༄༅།། 《སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ་》ཞེས་པའི་ཁྱད་ཆོས་ལ་མདོ་ཙམ་དཔྱད་པ།

འཇམ་དབྱངས་གྲགས་པ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-03


འཇམ་དབྱངས་གྲགས་པ།
གཅིག སྙན་རྩོམ་འདིའི་མཛད་པ་པོ་མཚམས་སྦྱོར་མདོར་བསྡུས།
          སྙན་རྩོམ་འདིའི་མིང་དངོས་ལ་《ཀུན་མཁྱེན་གྲུབ་པའི་དབང་པོ་འཇམ་མགོན་སངས་རྒྱས་གཉིས་པའི་སྐུ་ཞབས་སུ་ཟུར་གསལ་ལྟར་གྱི་ཞུ་འཕྲིན་འདེགས་པ་ལ་ཆེད་མངགས་ཀྱི་ཕོ་ཉ་བ་གཞོན་ནུ་དོན་རབ་ཏུ་གྲུབ་པ་སྐབས་བབ་ཀྱི་གཏམ་དང་བཅས་པ་འཕེལ》ཞེས་ཟེར་བ་དང་། འདི་མཛད་པ་པོ་ནི་རེབ་གོང་སྐྱབས་མགོན་བདུན་པའི་ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་ཡིན། ཁོང་ནི་མདོ་སྨད་རེབ་གོང་འབྲོག་ཚོ་ལྔའི་ནང་ཚན་ཚོ་འདུ་ཞེས་པའི་ཡུལ་དུ། ཡབ་ཚོ་འདུའི་སྐུ་དབོན་ཆོས་མཛད་དང་།  ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ་1881ལོར་སྐུ་འཁྲུངས་ནས་མཚན་ལ་པདྨ་བཀྲ་ཤིས་ཞེས་གསོལ། དགུང་ལོ་བཅུ་བ་ལྕགས་སྟག་ལོ་སྟེ་སྤྱི་ལོ1890ལོར་དབེན་གནས་དམ་པ་སྒིས་སྟེང་དགའ་ལྡན་ཆོས་འཕེལ་གྱི་སྒྲུབ་གྲྭར་ཞུགས་ཏེ་གླང་གྱའི་ལྷ་རམས་པ་བློ་བཟང་ཆོས་གྲགས་ཀྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ་མཚན་བློ་བཟང་དཔལ་ལྡན་ཞེས་གསོལ། དགུང་ལོ་ཉི་ཤུ་བ་ལྕགས་བྱི་ལོ་སྟེ་སྤྱི་ལོ་1900ལོར་རབ་བྱུང་མཁན་པོ་སེམས་དཔའ་ཆེན་པོ་བློ་བཟང་ཆོས་གྲགས་ལས་བསྙེན་པར་རྫོགས་ཏེ་སྤོང་བ་བདུན་གྱི་དངོས་པོ་ཐོབ་པའི་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ། །
          དགུང་ན་ཕྲ་བའི་དུས་ནས་བཟུང་སྟེ་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། གྲུབ་དབང་འཇིགས་མེད་བསམ་གཏན། ཚོ་འདུའི་ཡོངས་འཛིན་བྱང་ཆུབ་ཀུན་སྤངས་བློ་བཟང་བསྟན་པ། དུས་ཞབས་པ་ཆེན་པོ་མཚོ་བྱུང་དགྱེས་པའི་དཔལ་བ་སོགས་མཁས་ཤིང་གྲུབ་པའི་བླ་མ་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ནང་བྱང་ཆུད་པར་བསླབས་པས་མཁས་པའི་ཕ་མཐར་སོན།
