གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

ཚེ་རིང་དབང་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༠༢ཉིན།

༄༅།། སྒྱུར་པ་པོའི་ཐོབ་ཐང་གླེང་བ།


ཨན་ཧུའེ་སློབ་ཆེན། ཐེན་ཏི་པེ་ཡིས་བརྩམས། ཚེ་རིང་དབང་མོས་བསྒྱུར།
        ལོ་ཙཱའི་བྱ་བ་གང་ཞིག་ཡིན་རུང་། ལོ་ཙཱའི་བྱ་བའི་ཁྲོད་ཐག་གཅོད་ཀྱི་ནུས་པ་ཐོན་བཞིན་ཡོད་པའི་སྒྱུར་པ་པོ་དང་ཁ་འབྲལ་ཐབས་མེད་ལ། སྒྱུར་པ་པོས་མ་ཡིག་གི་རྩོམ་པ་པོས་ངོས་ཟིན་པའི་བྱ་དངོས་ལ་ཡང་བསྐྱར་ཤེས་རྟོགས་དང་མངོན་མཚོན་བྱེད་པ་དང་ཁ་འབྲལ་ཐབས་མེད་པས། སྒྱུར་པ་པོར་ལོ་ཙཱའི་བྱ་བའི་ཁྲོད་ཐུན་མོང་མ་ཡིན་པའི་ཐོབ་ཐང་ཁྱད་པར་བ་ཞིག་ཡོད། སྒྱུར་རྩོམ་ལེགས་པོ་ཞིག་ནི། སྒྱུར་མཁན་གྱིས་ཡང་བསྐྱར་ཤེས་རྟོགས་དང་མངོན་པར་མཚོན་པའི་ཉིང་ཁུ་ཡིན་པར་མ་ཟད། སྒྱུར་པ་པོའི་ཐུན་མོང་མ་ཡིན་པའི་ཐོབ་ཐང་ར་སྤྲོད་བྱེད་པའི་ཡིན། ལོ་ཙཱའི་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད། སྒྱུར་པ་པོས་ནུས་པ་གང་འདྲ་ཞིག་ཐོན་པ་དང་ཐོབ་ཐང་གང་འདྲ་ཞིག་སྲུང་འོས་པ་སོགས་རྟོགས་ན། ལོ་ཙཱའི་ལག་ལེན་ཁྲོད་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པ་གདོན་མི་ཟ་ལ། སྒོས་སུ་སྒྱུར་རྩོམ་གྱིས་སྔར་ལས་ལྷག་པའི་སྒོ་ནས་གནད་ལ་ཁེལ་ཞིང་སྐྱོན་མེད་པའི་སྒོ་ནས་མ་ཡིག་གི་ནང་དོན་བརྒྱུད་སྒྲོག་བྱེད་པར་སྐུལ་འདེད་བྱེད་ངེས།
        མཱ་རེ་སི་ནེལ་ཧོ་རིན་པེ(Mary Snell-Hornby)ཡིས་བསྒྱུར་བྱ་ནི་སྒྱུར་པ་པོས་ཀློག་པ་པོ་ཞིག་གི་ཐོབ་ཐང་ངོས་ནས་མ་ཡིག་གི་དགོངས་དོན་རྟོགས་པའི་ཁར། ཡང་བསྐྱར་གསར་གཏོད་བརྒྱུད་ནས་དགོངས་དོན་དེ་དག་རིག་གནས་གཞན་ཞིག་གི་ཀློག་པ་པོའི་ཚོགས་ལ་མངོན་པར་བྱེད་པའི་སྐད་ཆའི་མཚོན་ཐབས་ཤིག་ཀྱང་རེད། ཅེས་བརྗོད་ཡོད་ལ། ཡང་ཁོང་གིས་སྒྱུར་པ་པོས་ཀློག་པ་པོ་ཞིག་གི་ཐོབ་ཐང་ངོས་ནས་ཐོན་པའི་ནུས་པ་ལ་དྲང་ཕྱོགས་དང་གསར་གཏོད་ཀྱི་རང་བཞིན་ལྡན་པ་ལས། དོན་གོ་བ་ཞེས་པ་ནི་བསྒྱུར་བྱ་བཙན་ཚུགས་ཀྱིས་གོ་བ་མིན་ནོ་ཞེས་བརྗོད།
        མཱ་རེ་སི་ནེལ་ཧོ་རིན་པེ་ཡིས་སྒྱུར་པ་པོས་ཀློག་པ་པོ་ཞིག་གི་ཐོབ་ཐང་ངོས་ནས་བསྒྱུར་བྱ་ལ་གོ་བ་ལེན་པ་དང་། རྩོམ་པ་པོའི་དགོངས་དོན་རྟོགས་པར་བྱ་བ་གནད་དུ་བཟུང་ཡོད་པ་དང་། སྒྱུར་པ་པོས་ཀློག་པ་པོ་ཞིག་གི་ཐོབ་ཐང་ངོས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མ་ཡིག་ལ་གོ་བ་ལེན་པ་དང་མ་ཡིག་གི་ནང་དོན་བརྒྱུད་སྒྲོག་བྱེད་པ་གནད་དུ་བཟུང་བ་དེས། ཀློག་པ་པོས་སྒྱུར་རྩོམ་དང་ལེན་བྱེད་པར་ཕན་པ་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན་མོད། འོན་ཀྱང་། སྒྱུར་པ་པོའི་རང་སྟོབས་ཀྱི་ནུས་པ་ནན་བཤད་བྱེད་དྲགས་ནས། རྩོམ་པ་པོ་དང་མ་ཡིག་གི་སྒེར་ཚུགས་རང་བཞིན་དང་ཆ་ཚང་རང་བཞིན་སྣང་མེད་དུ་བཞག་ན། ལོ་ཙཱའི་བྱ་བ་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། དོན་དངོས་སུ་ལོ་ཙཱའི་བྱ་བ་ནི་ཧ་ཅང་རྙོག་འཛིང་ལྡན་པའི་བརྒྱུད་རིམ་ཞིག་རེད། དེ་ནི་སྐད་རིགས་གཉིས་ཀྱི་སྐད་ཆའི་བརྗེ་རེས་ཙམ་མིན་པར། རིག་གནས་ཀྱི་ཁྱབ་ཁོངས་བརྒལ་བའི་ལག་ལེན་ཞིག་རེད། ལོ་ཙཱའི་བརྒྱུད་རིམ་ཁྲོད་སྒྱུར་མཁན་གྱིས་ལས་སླ་པོའི་སྒོ་ནས་ཀློག་པ་པོ་གཅིག་པུའམ་ཡང་ན་རྩོམ་པ་པོ་གཅིག་པུའི་ངོས་ནས་ལོ་ཙཱའི་བྱ་བར་ཞུགས་མི་འོས། བདག་གིས་བལྟས་ན་ལོ་ཙཱའི་གོ་རིམ་ཁྲོད་དུ། སྒྱུར་པ་པོར་ཐོབ་ཐང་མང་པོ་ལྡན་ལ། སྒྱུར་མཁན་ནི་ཀློག་པ་པོ་དང་རྩོམ་པ་པོ་ཡིན་ལ། དུས་མཚུངས་སུ་གསར་གཏོད་མཁན་དང་ཞིབ་འཇུག་པའང་ཡིན། རྩོམ་ཡིག་འདིར་རྩོམ་རིག་བརྩམས་ཆོས་ཀྱི་ལོ་ཙཱ་གཞིར་བཟུང་ནས། ལོ་ཙཱའི་བརྒྱུད་རིམ་ཁྲོད་སྒྱུར་པ་པོའི་ཐོབ་ཐང་སྐོར་གྱི་གནད་དོན་ཅུང་ཙམ་གླེང་བར་བྱ།

དང་པོ། སྒྱུར་པ་པོའི་ཀློག་པ་པོའི་ཐོབ་ཐང་།
        དེང་རབས་ཚུར་ལེན་མཛེས་དཔྱོད་རིག་པའི་ཚབ་མཚོན་པ་རྗའུ་སི(Hans Robert Jauss)ཡིས་རྩོམ་རིག་བརྩམས་ཆོས་ཀློག་འདོན་མ་བྱས་ན་སྙིང་པོ་ཅི་ཡང་མེད་ལ། གསོན་ཤུགས་ཀྱང་མེད་པ་རེད། ཀློག་པ་པོས་བཀླགས་ཤིང་གོ་བ་བླངས་པས་བརྩམས་ཆོས་ལ་གཞལ་མེད་ཀྱི་རིན་ཐང་བསྐྲུན་པ་རེད། ལོ་ཙཱའི་བྱ་བ་ནི་ཕྲེང་ཐག་བཞིན། ནམ་ཡང་རྩོམ་པ་པོ་དང་། བསྒྱུར་བྱ། སྒྱུར་པ་པོ། འགྱུར་ཡིག ཀློག་པ་པོ་བཅས་རྒྱུན་བུ་གཅིག་ལ་བསྟར་ཡོད། མ་ཡིག་ལ་མཚོན་ན་སྒྱུར་པ་པོའང་ཀློག་པ་པོ་ཡིན། འོན་ཀྱང་དེ་ནི་སྤྱིར་བཏང་གི་ཀློག་པ་པོ་དང་མི་འདྲ། སྤྱིར་བཏང་གི་ཀློག་པ་པོས་བརྩམས་ཆོས་ལ་གོ་བ་རགས་པ་ལེན་པ་ལས། སྒྱུར་པ་པོ་ནང་བཞིན་དམིགས་འབེན་ཞིག་གི་ཆེད་དུ་བརྩམས་ཆོས་ལ་རྒྱུས་ལོན་གནད་འཕིགས་པ་དང་གཏིང་ཟབ་པ། འཐུས་ཚང་བ་བྱེད་ཀྱིན་མེད།
        སྤྱིར་བཏང་གི་ཀློག་པ་པོ་ལ་བརྩམས་ཆོས་བརྒྱུད་སྒྲོག་བྱེད་པའི་འོས་འགན་མེད་པས། མ་ཡིག་ལ་གོ་བ་ལེན་པར་རང་དབང་རང་བཞིན་ཅུང་ཆེ་ཞིང་། རང་སྟོབས་ཀྱི་རང་བཞིན་ཚད་མཐོན་པོ་དང་ལྡན་པ་རེད། སྤྱིར་བཏང་གི་ཀློག་པ་པོ་ཞིག་གིས་རྩོམ་རིག་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་པའི་སྐབས་སུ། རང་དབང་གི་སྒོ་ནས་འཕྲི་སྣོན་བྱེད་ཆོག་པར་མ་ཟད། ལྟ་ཐེངས་གཅིག་གིས་ཐིག་ཕྲེང་མང་པོ་བཀླགས་ནས།ནང་དོན་ལ་རྒྱུས་ལོན་གཏིང་ཟབ་མོ་བྱེད་མི་དགོས། སྤྱིར་བཏང་མ་ཡིག་ལ་གོ་བ་ལོན་པའི་ཚད་དང་། ཤེས་རྟོགས་བཅས་ནི་གཙོ་བོ་ཀློག་པ་པོ་མི་སྒེར་རང་ངོས་ཀྱི་རིག་གནས་ཀྱི་བྱང་ཚད་དང་འཚོ་བའི་ཉམས་མྱོང་། སྒྱུ་རྩལ་ཞིབ་དཔྱོད་ཀྱི་ནུས་པ་དང་མཛེས་དཔྱོད་ལྟ་བ་སོགས་མི་འདྲ་བའི་དབང་གིས་རིགས་མི་འདྲ་བའང་ཡོད། ཚན་རིག་ངོ་མཚར་གྱི་སྒྲུང་ཞིག