ཚེ། ད་གཟོད་སྙན་ངག་དེ་ནི་ཕུན་སུམ་ཚོགས་པ་ཞིག་དང་གསོན་ཉམས་ལྡན་པ་ཞིག་ཡིན་ཞེས་པའི་དོན་ཡིན་ནོ། །

དྲི་བ། སྙན་ངག་ནི་འགྲེལ་དུ་མི་རུང་བ་ཞིག་ཡིན་ཟེར། ངས་བལྟས་ན་སྙན་ངག་ཡག་པོ་ཞིག་ཡིན་ཕྱིར་ཚིག་དོན་གཉིས་ཆ་ལའང་འགྲེལ་བརྒྱབ་ཆོག་འདོད། ཁྱེད་ལ་ལྟ་ཚུལ་ཅི།
དྲིས་ལན། སྙན་ངག་ནི་འགྲེལ་དུ་མི་རུང་བ་ཞིག་ཡིན་ཞེས་པའི་སྐད་ཆ་འདི་ནི་དོན་ལ་ཀློག་པ་པོ་དག་ལ་མགོ་སྐོར་གཏོང་བྱེད་ཀྱི་སྐད་ཆ་ཞིག་རེད། གནའ་དེང་གི་སྙན་ངག་པ་སུ་ཞིག་ཡིན་རུང་། དེ་ཉིད་ཀྱི་བརྩམས་ཆོས་ཀློག་པའི་ཚེ་ན། བརྩམས་ཆོས་ཁ་ཤས་ཀྱི་བརྗོད་བྱ་དང་རྗོད་བྱེད་རབ་རིབ་ཅན་ཞིག་ཏུ་སྣང་ནའང་། འུ་ཅག་གིས་སྙན་ངག་པ་གང་དེའི་ལོ་རྒྱུས་དང་སྙན་ངག་དེ་འབྲི་བའི་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས། དེ་འབྲེལ་གྱི་དཔེ་ཆ་སོགས་བཀླགས་པ་ཡིན་ན། སྙན་ངག་ནི་འགྲེལ་དུ་མི་རུང་བ་ཞིག་ཡིན་ཟེར་བའི་སྐད་ཆ་དེ་ནི་ཀློག་པ་པོ་ཀུན་ལ་མགོ་སྐོར་གཏོང་བྱེད་ཀྱི་སྐད་ཆ་ཞིག་ཡིན་པ་ཧ་གསལ་པོར་གོ་ཡོང་།

དྲི་བ། མི་རིགས་གཞན་གྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་བཀླགས་པ་བརྒྱུད་ང་ཚོ་བོད་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་ནི་ག་འདྲ་ཞིག་རེད།
དྲིས་ལན། ང་ནི་མི་རིགས་གཞན་གྱི་བརྩམས་ཆོས་ཀློག་པར་སྤྲོ་བ་དེ་འདྲ་མེད་པ་དང་འཛམ་གླིང་ན་སྐད་གྲགས་ཆོད་པའི་ཕྱི་གླིང་པའི་རྩོམ་རིག་བརྩམས་ཆོས་སམ་གློག་བརྙན་ལ་བལྟ་བར་ཧ་ཅང་སྤྲོ། རང་རེའི་བོད་ལ་མཚོན་ན། ཆོས་ལུགས་བརྗོད་བྱ་བྱས་པའི་བརྩམས་ཆོས་ངོ་མ་རི་བོའི་གཏོས་དང་མཉམ་པ་ཡོད་པ་རེད། ཡིན་ནའང་མི་སྐྱ་དག་གི་འཚོ་བ་མཚོན་པའི་བརྩམས་ཆོས་མང་པོ་ཞིག་ད་ལྟ་འབྱུང་བཞིན་ཡོད་ཀྱང་། གྲངས་ཀའི་ཐད་ནས་གཞན་དང་བསྡུར་ཐབས་མེད་པ་དང་། སྤུས་ཀའི་ཐད་ནས་ཀྱང་ཕྱི་གླིང་དང་རྒྱ་ནག་ལ་སློབ་སྦྱོང་ངམ་ལད་མོ་བྱེད་པའི་གོ་རིམ་ལྟ་བུ་ཞིག་ཏུ་ངེས་སོ། །

དྲི་བ། སྙན་ངག་ལ་གསར་གཏོད་དགོས་ཟེར། དེས་ན་སྙན་ངག་ནི་ཇི་ལྟར་གསར་གཏོད་བྱེད་དགོས།
དྲིས་ལན། སྙན་ངག་གསར་གཏོད་བྱེད་པ་ལ། གཏོར་བཤིག་ནི་གསར་གཏོད་ཀྱི་མཚན་ཉིད་ངོ་མ་ཡིན་ཟེར་བ་ལྟར། ང་ཚོས་སྲོལ་རྒྱུན་སྙན་ངག་ལས་ལྡོག་སྟེ། མཚོན་བྱ་དང་མཚོན་བྱེད། མཚོན་ཐབས་གསར་པ་སོགས་སྣ་ཚོགས་སྤྱད་ནས་ད་ལྟའི་འུ་ཅག་གི་འཚོ་བ་མཚོན་པའི་སྙན་ངག་འབྲི་དགོས་པ་དེ་རེད། དེ་མིན། ང་ཚོ་ནི་ནམ་ཡིན་རུང་གླུ་བརྒྱ་གདངས་གཅིག་གི་ཚུལ་དུ་གནས་ཡོད་པ་རེད།