          དེ་ལྟར་མཁས་པ་ཆེན་པོར་གྱུར་པའི་ལག་རྗེས་སུ་རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོ་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་བླ་ཆེན་དང་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུའི་སློབ་མ་མང་དུ་བྱུང་བ་དང་། གསུང་རྩོམ་མདོ་སྔགས་གཞུང་འགྲེལ་དང་། ཐ་སྙད་རིག་གནས་སྐོར་དང་། ཆབ་ཤོག་སྙན་ངག་གི་སྐོར་མང་དུ་མཛད་པ་སོགས་འཁོར་ལོ་གསུམ་གྱི་བྱ་བ་རྒྱ་ཆེར་མཛད་མཐར་རབ་བྱུང་བཅུ་དྲུབ་པའི་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ་1944ལོར་དགོངས་པ་རྫོགས་པའི་ཚུལ་མཛད་དོ།།
གཉིས། སྙན་རྩོམ་འདིའི་མཛད་པ་པོ་དང་སྙན་རྩོམ་བསྐུར་ཡུལ་བར་གྱི་འབྲེལ་བ།
          ཁོང་རྣམ་གཉིས་གྱི་འབྲེལ་བ་ནི་འདི་ལྟ་སྟེ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་སྐུ་ཚེ་སྔ་མ་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་མདུན་དུ་ཡོངས་འཛིན་བློ་བཟང་དཔལ་ལྡན་དགུང་ལོ་བཅུ་དྲུག་ཡིན་དུས་རྡོ་རྗེ་འཇིགས་མེད་དཔའ་བོ་གཅིག་པ་བདུད་ལས་རྣམ་རྒྱལ་གྱི་དབང་སྟ་གོན་དང་བཅས་པ་སོགས་ཆོས་བཀའ་མང་དུ་གསན་པས། 《རྟོགས་བརྗོད་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་》ལས།   “དེའི་ཚེ་ཚད་མེད་སྙིང་རྗེའི་དབྱིངས་ལས་སྲིད་གསུམ་འཇིགས་པར་བྱེད་པའི་སྐུར། །མངོན་བཞེངས་ལྷ་ཆེན་ཉི་མའི་སྲས་པོ་དུག་རི་ནག་པོ་ཆེར་འབར་བའི། །སྤྱི་བོར་བཀའ་རྟགས་རྡོ་རྗེས་བྱིན་ཕབ་འཇིགས་མེད་དཔག་བསམ་མྱུ་གུ་དེ། །ལེགས་བཤད་བདུད་རྩིའི་ཆར་གྱིས་སྐྱོང་ཚེ་བཞེད་དགུ་སྒྲུབ་པའི་གྲོགས་སུ་སྦྲན། །”ཞེས་གསུངས་པ་ལྟར་ཆོས་བཀའ་མང་དུ་གསན་ཏེ་བཀའ་དྲིན་ཤིན་ཏུ་ཆེ་བས་ཁོང་ལ་འགྲན་གྱི་དོ་མེད་ཀྱི་རྩ་བའི་བླ་མ་གསུམ་གྱི་ནང་ཚན་གཅིག་ཏུ་འཛིན་པ་དང་།  ཡང་རྗེ་བཙུན་འཇིགས་མེད་བསམ་གྱི་ཡང་སྤྲུལ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་ནི་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་སློབ་མ་ཆེས་མཆོག་ཏུ་གྱུར་པར་འཛིན་པས། སྙན་རྩོམ་འདིར། “འདི་ནས་བྱང་དུ་དཔག་ཚད་ཁྲི་ཕྲག་ན། །རྒྱལ་ཀུན་ཡེ་ཤེས་ཐིག་ལེ་ལྟར་ཆགས་པ། །བདག་གི་དཔྲལ་བའི་མིག་དང་ཁོང་བའི་སྙིང་། །མཚན་ཙམ་གྱིས་ཀྱང་རྣ་བའི་བཅུད་ལེན་ཡོད།” ཅེས་དཔྲལ་བའི་མིག་དང་ཁོང་བའི་སྙིང་དང་འདྲ་བར་གསུངས་ཏེ་གདེང་འཇོག་མཐོན་པོ་གནང་བ་འདིས་ཁོང་རྣམ་གཉིས་ཀྱི་འབྲེལ་བ་རྟོགས་ཐུབ།
གསུམ། སྙན་རྩོམ་འདིའི་དཔེ་བྱ་ས་དང་རྐྱེན་གང་ལ་བརྟེན་ནས་བརྩམས་ཚུལ།
          སྙན་རྩོམ་འདིའི་དཔེ་བྱ་ས་ནི་རྒྱ་གར་གྱི་སྙན་ངག་མཁན་གྲགས་ཅན་སློབ་དཔོན་ནག་མོའི་ཁོལ་གྱི་《སྤྲིན་གྱི་ཕོ་ཉ》ཞེས་པའི་སྙན་ངག་དེ་ཡིན་པ་དང་། དེའི་བརྗོད་དོན་ནི་སྟོབས་འབྱོར་ཅན་གྱི་རྗེ་བོ་གནོད་སྦྱིན་ཀུ་བེེ་རའི་མཛོད་གཉེར་ཞིག   རང་ཉིད་བག་མེད་ཀྱི་དབང་དུ་སོང་ནས་ལས་ལ་མི་སྒྲིམ་པར་རྗེ་བོའི་དགོངས་པ་དང་འགལ་བས།  ཁོ་ལ་ཁྲིམས་ཆད་ཕོག་ནས་རྭ་མའི་རི་བོར་གནས་དབྱུང་བཏང་སྟེ་བཙོན་མ་བྱས་ཏེ་ལོ་གཅིག་ཏུ་སྡོད་དགོས་བྱུང་།  དེ་དུས་ཁོས་རང་གི་དགའ་མ་ཧ་ཅང་དྲན་པའི་གདུང་བས་མནར་ཏེ་བཟོད་དཀའ་བ་བྱུང་བའི་ཚེ་ན།  རང་གི་སེམས་ཀྱི་དྲན་གདུང་མཁར་ལྡིང་བའི་སྤྲིན་ཕོ་ཉ་བ་བྱས་ཏེ་རང་གི་གནས་ཚུལ་དང་ལམ་རྒྱུས།   དགའ་མའི་བདེ་སྡུག་གི་འཚམ་འདྲི་བཅས་ཀྱི་འཕྲིན་མི་དང་མི་ལ་ལབ་པ་ལྟར་སྒྲོ་འདོགས་བྱས་ཏེ་བརྩམས་པ་ཞིག་ཡིན།
          《སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ་》འདི་ནི་ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་རེབ་གོང་ཡར་ནང་དུ་ཡོད་པའི་རྡོ་རྗེ་རྫོང་དགོན་པར་ཆོས་ལྡན་གྱི་བྱ་བའི་ཆེད་དུ་བཞུགས་སྐབས་བྲིས་པ་དང་།   སྐུ་གོང་མ་རྗེ་འཇིགས་མེད་བསམ་གཏན་ཚང་ནི་ཁོང་གི་བླ་མ་བཀའ་དྲིན་ཆེ་བ་གསུམ་གྱི་ཡ་གྱལ་ཡིིན་པས།  དད་གདུང་གི་དབང་གིས་བླ་མའི་སྤྲུལ་སྐུ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དྲན་དྲགས་ཏེ་ནམ་མཁའི་སྤྲིན་གྱི་གསེབ་ནས་ལྷའི་བྱིས་པ་ཞིག་བྱུང་བར་སྒྲོ་བཏགས་ནས།   དེ་ཕོ་ཉ་བ་བྱས་ཏེ་རང་གི་གནས་ཚུལ་དང་ལམ་རྒྱུས།   རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཁོང་ལ་འཚམ་འདྲི་སྐབས་བབ་གྱི་གནས་ཚུལ་སོགས་མི་དང་མི་ལ་ལབ་པ་ལྟར་སྤྲིན་གྱི་ཕོ་ཉ་དང་ཚུལ་མཚུངས་པར་བརྩམས་ཡོད་པ་ཡིན་ལ།  མི་མཚུངས་ས་ཡང་འཕྲིན་བསྐུར་ཡུལ་གཅིག་དགའ་མ་དང་།   ཅིག་ཤོས་བླ་མའི་ཡང་སྤྲུལ་ཡིན།   ཡང་ཕོ་ཉ་བ་གཅིག་ནི་སྤྲིན་དང་།   ཅིག་ཤོས་སྤྲིན་ལས་བྱུང་བའི་ལྷའི་བུ་ཡིན་པ་ལྟ་བུ་རེད། །