་ལ་དཔེ་བཞག་ནས་བཤད་ན། སྐར་མའི་གོ་ལ་གཞན་པའི་སྟེང་གི་མི་ལ་སྤྲོ་སྣང་ཆེན་པོ་ལྡན་པའི་སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན། ཁོ་ལ་སྐར་མའི་གོ་ལ་གཞན་པའི་སྟེང་གི་མི་དེ་ཞིབ་འབྲི་བྱེད་པར་ཁྱད་མཚར་གྱི་བསམ་པའི་འཆར་སྒོ་མང་པོ་ཡོད་ངེས་པས། ཁོས་མ་རྩོམ་ལ་གོ་བ་ལེན་པའི་ཚད་དེ་རྩོམ་པ་པོའི་བརྩམས་པའི་ནང་དོན་ལས་བརྒལ་ཐུབ་པའང་ཡོད་པ་རེད། ཡང་ཚན་རིག་ལག་རྩལ་ལ་སྤྲོ་སྣང་ཆེན་པོ་ལྡན་པའི་སློབ་ཆེན་པ་ཞིག་གི་ངོས་ནས་བརྗོད་ན། ཁོ་ནི་དཔེ་དེབ་ཁྲོད་ཀྱི་ཚན་རྩལ་ལག་རྩལ་སྐོར་གྱི་ཞིབ་འབྲི་ལ་ཐུན་མིན་གྱི་འཆར་སྒོ་མང་པོ་ཡོང་སྲིད་པས། རྩོམ་པ་པོས་སྐར་མའི་གོ་ལ་གཞན་པ་ཞིབ་འབྲི་བྱས་པ་སྣང་མེད་དུ་འཇོག་སྲིད་པར་མ་ཟད། མ་འོངས་པར་ཁོས་འབད་པ་ལྷུར་ལེན་གྱི་ཚན་རིག་ལག་རྩལ་སྐོར་གྱི་ཞིབ་འཇུག་ལ་ཞུགས་ནས་དེ་ཉིད་མངོན་དུ་འགྱུར་བར་འབད་སྲིད། དེ་བཞིན་དུ་ལོ་རྒྱུས་རིག་པ་བ་དང་མཚན་ཉིད་རིག་པ་བས་འཇིག་རྟེན་ལ་ལྟ་བའི་ཟུར་སྣེ་མི་འདྲ་བའི་དབང་གིས། བརྩམས་ཆོས་ལ་གོ་བ་ལེན་པའི་བརྒྱུད་རིམ་ཁྲོད་ཀྱི་འཕྲི་སྣོན་ཀྱང་མི་འདྲ། ལུའུ་ཞུན་གྱིས་ཐོག་ཁང་དམར་པོའི་རྨི་ལམ་ལྟ་བུར་མཚོན་ན། འཇིག་རྟེན་ལྟ་སྟངས་མི་འདྲ་བས་མ་རྩོམ་གྱི་བརྗོད་གཞི་ལའང་འགྲེལ་ཚུལ་མང་པོ་མཆིས་ཏེ། རུའུ་ཡི་མཁས་པས་འགྱུར་བ་མཐོང་བ་དང་། ཏའོ་ལུགས་མཁས་པས་སྲེད་པ་མཐོང་བ། ཡང་ཡོན་ཏན་པས་བརྩེ་དུང་མཐོང་བ། གསར་བརྗེ་པས་མན་ཇུ་ལ་ངོ་རྒོལ་མཐོང་བ། ཟེར་སྒྲོས་མཁན་ཚོས་ཕོ་བྲང་གི་མཚར་སྒྲུང་མཐོང་བ་བཅས་མི་འདྲ་ཞེས་བརྗོད་ཡོད། སྐད་ཆ་དེ་ལས་གོང་གི་གནད་དོན་གསལ་པོར་བཤད་ཡོད།
        སྒྱུར་པ་པོ་ནི་སྤྱིར་བཏང་གི་ཀློག་པ་པོ་དང་མི་འདྲ་སྟེ། སྒྱུར་པ་པོས་མ་ཡིག་བརྒྱུད་སྒྲོག་བྱེད་པའི་འགན་འཁུར་ཁུར་ཡོད། ཁོས་མ་ཡིག་གི་ནང་དོན་གསལ་པོར་ཤེས་དགོས་པར་མ་ཟད། ཡི་གེའི་ཕ་རོལ་ཏུ་ཡོད་པའི་བརྗོད་སྙིང་རྟོགས་དགོས། དེའི་རྐྱེན་གྱིས་སྒྱུར་པ་པོའི་དཀའ་ཁག་ནི་སྤྱིར་བཏང་གི་ཀློག་པ་པོ་ལས་ཆེ་བ་ཡོད།
        རང་རྒྱལ་གྱི་སྐད་གྲགས་ཆེ་བའི་ལོ་ཙཱ་བ་ཆེན་མོ་ཧྥུ་ལེ(傅雷)ཡིས། ཡིག་སྒྱུར་ནི་སྐད་སྒྱུར་དང་ཐག་ཅུང་ཉེ་རུང་། དེར་སྒྱུ་རྩལ་བྱང་ཚད་ཀྱི་གཞི་རྩ་བརྟན་དགོས། ཚོར་ཤེས་དྲག་པོ་དང་། སྤྲོ་བ་ཚད་མེད། དཔྱད་སྟོབས་ཚད་ལྡན། སྤྱི་ཚོགས་འཚོ་བའི་ཉམས་མྱོང་ངེས་ཅན་དང་ཤེས་བྱ་སྣ་ཚོགས་པར་མཁས་པ་ཞིག་མིན་ན། མ་ཡིག་ལ་གོ་བ་མཐིལ་ཕྱིན་པ་ཞིག་ལོན་དཀའ་ཞིང་། གོ་བ་ལོན་ཡང་ཤེས་རྟོགས་གཏིང་ཟབ་མོ་ཞིག་དཀའ་བའི་གནས་སུ་ཚུད་སྲིད། སྒྱུར་པ་པོ་དང་སྤྱིར་བཏང་གི་ཀློག་པ་པོའི་བྱང་ཚད་ཀྱི་ཚད་གཞི་མི་འདྲ། སྒྱུར་པ་པོ་སྐད་རིགས་གཉིས་དང་རིག་གནས་གཉིས་ལ་བྱང་ཆ་ལྡན་དགོས་ལ། སྒོས་སུ་རྩོམ་པ་པོ་དང་། ཡང་ན་བརྩམས་ཆོས་གཏོགས་