དྲི་བ། སྒྱུ་རྩལ་རྩོམ་རིག་ནི་མི་མང་གི་ཟས་དང་སེམས་ཀྱི་སྨན་ཡིན་ཟེར། འོ་ན། ང་ཚོ་ལ་བསམ་པའི་ཟས་དང་སེམས་ཀྱི་སྨན་ལྟ་བུའི་བརྩམས་ཆོས་ལོ་འདི་གར་བྱུང་མྱོང་ངམ།
དྲིས་ལན། ལོ་འདི་གར་བསམ་པའི་ཟས་དང་སེམས་ཀྱི་སྨན་ལྟ་བུའི་སྒྱུ་རྩལ་རྩོམ་རིག་བརྩམས་ཆོས་རྩ་བ་ནས་བྱུང་མི་འདུག་ཅེས་ཁ་ཚིག་གཅིག་གིས་ཁ་ཚོན་གཅོད་རྒྱུ་དཀའ་ཡང་། ཕལ་ཆེར་རེ་གཉིས་ཤིག་ལས་བྱུང་མེད་པར་སྣང་།

དྲི་བ། གྲུབ་འབྲས་ཅུང་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཁ་ཤས་ཀྱིས་རྩོམ་འབྲི་ཞོར་དང་དཔེ་ཀློག་གནང་ཞོར་དུ་རྒྱུད་དུ་ཡོད་པ་ནི་ང་རྒྱལ་དང་རང་སྣང་མཐོན་པོ་ཞིག གཞན་ལ་མཐོང་ཆུང་བྱེད་པ། ཁ་ནས་མི་ཡག་པོ་ཞིག་བཅའ་དགོས་ཟེར་ཞོར་རང་གི་མི་གཤིས་ལ་བདག་མི་བྱེད་པ་འདི་སྣང་ཚུལ་ངན་པ་ཞིག་རེད་ཟེར་ན། ཁྱེད་ཀྱིས་ཅི་ཟེར།
དྲིས་ལན། སྣང་ཚུལ་དེའི་རིགས་ནི་ནད་དུག་བཞིན་བོད་ཀྱི་རྩོམ་པ་པོ་མ་ཟད། རྒྱ་ནག་གི་རྩོམ་པ་པོའི་གྲས་ནའང་ཤིན་ཏུ་མང་པོ་ཡོད་པར་འདོད། ང་རང་ཡང་སྔོན་ཆད་དེ་འདྲའི་བོད་དང་རྒྱ་ནག་གི་རྩོམ་པ་པོ་ཁ་ཤས་ལ་འཕྲད་མྱོང་། ཁོ་ཚོའི་སྣང་ངོར་ཁོ་ཚོ་ནི་སྐྱེས་མ་ཐག་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པ་ཡ་མེད་ཅིག་ཡིན་པར་རློམ་བཞིན་ཡོད་པ་རེད། ངས་བསམས་ན་རྩོམ་པ་པོ་སུ་ཞིག་རྩོམ་པ་པོ་ཆེ་མ་ཆུང་གསུམ་གང་ལ་འཕྲད་ཀྱང་། འདྲ་མཉམ་གྱི་འདུ་ཤེས་བཟུང་ནས་བསམ་བློ་བརྗེ་རེས་བྱས་པ་ཡིན་ན། གཅིག་ནས་ཕ་རོལ་པོས་ཁྱེད་ལ་བརྩི་བཀུར་བྱེད་སྲིད་པ་དང་། གཉིས་ནས་རང་ཉིད་ཀྱི་ཐོས་རྒྱ་དང་མཐོང་རྒྱའང་ཇེ་ཆེ་ནས་ཇེ་ཆེར་འགྲོ་སྲིད་སྙམ།

དྲི་བ། ཁྱེད་རང་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད་པས་རང་གི་གསར་རྩོམ་སྐོར་གྱི་འཆར་གཞི་ལབ་ཏེ་བཅར་འདྲི་མཇུག་རྫོགས་ན་ཅི་འདྲ།
དྲིས་ལན། རེད་རེད། སྐད་ཆ་བཤད་ནས་མཚམས་འདིར་སླེབས་དུས། ངས་རང་གི་མ་འོངས་པའི་གསར་རྩོམ་སྐོར་གྱི་འཆར་གཞི་འདྲ་ལབ་ན། ང་ལ་མཚོན་ནས་བཤད་ན། ངས་རྩོམ་ཡིག་འབྲི་བའི་མགོ་ནི་རང་མོས་སྙན་ངག་ནས་ཚུགས་པ་ཡིན་ལ། མ་འོངས་པའི་གསར་རྩོམ་གྱི་གོ་རིམ་ཁྲོད་ནས། ངས་སྒྲུང་གཏམ་དང་འགྱུར་རྩོམ། དེ་མིན་ལྷུག་རྩོམ་སྙན་ངག་སོགས་ཀྱི་ཐད་ནས་ཀྱང་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། རང་ཉིད་ཀྱི་མི་ཚེ་གང་པོ་རྩོམ་རིག་གི་ཕྱོགས་ལ་བློས་གཏོང་འཆར་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1