བཞི། སྙན་རྩོམ་འདིའི་ཁྱད་ཆོས་གཙོ་བོ་འགའ་དམིགས་ཀྱིས་བཀར་ཏེ་དཔྱད་པ།
          1.བརྗོད་བྱ་དོན་དང་འབྲེལ་བས་རྟོགས་སླ་བ། སྙན་རྩོམ་སོགས་རྩོམ་ཡིག་གང་དང་གང་ཡིན་ཡང་ཚིག་མཛེས་ཤིང་སྙན་པ་ཙམ་གྱིས་མི་ཆོག་པར་བརྗོད་བྱ་དོན་དང་འབྲེལ་བའམ་བརྗོད་བྱས་ཕྱུག་པ་ཧ་ཅང་གལ་ཆེ། དེ་འདྲ་མིན་ཚེ་སྔོན་བྱོན་དམ་པའི་གསུང་སྒྲོས་ལས།   སྲོག་གི་དབང་པོས་མ་བཟུང་བའི། །མི་རོ་བཟང་ཡང་སུ་ཞིག་ལེན། །ཞེས་པ་ལྟར་ཡིན་པས།སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པའི་མཛད་པ་པོ་ཁོང་གིས་སྙན་རྩོམ་འདིའི་ཐོག་མཐའ་བར་གསུམ་ཐམས་ཅད་དུ་དགའ་སྐྱོ་དད་གདུང་གི་རྣམ་པ་མངོན་པར་གསལ་བའི་བརྗོད་བྱ་དོན་དང་འབྲེལ་བ་གཙོ་བོར་བཟུང་ཡོད་པས། བརྗོད་བྱ་སྟོང་བའི་ཚིག་རོ་ནི་གཏན་ནས་མེད་པའི་དཔེ་མཚོན་ཙམ་ཞིག་བཀོད་ན་འདི་ལྟ་སྟེ།
          དུས་རབས་བཅུ་བཞི་པའི་སྟོད་ཙམ་ལ་རོང་པོ་དགོན་ཆེན་གྱི་ས་འཛིན་ལྷ་ཁང་བཞེངས་ཏེ་གྲུབ་མཐའ་ས་སྐྱ་བ་ཡིན་པ་ལ།   ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ལོ་སྟེ་སྤྱི་ལོ་1630ལོརཤར་སྐལ་ལྡན་རྒྱ་མཚོས་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་བཙུགས་ཏེ་གྲུབ་མཐའ་དགེ་ལུགས་པར་བསྒྱུར།   རབ་བྱུང་བཅུ་གཉིས་པའི་ཤིང་སྟག་སྟེ་སྤྱི་ལོ་1734ལོར་སྐལ་ལྡན་ངག་དབང་འཕྲིན་ལས་རྒྱ་མཚོས་རྒྱུད་པ་གྲྭ་ཚང་བཙུགས་པ་དང་།  རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ་1773ལོར་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་དུས་འཁོར་གྲྭ་ཚང་བཙུགས་ཏེ་རྒྱ་ཆེར་དར་བ་དེ་ཉིད་རེབ་གོང་སྐྱབས་མགོན་སྐུ་ཕྲེང་ན་རིམ་གྱིས་བསྐྱངས་ཏེ་བསྟན་པ་ཆེས་ཆེར་རྒྱས་པ་དེ་སྟོན་པ་ལ།   སྙན་རྩོམ་འདིར། །“རོང་སྟོན་རིམ་བྱོན་མཛད་པའི་གུར་གུམ་གྱིས། །བྲིས་པ་ནམ་མཁའི་མེ་ལོང་ངོས་གཉིས་པ།   ལུགས་བརྒྱར་གསལ་བ་ས་ཡི་སྙིང་པོ་ཞེས། །སྙན་ལས་སྙན་པ་ཆུ་སྒྲོགས་མཐའ་ལ་བཅས། །” ཞེས་པས་བསྟན་པ་ལྟ་བུ་དང་། ཡང་དུས་རབས་ཉི་ཤུ་བའི་ལོ་རབས་ཉི་ཤུ་དང་སུམ་ཅུའི་ནང་དུ་མཱ་པུའུ་ཧྥང་གིས་མཚོ་སྔོན་ས་ཆར་དམག་ཤུགས་སྤྱད་དེ་བཙན་གྱིས་མངའ་དབང་བསྒྱུར་བ་དང་།   