པའི་དུས་རབས་ཀྱི་སྤྱི་ཚོགས་དང་ལོ་རྒྱུས། རིག་གནས་མ་ཟད་འཚོ་བའི་གོམས་སྲོལ་སོགས་ལའང་ཁྱབ་རྒྱ་ཆེ་བའི་སྒོ་ནས་རྒྱུས་ལོན་དང་ཤེས་རྟོགས་བྱེད་དགོས་པར་མ་ཟད། རྩོམ་པ་པོའི་འཚོ་བའི་འཛིན་སྟངས་དང་སྒྱུ་རྩལ་ལ་བཅངས་པའི་ལྟ་བ། སྒྱུ་རྩལ་གྱི་ཁྱད་ཆོས་དང་སྐད་ཆའི་ཁྱད་ཆོས་སོགས་ཀྱི་ཕྱོགས་ལའང་ནུས་པ་གང་ཡོད་ཀྱི་སྒོ་ནས་བློ་ཞིབ་མོས་རྒྱུས་ལོན་དང་ཞིབ་འཇུག་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་འགྱུར་ཡིག་གིས་ཡང་དག་པའི་སྒོ་ནས་མ་ཡིག་གི་རྩོམ་པ་པོས་བརྗོད་པའི་ནང་དོན་འཁྲུལ་མེད་དུ་སྟོན་ཐུབ།
        གཞན་ཡང་། སྒྱུར་པ་པོ་དང་སྤྱིར་བཏང་གི་ཀློག་པ་པོའི་ལྟ་ཀློག་སྐབས་ཀྱི་སེམས་ཁམས་ཀྱི་རྒྱབ་ལྗོངས་ཀྱང་མི་འདྲ་སྟེ། སྤྱིར་བཏང་གི་ཀློག་པ་པོར་མ་ཡིག་བརྒྱུད་སྒྲོག་བྱེད་པའི་འགན་འཁྲི་མེད་པས། དེའི་བསམ་པའི་འཆར་སྒོ་ལ་སྤྱི་ཚོགས་ཁོར་ཡུག་གི་བཀག་རྒྱ་མེད་པ་རེད། འོན་ཀྱང་། སྒྱུར་པ་པོས་གཉེར་བའི་ལོ་ཙཱའི་བྱ་བ་ནི་སྒྱུ་རྩལ་ཡང་བསྐྱར་གསར་རྩོམ་བྱས་པ་ཡིན་པས། དེར་ངེས་པར་མ་ཡིག་གི་ནང་དོན་དང་། རྩོམ་པ་པོའི་ཁྱད་ཆོས། ད་དུང་སྤྱི་ཚོགས་ཁོར་ཡུག་དང་། དེ་མིན་ཀློག་པ་པོས་དང་ལེན་ཐུབ་པའི་ཆུ་ཚད་སོགས་རྒྱུ་རྐྱེན་གང་མང་ཞིག་གིས་ཚོད་འཛིན་བྱེད་སྲིད། དེ་བས་སྒྱུར་པ་པོས་རང་ཉིད་ཀྱི་ལྟ་བ་དང་དཔྱད་པ་སོགས་གང་འདོད་དུ་ཁ་སྣོན་དང་བཟོ་བཅོས་སོགས་བྱེད་མི་ཆོག
        ང་ཚོས་གོང་གསལ་ལས་ཤེས་ཐུབ་པ་ཞིག་ནི། ཀློག་པ་པོའི་ཐོབ་ཐང་ལྡན་པའི་སྒྱུར་པ་པོ་ལ་མཚོན་ན། ལྟ་ཀློག་གི་སྐབས་སུ་མ་ཡིག་གི་ཆ་ཚང་རང་བཞིན་ཉར་སྲུང་རྨང་གཞིའི་སྟེང་། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་མ་ཡིག་ཁྲོད་སྦས་ནས་ཡོད་པའི་དོན་སྙིང་སྔོག་འདོན་དང་བརྒྱུད་སྒྲོག་བྱེད་ངེས།
        དེ་ལྟ་བུའི་དཔེ་ཀློག་གི་ངོ་བོ་ནི། སྒྱུ་རྩལ་རྩོམ་རིག་རིག་པའི་སྐབས་ཀྱི་ཀློག་འགྲེལ་དང་འདྲ་སྟེ། སྤྱིར་བཏང་གི་ཀློག་འདོན་དང་བསྡུར་ན་གཟབ་ནན་གྱི་ཆ་མང་པོ་ལྡན་པ་རེད།

གཉིས་པ། སྒྱུར་པ་པོའི་རྩོམ་པ་པོའི་ཐོབ་ཐང་།
        སྒྱུར་པ་པོ་ནི་མ་ཡིག་གི་ཀློག་པ་པོ་ཡིན་པར་མ་ཟད། མ་ཡིག་གི་ཚེ་སྲོག་རྒྱ་བསྐྱེད་དུ་གཏོང་བའི་འགྱུར་རྩོམ་གྱི་རྩོམ་པ་པོའང་ཡིན་པ་རེད། འགྱུར་རྩོམ་གྱི་རྩོམ་པ་པོ་ལ་མཚོན་ན། སྒྱུར་པ་པོས་མ་ཡིག་གི་རྩོམ་མཁན་དང་འདྲ་བར་གསར་རྩོམ་རྒྱུ་ཆ་གདམ་གསེས་དང་། རྩོམ་གཞིར་ཇུས་འགོད་དང་སྒྲིག་གཞིར་བསམ་བློ་སོགས་གཏོང་མི་དགོས་མོད། འོན་ཀྱང་བསམ་གཞིག་གཏོང་ས་དང་། ཞིབ་བརྗོད་བྱེད་ཡུལ་གཉིས་ནི་ངེས་པར་མ་ཡིག་དང་བསྟུན་དགོས། སྐབས་འདིའི་སྒྱུར་པ་པོས་ངེས་པར་སྒེར་གྱི་ལྟ་བ་བསྐྱུར་ནས། མ་ཡིག་གི་འདུན་པ་དང་བསྟུན་དགོས་ལ། མ་ཡིག་གི་རྩོམ་པ་པོ་དང་གཞི་གཅིག་ཏུ་འདྲེས་ནས། མ་རྩོམ་གྱི་རྩོམ་པ་པོའི་སྐད་ཆ་ཡིག་རིགས་གཞན་ཞིག་གི་ནང་དུ་སྒྲོག་པའི་སྐད་སྦུག་ལྟ་བུར་འགྱུར་དགོས། ཨུ་རུ་སུའི་སྙན་ངག་པ་ཐེ་ལི་ཅི་ཡ་ཧྥུ་སི་ཀེས་ཀྱིས(特列吉亚夫斯基)སྒྱུར་པ་པོ་དང་རྩོམ་པ་པོའི་ཁྱད་པར་ནི་མིང་ཙམ་གྱི་ཁྱད་པར་ལས་མ་འདས། ཞེས་གསུངས་ཡོད།