ཁོའི་བཀའ་ལ་མི་ཉན་པར་ཕྱིར་ངོ་རྒོལ་བྱེད་མཁན་མི་སེར་ལ་སྙིང་རྗེ་མེད་པར་ཡ་ང་བའི་དམར་གསོད་བྱེད་པ་སྟེ།  དཔེར་ན།  རེབ་གོང་གཅིག་པུ་ལ་མཚོན་ནས་བཤད་ན།  རེབ་གོང་འཕྲང་ཡར་ནང་སྤྱི་ལ་དྲག་གནོན་བྱས་པ་དང་།   རེབ་གོང་བློན་ཆེ་ལ་དྲག་གནོན་བྱས་པ་དང་།   འཕྲང་ཡར་ནང་གི་བྱེ་བྲག་ཀོའུ་སྡེ་ལ་དྲག་གནོན་དང་དམར་གསོད་བྱས་པ་དང་།  རེབ་གོང་གི་འབྲོག་ཕྱོགས་(དེང་སང་རྩེ་ཁོག་རྫོང་ཟེར) ཀྱི་ཡ་གྱལ་ཧོར་རྟེའུ་ཚང་ཚོ་བར་དྲག་གནོན་བྱས་པའི་ཚུལ་བརྗོད་ན་ཉན་མཁན་རྣམས་ལ་རང་དབང་མེད་པར་འཇིགས་སྐྲག་དང་སྙིང་རྗེ་དབང་མེད་དུ་སྐྱེ་བ་སྲིད།
          དེ་དག་ལས་གཅིག་འདིར་མཚོན་ཙམ་དུ་བཤད་ན། ཀོའུ་སྡེ་སྡེ་བས་མཱ་པུའུ་ཧྥང་གི་གཉའ་གནོན་དང་བཤུ་གཞོག་མ་ཐེག་པར་ཐབས་ཟད་དེ་ཕྱིར་གྱེན་ལྡོག་བྱས་པ་ན།   མཱ་པུའུ་ཧྥང་གིས་དམག་མི་འབོར་ཆེན་མངགས་ཏེ་ཚར་གསུམ་ལག་བསྟར་བྱེད་དགོས་པའི་བཀའ་ཕབ་པ་ཡིན།   དེ་ཡང་དམིགས་འབེན་གཙོ་བོ་རྣམས་བསད་ཚར་བ་དང་།  གྲོང་སྡེའི་འདུག་ཁང་ཚང་མ་བསྲེགས་ཚར་བ། རྩ་ཆེན་རྒྱུ་ནོར་ཚང་མ་འཕྲོག་ཚར་དགོས་ པའི་བཀའ་དམག་དཔུང་གིས་ལག་ཏུ་བསྟར་བ་ན།   གཤིས་ཀ་བཟང་ཞིང་དཔའ་ངར་ལྡན་པའི་ཀོའུ་སྡེ་སྡེ་བའི་བོད་རིགས་མི་དམངས་ནི་བཙན་ཤུགས་ལ་མི་འཇིགས་ཤིང་རང་སྲོག་བློས་གཏོང་བར་མི་ཞུམ་པར་འགོག་རྒོལ་བྱས་ཀྱང་།  བཙན་པོ་གཉོམ་ཆུང་གིས་མི་ཐུབ་པ་དང་།  མང་སྣེ་ཉུང་མིས་མེ་བརྟན་པ་ཆོས་ཉིད་ཡིན་པས།  མཐར་ཁང་བ་ཐམས་ཅད་བསྲེགས།   རྒྱུ་ནོར་ཡོད་ཚད་འཕྲོག   སྐྱེས་པ་བུད་མེད་ཁྱད་མེད་པར་མང་པོ་བསད་པ་ཡིན།   ལོ་རྒྱུས་ཡིག་ཚང་ཁུངས་ལྡན་དུ་བཀོད་པ་ལྟར་ན།  ཕོ་མོ་རྒན་གཞོན་དང་སེར་སྐྱ་ལ་ཁྱད་མེད་པར་མི་ཉིས་བརྒྱ་ཉེར་གཉིས་ཀྱི་མགོ་བཅད་དེ་རོང་པོ་དགོན་པའི་མཐའ་སྐོར་གྱི་སྡོང་མགོར་བཏགས་པ་དང་།   མགོ་མེད་བེམ་རོ་དེ་དག་ལ་གནས་སྐབས་ཙམ་ལ་བདག་པོ་མེད་པར་ཉིན་མོར་ཁྱི་སྤྱང་དང་བྱ་རྒོད་སོགས་ཀྱིས་གང་འདོད་དུ་ཟ་བ་དང་།  མཚན་མོར་ཤ་ཟ་འབྱུང་བོའི་རིགས་དང་།  སྲིན་བྱ་འུག་པ་སོགས་ཀྱིས་གང་འདོད་དུ་ཟ་བ་སྟེ་འཇིག་རྟེན་མི་ཆོས་དང་བྲལ་བའི་ཡ་ངའི་སྤྱོད་ངན་ལ་ཟུར་ཟ་བ་དང་ཞེ་ནས་སྡང་བ་དེ་སྟོན་པའི་ཆེད་དུ། སྙན་རྩོམ་འདིར། “གདོང་ལ་རྒྱུ་བའི་དགྲ་སྡེའི་ཚོགས། །མགོ་བོ་སྙེ་མ་ལྟར་བྲེག་ནས། །ཁྲག་ཞག་འཁྱིལ་བའི་རྒྱ་མཚོ་མར། །འབྱུང་བོའི་རྐན་སྒྲ་མཚན་མོའི་དབྱངས། །”ཞེས་པས་བསྟན་པ་ལྟ་བུ་དང་། ཡང་གྲུབ་དབང་འཇིགས་མེད་བསམ་གཏན་མཆོག་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ལོ་སྟེ་སྤྱི་ལོ་1814ལོར་སྐུ་འཁྲུངས་ཏེ་ཆུང་ངུའི་དུས་ནས་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་ཞིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དང་། ཁོང་ནི་རྭ་ལོ་ཙཱ་བའི་སྐྱེ་སྤྲུལ་དངོས་ཡིན་པར་བཞེད་པས་འཇམ་དཔལ་དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད་ཀྱི་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་སྐུ་དག་པ་སྒྱུ་མའི་སྐུ་དང་།  ཐུགས་དག་པ་དོན་དམ་འོད་གསལ་གཉིས་ཟུང་དུ་འཇུག་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱས་པ་དང་།  དེ་ནས་གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་སླད་དུ་རབ་བྱུང་བཅོ་ལྔ་པའི་མེ་བྱ་ལོ་སྟེ་སྤྱི་ལོ་1897 ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང་།  དེ་ནས་སྐུ་གདུང་ཞུགས་འབུལ་བྱས་པ་ན་གདུང་རུས་ཀྱི་སྟེང་དུ་ལྷ་སྐུ་དང་ཕྱག་མཚན།  གཟུངས་སྔགས་མི་འདྲ་བ་ཡོད་པའི་རང་བསྲེལ་ཡ་མཚན་པ་མང་པོ་བྱུང་བ་སྙིང་པོ་བྱས་ཏེ་སྐུ་གདུང་མཆོད་རྟེན་བཞེངས་ཏེ་ཀ་རིང་དགོན་བཀྲ་ཤིས་ཆོས་གླིང་དུ་བཞུགས་པ་དང་།   མཆོད་རྟེན་དེ་ལ་ཐུན་མོང་སྣང་ཚོད་དུ་སེར་སྐྱ་ཕོ་མོའི་མཇལ་བ་ཟམ་མི་ཆད་པ་དང་།  ཐུན་མིན་ལྟར་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་དང་།   ཐེག་དམན་ཉན་རང་འཕགས་པ་དང་།   ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་དག་གིས་ཉིན་མཚན་དབྱེར་མེད་པར་རང་རང་གིས་བསོད་ནམས་གསོག་པའི་ཆེད་དུ་རྣམ་ཀུན་སྲི་ཞུ་བྱེད་པ་དེ་སྟོན་པ་ལ།  སྙན་རྩོམ་འདིར། “འཇིགས་མེད་གྲུབ་པས་ཟུང་འཇུག་སྒྱུ་མའི་གཟུགས། །རྙེད་དེ་རྒས་འཁོགས་ནོར་བུའི་ཟ་མ་ཏོག   རང་བསྲེལ་ཟོལ་གྱིས་མ་ལུས་སྲི་ཞུའི་མགྲོན། །ཕྲོགས་པས་བདེ་གཤེགས་གཞན་ལ་གནོང་བ་སྦྱིན། །” ཞེས་པས་བསྟན་པ་ལྟ་བུའོ། །