        རྩོམ་རིག་འགྱུར་རྩོམ་གྱི་སྒྱུར་པ་པོ་ཞིག་ལ་མཚོན་ན། སྐད་རིགས་གཉིས་སམ་གཉིས་ཡན་ཆད་ལ་བྱང་ཆ་ལྡན་དགོས་པའི་ཁར། རྩོམ་པ་པོ་ཞིག་ལ་ལྡན་པའི་རྩོམ་རིག་བྱང་ཚད་དང་། རྩོམ་པ་པོའི་སྐད་ཆའི་ཚོར་བ། རྩོམ་པ་པོའི་ཡི་གེའི་བརྗོད་སྟོབས། རྩོམ་པ་པོའི་རྟོགས་ཞིབ་ནུས་པ་དང་བསམ་བློའི་འཆར་བཀོད་ནུས་པ་སོགས་ཚང་དགོས། གོང་གི་ཆ་རྐྱེན་དག་འཛོམས་ན་ད་གཟོད་མ་ཡིག་ལ་གཏིང་ཟབ་པའི་སྒོ་ནས་གོ་བ་ལོན་ཐུབ་པ་དང་། མ་ཡིག་གི་དོན་གྱི་སྙིང་པོ་རྟོགས་ཐུབ་ན། མ་ཡིག་གི་ནང་དོན་དང་རྣམ་པ་གོང་བུ་གཅིག་ཏུ་འགྲིལ་ནས་སྒྱུ་རྩལ་གྱི་གསོན་ཤུགས་མངོན་ཐུབ། ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ། སྒྱུར་པ་པོས་རྩོམ་པ་པོའི་ཚབ་བྱས་ཏེ་རྩོམ་མཁན་གྱི་ལས་ཀ་དང་དུ་ལེན་པ་དང་། མ་ཡིག་གིས་སྒྱུར་པ་པོའི་སེམས་སུ་ཚོར་འདུ་གཏིང་ཟབ་ཅིང་དྭངས་ཤིང་གཙང་བ་ཞིག་འདྲེན་ཞིང་། མ་ཡིག་ཁྲོད་ཀྱི་རྩོམ་པ་པོ་དང་སྒྱུར་པ་པོའི་སེམས་ཁམས་གཉིས་དབྱེར་མེད་གཞི་གཅིག་ཏུ་འདྲེས་ནས། ཁོང་གཉིས་ཀའི་སྒྱུ་རྩལ་མཚོན་ཐབས་ལའང་བཟང་ཞན་གྱི་ཁྱད་པར་མེད་ན། སྒྱུར་པ་པོས་རྩོམ་པ་པོ་ནི་རང་གི་སྐྱེ་བ་སྔོན་མ་དང་འདྲ་ལ། རང་ཉིད་ནི་རྩོམ་པ་པོའི་སྐུའི་སྐྱེ་བ་བླངས་པ་དང་འདྲ་བས། དེ་ལ་བླ་ན་མེད་པའི་སྤྲོ་སེམས་དང་། བརྩེ་བ། ལྷག་བསམ་བཅས་ཀྱི་སྒོ་ནས་ནུས་པ་གང་ཡོད་ཀྱི་སྒོ་ནས་མ་ཡིག་གི་རྩོམ་ཉམས་སོར་འཇོག་དང་མ་ཡིག་གི་མཛེས་པ་རྩལ་དུ་འདོན་ངེས། དེ་འདྲའི་སྐབས་སུ་ལོ་ཙཱ་ནི་རླབས་ཆེན་གྱི་རྣམ་ཤེས་གཉིས་དུས་རབས་དང་རྒྱལ་ཁོངས་བརྒལ་ནས་མཐུན་པའི་ཨ་ལོང་གཅིག་ཏུ་སྦྲེལ་ཏེ་གྲུབ་པ་ཡིན་པ་དང་། དེ་ནི་སྒྱུ་རྩལ་རྩོམ་རིག་གི་ལོ་རྒྱུས་ཁྲོད་མཐོང་དཀོན་པའི་གཏམ་བཟང་ཞིག་དང་བྱས་རྗེས་ངོ་མཚར་ཅན་ཞིག་ཏུ་གྲུབ་ཡོད།

གསུམ་པ། སྒྱུར་པ་པོའི་གསར་རྩོམ་མཁན་གྱི་ཐོབ་ཐང་།
        གོང་ནས་བརྗོད་པ་བཞིན། སྒྱུར་པ་པོས་ལོ་ཙཱའི་གོ་རིམ་ཁྲོད་དུ་ཕྱོགས་གཅིག་ནས་མ་ཡིག་གི་རྩོམ་པ་པོའི་དགོངས་དོན་དང་བསྟུན་དགོས་པར་མ་ཟད། མ་ཡིག་གི་རྩོམ་པ་པོ་དང་གཞི་གཅིག་ཏུ་འདྲེས་ནས། མ་ཡིག་གི་རྩོམ་པ་པོའི་དགོངས་དོན་མི་རིགས་གཞན་གྱི་སྐད་དུ་སྒྱུར་མཁན་ལ་འགྱུར་དགོས། དེ་ནི་གནད་དོན་གྱི་ངོས་གཅིག་པུ་ཙམ་རེད། སྒྱུར་པ་པོ་ནི་མ་ཡིག་གི་རྩོམ་པ་པོའི་སྐད་ཆ་སྒྲོག་མཁན་ཁོ་ན་ཙམ་མིན་ཏེ། ཡིག་སྒྱུར་གྱི་ལས་འདི་སྐད་རིགས་གཉིས་ཁོ་ནའི་བརྗེ་རེས་ཙམ་མིན་པར་དེ་ནི་རིག་གནས་གཉིས་ཀྱི་བརྗེ་རེས་ཀྱང་ཡིན་པས། དེའི་ཁྲོད་དུ་སྒྱུར་པ་པོའི་གསར་གཏོད་རང་བཞིན་ལྡན་པའི་ངལ་རྩོལ་ཡང་འདུས་ཡོད།
        དོན་སྙིང་གཞན་ཞིག་གི་ངོས་ནས་བརྗོད་ན། སྒྱུར་པ་པོའི་གསར་གཏོད་རང་བཞིན་ལྡན་པའི་ངལ་རྩོལ་དེ་ནི་མ་ཡིག་གི་གསར་གཏོད་རང་བཞིན་ལྡན་པའི་ངལ་རྩོལ་ལས་རིན་ཐང་ཆུང་བ་གཏན་ནས་མིན་ལ། སྐབས་རེར་མ་ཡིག་གི་གསར་གཏོད་རང་བཞིན་དང་ལྡན་པའི་ངལ་རྩོལ་ལས་ཀྱང་རིན་ཐང་ཆེ་བ་དང་། དེ་ནི་ཕྱོགས་གཉིས་ལས་མངོན་ཐུབ་སྟེ། ཐོག་མར་མ་ཡིག་གི་རྩོམ་པ་པོ་ལ་མཚོན་ན། ཁོང་ལ་རང་ཉིད་ཀྱི་གསར་རྩོམ་ཐབས་ལམ་ལས་མེད་པས། རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ལྟར་རྒྱུ་ཆ་གདམ་གསེས་བྱེད་པ་དང་། རང་ཉིད་ཀྱི་འཇིག་རྟེན་ལྟ་བ་དང་། རང་ཉིད་ཀྱི་རྩོམ་གཤིས་སོགས་ཁོ་ན་ལས་མེད་པ་རེད། འོན་ཀྱང་སྒྱུར་པ་པོས་དུས་རབས་མི་འདྲ་བའི་རྩོམ་མཁན་མི་འདྲ་བའི་བརྩམས་ཆོས་ཡིག་སྒྱུར་བྱ་ཐུབ་ལ། ནང་དོན་མི་འདྲ་བ་དང་རྒྱུ་ཆ་མི་འདྲ་བ། དུས་རབས་མི་འདྲ་བ། འཇིག་རྟེན་ལྟ་བ་མི་འདྲ་བ། གོམས་གཤིས་མི་འདྲ་བའི་བརྩམས་ཆོས་གང་མང་ཞིག་ལ་འབྲེལ་འདྲིས་བྱེད་ཐུབ། སྒྱུར་པ་པོས་པར་རྫ་ཁེའི་བརྩམས་ཆོས་ཡིག་སྒྱུར་བྱེད་པའི་དུས་མཚུངས་སུ་རའོ་མེན་རའོ་ལན་དྷིའི་བརྩམས་ཆོས་ཀྱང་ཡིག་སྒྱུར་བྱེད་ཆོག་པར་མ་ཟད། ད་དུང་ཝོལ་ཐེར་གྱི་བརྩམས་ཆོས་ཀྱང་ཡིག་སྒྱུར་བྱེད་ཆོག་པ་རེད། སྒྱུར་པ་པོ་ནི་ལན་རེར་པར་རྫ་ཁེ་བྱེད་ཆོག་ལ། ལན་རེར་རའོ་མེན་རའོ་ལན་དྷི་ཡང་བྱེད་ཆོག་པར་མ་ཟད། ཡང་ལན་རེར་ཝོལ་ཐེར་ཡང་བྱེད་ཆོག་པ་རེད། གཉིས་ནས་སྒྱུར་པ་པོ་ནི་རིག་གནས་མི་འདྲ་བ་གཉིས་ཀྱི་མཚམས་སྦྱོར་མཁན་ཡང་ཡིན་ཏེ། སྒྱུར་པ་པོས་རིག་གནས་གཉིས་སམ་རིག་གནས་གཉིས་ཡན་གཞི་གཅིག་ཏུ་བསྡུ་ཐུབ་ལ། སྒྱུར་པ་པོས་ཡིག་སྒྱུར་བྱེད་པའི་སྐབས་སུ། མ་ཡིག་གིས་མིང་དང་ཚིག མ་ཡིག་ཧྲིལ་པོའི་གོང་འོག་གི་འབྲེལ་བ་དང་། མ་ཡིག་གི་རིག་གནས་ཀྱི་སྙིང་བཅུད་དང་སྐབས་དེའི་དུས་རབས་དང་། མི་རིགས། གྲལ་རིམ། རིག་གནས་སོགས་ཀྱི་རྒྱབ་ལྗོངས་དང་ཀློག་པ་པོའི་དགོས་མཁོ་སོགས་ལ་བསམ་གཞིག་གཏོང་དགོས་པར་མ་ཟད། ད་དུང་། བརྩམས་ཆོས་ཀྱི་བསྟན་དོན་དང་། རྩོམ་གཤིས། དངོས་ཡོད་ལོ་རྒྱུས་ཀྱི་ཁོར་ཡུག རྩོམ་པ་པོའི་འཇིག་རྟེན་ལྟ་བ། གསར་རྩོམ་འདུ་ཤེས། སྒྱུ་རྩལ་མཚོན་ཐབས་དང་སྤྱིའི་སྒྱུ་རྩལ་གྱི་གོམས་གཤིས་སོགས་ལའང་བསམ་གཞིག་གཏོང་དགོས་ལ། དེར་མ་ཟད་འགྱུར་རྩོམ་ལས་ཐོན་སྲིད་པའི་སྒྱུ་རྩལ་གྱི་གྲུབ་འབྲས་དང་སྤྱི་ཚོགས་ལ་ཐོན་པའི་ནུས་པ་སོགས་ལའང་བསམ་གཞིག་བྱེད་དགོས་པས། ཡིག་སྒྱུར་ནི་མ་ཡིག་གི་སྒྱུར་རྩོམ་ཁོ་ན་མིན་པར། དེ་ནི་སྒྱུར་པ་པོའི་གསར་རྩོམ་ཐེངས་ཤིག་ཡིན། འོན་ཀྱང་དེ་ནི་གསར་རྩོམ་གཞན་ཞིག་ཡིན་པ་རེད། དེར་སྒྱུར་པ་པོས་མ་ཡིག་གི་རིག་གནས་དང་། སྒྱུ་རྩལ། ལོ་རྒྱུས་སོགས་མི་ཚུལ་རིང་ལུགས་ཀྱི་ནང་དོན་རྒྱུས་མངའ་དང་འཆད་འགྲེལ། བརྒྱུད་སྒྲོག་བྱས་པའང་ཚུད་ཡོད།