          འདིར་བཀོད་པའི་ཚིགས་བཅད་འདི་གསུམ་བཞིན་དུ་ཁོང་གིས་མཛད་པའི་སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ་ཡོངས་དང་།   དེ་མིན་སྙན་རྩོམ་གཞན་དང་གཞན་ཐམས་ཅད་བརྗོད་བྱ་དོན་དང་འབྲེལ་བའམ་བརྗོད་བྱས་ཕྱུག་པ་དང་།  འགལ་ཟླ་འབྲེལ་མེད་ཀྱི་སྐྱོན་གྱིས་དབེན་པ་སོགས་ཀྱི་ཁྱད་ཆོས་མང་དུ་ལྡན་པས་ཀློག་མཁན་རྣམས་ཀྱིས་དོན་བདེ་བླག་ཏུ་རྟོགས་སླ་བ་ཡིན་ནོ།།
          2. རྗོད་བྱེད་རྒྱུན་དང་འབྲེལ་བས་རྣར་སྙན་པ།  སྤྱིར་སྙན་རྩོམ་དང་རྩོམ་ཡིག་གང་ཡིན་ཡང་བརྗོད་བྱ་དོན་གྱིས་ཕྱུག་པ་ཙམ་གྱིས་མི་ཆོག་པར།  གཞན་ཡིད་འགུགས་ནུས་ཀྱི་སྒྱུ་རྩལ་ལམ་ཁྱད་ཆོས་ལྡན་པའི་རྗོད་བྱེད་ཚིག་མཛེས་ཤིང་སྙན་ཆ་ལྡན་པ་ཡང་ཧ་ཅང་གལ་ཆེ་སྟེ།   སྔོན་བྱོན་མཁས་པའི་གསུང་སྒྲོས་ལས། “མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་རྗོད་བྱེད། །”ཅེས་དང་།  “རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །”ཞེས་པ་ལྟར་སྙན་རྩོམ་དང་རྩོམ་ཡིག་གང་ཡིན་ཡང་གཞན་ཡིད་འགུག་ནུས་ཀྱི་སྒྱུ་རྩལ་ཏེ་སྙན་ངག་གི་ཚིག་རྒྱན་གྱིས་སྤྲས་ན་ནི་ཧ་ཅང་ལེགས་པས།  མཁས་དབང་དམ་པ་འདི་ཡིས་གསུང་རྩོམ་གང་ཞིག་མཛད་ནའང་ཚིག་སྦྱོར་ལ་དོ་སྣང་ཆེན་པོ་བྱེད་པ་ཡིན།
          ཁོང་སྙན་ངག་ལ་མཁས་པའི་ཚུལ་ནི།  ཁོང་གི་རྣམ་ཐར་དུ། དབྱར་(རབ་བྱུང་བཅོ་ལྔ་བའི་ལྕགས་གླང་ལོ་སྟེ་སྤྱི་ལོ་1901 ལོ)རིག་གནས་གསན་བཞེད་ཀྱིས་སློབ་དཔོན་དེ་ཉིད་(དུས་ཞབས་པ་མཚོ་བྱུང་དགྱེས་པའི་དཔལ་བ)རང་དགོན་དུ་གདན་དྲངས་ཏེ་དབྱངས་ཅན་དགྱེས་གླུ་དང་དཎྜིའི་དགོངས་རྒྱན་སྦྲགས་པའི་སྟེང་ནས་སྙན་ངག་མེ་ལོང་ལེའུ་གསུམ་དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་རྣམས་ལ་གསན་སྦྱོང་རྩོམ་རྒྱུགས་བཅས་མཛད་པས་དབྱངས་ཅན་རིག་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་འབྲས་རྟགས་སུ་ཚིག་བཅད་ལྷུག་གི་སྦྱོར་བ་ཆེ་ཆུང་ཇི་འདྲ་གནང་ཡང་རྒྱ་གར་དུ་དགེ་དབང་དང་དཔའ་བོ།  