        རྩོམ་རིག་ལོ་ཙཱ་ལ་མ་ཡིག་གི་བཀཀ་རྒྱ་ཐེབས་ལ་གསར་རྩོམ་གྱི་རང་བཞིན་ཡང་ལྡན་ཡོད། དེའི་གནད་གཙོ་བོ་ནི་སྐད་ཆའི་བཀག་རྒྱ་ལས་གྲོལ་ཏེ། མ་ཡིག་གི་ནང་དོན་དང་དགོངས་དོན། རིག་གནས་ཀྱི་སྙིང་པོ་བཅས་བརྒྱུད་སྤྲོད་བྱེད་རྒྱུ་དེ་ཡིན་པ་རེད། སྒྱུར་པ་པོས་ནུས་པ་གང་ཡོད་ཀྱིས་མ་ཡིག་གི་རྩོམ་པ་པོ་དང་འདྲ་བའི་འདུ་ཤེས་འཆང་ཞིང་། རང་མི་རིགས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་དང་སྦྲེལ་ནས་མ་ཡིག་གི་ནང་དོན་དང་དགོངས་དོན། རིག་གནས་ཀྱི་དཔལ་ཡོན་བཅས་ལ་ཡང་བསྐྱར་གསར་རྩོམ་བྱ་ཐུབ་ན། ད་གཟོད་མ་ཡིག་གི་རྩོམ་པ་པོ་དང་དགོངས་པ་མཐུན་ལ་འགྱུར་ཡུལ་ཀློག་པ་པོས་དང་ལེན་ཐུབ་པའི་འགྱུར་དེབ་སྤུས་ལེགས་བསྐྲུན་ཐུབ།
        རྩོམ་རིག་ལོ་ཙཱའི་གསར་གཏོད་རང་བཞིན་ནི་སྒྱུར་པ་པོའི་རང་སྟོབས་ཀྱི་ནུས་པ་ལས་བྱུང་བ་ཡིན། སྒྱུར་པ་པོས་ཕྱོགས་གཅིག་ནས་ཧུར་ཐག་གིས་མ་ཡིག་གི་རྩོམ་ཉམས་ཧྲིལ་པོ་ཡིད་ལ་ངེས་དགོས་པ་དང་། བསམ་པའི་འཛིན་སྟངས་སོགས་གང་ཐུབ་ཀྱིས་རྩོམ་པ་པོ་དང་ཐག་ཉེ་སར་བཅར་ཏེ། རྩོམ་པ་པོ་དང་མཉམ་འུར་འབྱུང་དགོས་ལ། འགྱུར་ཡུལ་ཀློག་པ་པོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། དང་ལེན་བྱེད་པའི་ཆུ་ཚད་ལའང་བསམ་བློ་གཏོང་དགོས། སྒྱུར་པ་པོ་རང་ཉིད་ཀྱིས་མ་ཡིག་ལ་བླངས་པའི་གོ་བ་དང་། ཚོར་འདུ་སོགས་ལ་གསར་རྩོམ་བྱས་པ་བརྒྱུད། སྐད་རིགས་གཞན་པའི་རྩོམ་རིག་གི་གྲུབ་ཆ་ཞིག་ཏུ་ཆགས་སུ་བཅུག་ནས་སྐད་རིགས་གཞན་པའི་ཀློག་པ་པོ་ཡོངས་ལ་དང་ལེན་བྱེད་དུ་བཅུག་སྟེ། སྒྱུར་པ་པོ་རང་ཉིད་ཀྱི་གསར་རྩོམ་སྤྱི་ཚོགས་ཀྱི་ལས་འགུལ་དང་། དུས་རབས། སྤྱི་ཚོགས་བཅས་ལ་མཉམ་འུར་འབྱུང་དུ་འཇུག་དགོས།

བཞི་པ། སྒྱུར་པ་པོའི་ཞིབ་འཇུག་མཁན་གྱི་ཐོབ་ཐང་།
        གོང་ནས་བརྗོད་ཟིན་པའི་ཐོབ་ཐང་གསུམ་ལས་གཞན། སྒྱུར་པ་པོའི་ཞིབ་འཇུག་མཁན་གྱི་ཐོབ་ཐང་ཡང་སྣང་མེད་དུ་འཇོག་མི་རུང་སྟེ། རྩོམ་རིག་ལོ་ཙཱ་ནི་རྩོམ་རིག་ཞིབ་འཇུག་དང་ཁ་འབྲལ་ཐབས་མེད་པར་མ་ཟད། རྩོམ་རིག་ཞིབ་འཇུག་ནི་རྩོམ་རིག་ལོ་ཙཱའི་སྔོན་འགྲོའང་ཡིན། སྒྱུར་པ་པོ་ལ་སྐད་རིགས་གཉིས་ཀྱི་འཇོན་ཐང་ལེགས་པོ་ལྡན་རུང་། གལ་ཏེ་མ་ཡིག་གི་རྩོམ་པ་པོ་དང་དེའི་བརྩམས་ཆོས་བཅས་ལ་ཞིབ་འཇུག་མ་བྱས་པའམ། ཡང་ན་འགྱུར་རྩོམ་དང་འབྲེལ་བའི་རྒྱུ་ཆ་དང་དཔྱད་གཞིའི་ཡིག་ཆ་སོགས་ལ་རྒྱུས་ལོན་མི་བྱེད་པ་དང་། མ་ཡིག་ལས་བསྟན་པའི་སྐབས་དེའི་ལོ་རྒྱུས་ཀྱི་འཚོ་བར་ཞིབ་འཇུག་མ་བྱས་ན། མ་ཡིག་ལ་གོ་བ་གཏིང་ཟབ་ལོན་ཐབས་བྲལ།
        ཡིག་སྒྱུར་གྱི་བྱ་བའི་སྔོན་ནམ་ཡང་ན་ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ། སྒྱུར་པ་པོས་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་མོ་ཞིག་བྱས་ནས། མ་ཡིག་གི་ཤུགས་བསྟན་གྱི་དགོངས་དོན་གསལ་པོར་མ་རྟོགས་ན། ཡིག་སྒྱུར་གྱི་སྤུས་ཀ་ལ་འགན་སྲུང་བྱེད་མི་ཐུབ་ཤ་སྟག་ཡིན།
        སྒྱུར་པ་པོའི་མ་ཡིག་ལ་གོ་བ་ལོན་པ་དང་རྒྱུས་མངའ་ལོན་པ་སྟེ་ཕྱོགས་གཉིས་ལས་མངོན་པ་སྟེ། གཅིག་ནི་མ་ཡིག་གི་སྐད་ཆའི་གོ་དོན་ལ་གོ་བ་ལོན་པར་གོ་བ་དང་། གཉིས་ནི་མ་ཡིག་གི་ཡིག་ངོས་ཕུད་པའི་ཤེས་བྱ་རྟོགས་པ་ལ་གོ་བ་ཡིན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། སྒྱུར་པ་པོས་རྩོམ་རིག་བརྩམས་ཆོས་ཤིག་ཡིག་སྒྱུར་བྱེད་པའི་སྔོན་དུ། མ་ཡིག་གི་རྩོམ་པ་པོའི་བརྩམས་ཆོས་གཙོ་བོ་ཀློག་དགོས་པ་དང་དེའི་བརྩམས་ཆོས་ཀྱི་ཁྱད་ཆོས་དང་རྩོམ་པ་པོ་དེའི་རྣམ་ཐར་སོགས་ལ་ཞིབ་འཇུག་བྱེད་དགོས། རྩོམ་རིག་བརྩམས་ཆོས་ཀྱི་ནང་དོན་ནི་རྒྱ་ཆེ་བར་མ་ཟད། རིག་གནས་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་འབྲེལ་ཡོད་ལ། ད་དུང་མཚན་ཉིད་རིག་པ་དང་མཛེས་དཔྱོད་རིག་པ་སོགས་ལའང་འབྲེལ་ཡོད་པས། མིང་དོན་དང་མཚུངས་པའི་ཡིག་སྒྱུར་མཁན་ཞིག་གིས་ཅི་ཐུབ་ཀྱིས་ལོ་རྒྱུས་དང་། ས་ཁམས། སྤྱི་ཚོགས་དང་རིག་གནས་ལོ་རྒྱུས། འཚོ་བའི་གོམས་གཤིས། དེ་མིན་གླུ་དབྱངས་དང་རི་མོ་སོགས་སྣ་འཛོམས་ཀྱི་ཤེས་བྱ་གང་མང་ཞིག་ལའང་ཁོང་དུ་ཆུད་པར་བྱ་དགོས་པར་མ་ཟད། རྔམ་མཐུག་པའི་རིག་གནས་ཀྱི་བྱང་ཚད་ལྡན་ལ། རིག་གནས་ཀྱི་མཁྱེན་དཔྱོད་ཀྱང་ཡངས་པ་ཞིག་ཡིན་ན་མ་གཏོགས། ཡིག་སྒྱུར་གྱི་བྱ་བ་ངལ་བ་འབྲས་མེད་དུ་འགྱུར་སྲིད།
        ནན་གྱིས་བཤད་དགོས་པ་ཞིག་ནི། ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་སྒྱུར་པ་པོའི་ཀློག་པ་པོའི་ཐོབ་ཐང་དང་། རྩོམ་པ་པོའི་ཐོབ་ཐང་། གསར་རྩོམ་མཁན་གྱི་ཐོབ་ཐང་། ཞིབ་འཇུག་མཁན་གྱི་ཐོབ་ཐང་བཅས་ནི་ཕན་ཚུན་ལ་བསྣོལ་ཅིང་འདྲེས་པའི་གོང་བུ་གཅིག་གྱུར་ཅིག་ཡིན་པས། དེ་དག་ཕན་ཚུན་ལ་ཁ་འབྲལ་མི་ཐུབ་ཅིང་ཐ་དད་ངང་གནས་མི་ཐུབ། སྒྱུར་པ་པོས་ཡིག་སྒྱུར་བྱེད་པའི་སྐབས་སུ་གོང་དུ་བརྗོད་ཟིན་པའི་ཐོབ་ཐང་བཞི་པོའི་ནུས་པར་མཐོང་ཆེན་བྱེད་དགོས་ཤིང་། དེ་ལས་ལྡོག་ན། ཡིག་སྒྱུར་གྱི་བྱ་བ་ལ་ལམ་ལྷོངས་ཡག་པོ་མི་ཡོང་བ་ཡང་སྲིད། དེའི་ཕྱིར། སྒྱུར་པ་པོས་ངེས་པར་རང་ཉིད་ལ་མངའ་བའི་ཐོབ་ཐང་དེ་དག་ལ་ངོས་ཟིན་ཡག་པོ་ཐོབ་པར་བྱ་དགོས་ལ། དེ་འདྲ་བྱས་ན། ད་གཟོད་འགྱུར་རྩོམ་གྱི་སྤུས་ཀ་དང་ཆུ་ཚད་མཐོན་པོ་ཡོང་ཐུབ། །

(རྩོམ་འདིའི་ལོ་ཙཱ་བ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི2017ལོའི་སྐད་བརྡ་དང་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཡིན།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1