བོད་དུ་མཁས་གྲུབ་ཆོས་ཀྱི་རྒྱལ་པོ་དང་དཔལ་ཞང་ཞུང་བ་ཆོས་དབང་གྲགས་པའི་གསུང་ཡང་ཟིལ་གྱིས་གནོན་པ་ལྟ་བུར་ཡོད་པ་གསུང་རྩོམ་རིགས་ལ་མཇལ་བ་ཙམ་གྱིས་ཤེས་པས།《ངོ་མཚར་སྤྲིན་གྱི་སྒྲ་དབྱངས་》སུ་ཡང་།  “སྐུ་ཡི་ཕྲེང་བར་མཛའ་བར་ཡོངས་འཐམས་པའི། །སྙན་ཚིག་སྡེབ་སྦྱོར་སྒེག་མོ་ཟུང་འཇུག་མ།། སྙིང་ལ་རྩེ་དགའི་གྲོགས་སུ་ཉེར་བཀུག་པས།། དགེ་དབང་དཔའ་བོའི་མཆེད་པོར་ཅི་ཡང་སྙེམས། །”ཞེས་གསུངས་པ་རབ་བཏགས་དང་ཕུལ་བྱུང་ཙམ་མ་ཡིན་པར་རང་བཞིན་བརྗོད་པ་ཁོ་ནའོ། །ཞེས་གསུངས་པ་དེ་དེ་བཞིན་དུ་ཡིན་པས་རྗོད་ཚིག་རྒྱན་དང་འབྲེལ་ཞིང་རྣར་སྙན་པའི་ཁྱད་ཆོས་ལྡན་པ་ཡིན།  འདིར་དཔེ་མཚོན་ཙམ་དྲངས་ན།  སྙན་རྩོམ་འདིར། “བདག་གི་ཁྱིམ་ན་རྟ་དང་གླང་པོའི་ཁྱུ། །བྱ་རྒོད་ཤུགས་ཀྱིས་ཉིན་ཞག་བཅོ་བརྒྱད་ཙམ། །ཉུལ་ཡང་ཕྱི་མའི་མཐའ་ནི་མི་དམིགས་པའི། །སྟོབས་དང་འབྱོར་བ་ནོར་རྩེན་ཕོ་བྲང་བཞིན། །དེ་ལྟ་མོད་ཀྱི་ཁོ་བོ་ཡིད་བྱུང་ནས། །གྱོ་མའི་སྣོད་ཐོགས་ངུར་སྨིག་ཙམ་བླངས་ནས། །ཆགས་པ་མེད་པར་ཞི་བའི་བས་མཐའ་རུ། །ཨེ་མ་དྲང་སྲོང་འདི་འདྲ་ཆེད་དུ་བྱས། །”ཞེས་པའི་ཚིགས་བཅད་གཉིས་ཀྱིས་ཡོངས་འཛིན་བློ་བཟང་དཔལ་ལྡན་ཁོང་གི་འཁྲུངས་གཞིའི་ཁྱིམ་ཧ་ཅང་ཕྱུག་པོ་ཡིན་ན་ཡང་ཁོང་གིས་སྲིད་པའི་ཕུན་ཚོགས་ཀྱི་ཉེས་དམིགས་རིག་སྟེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཚུལ་སྟོན་པ་ལ་སྙན་ངག་གི་ཚིག་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ཡིན། དེ་ཡང་བདག་གི་སྐྱེ་ཁྱིམ་ན་རྟ་དང་གླང་བོའི་ཁྱུས་ས་སྟེང་ཁྱབ་པའི་སྟེང་གི་ནམ་མཁའ་རུ་བྱ་རྒོད་པོས་ཤུགས་བསྐྱེད་དེ་ཉིན་ཞག་བཅོ་བརྒྱད་ཙམ་ལ་འཕུར་ནའང་ས་དེའི་སྟེང་གི་ནམ་མཁའི་མཐའ་མི་དམིགས་པའི་སྟོབས་དང་འབྱོར་བ་ཞེས་པ་ནི། ལེའུ་གཉིས་པའི་ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་གྱི་ཡ་གྱལ་འབྱོར་བ་རྒྱ་ཆེ་བའི་རྒྱན་དང་། ཡང་བྱ་རྒོད་པོའི་ཤུགས་ཀྱིས་ཉིན་ཞག་བཅོ་བརྒྱད་ཙམ་ཉུལ་ཡང་ཕྱི་མའི་མཐའ་མི་དམིགས་ཞེས་ཧ་ཅང་འུད་ཆེན་པོ་བྱས་ཡོད་པས་ལེའུ་དང་པོའི་ཐུན་མིན་རྒྱན་བཅུ་ལས་དགུ་བ་མཛེས་རྒྱན་ལས་རྒྱ་གར་ཤར་བའི་ལུགས་ཀྱི་མཛེས་རྒྱན་དང་།  ནོར་རྩེན་ཕོ་བྲང་བཞིན་ཞེས་དཔེ་རྒྱན་བཅས་ཀྱིས་སྤྲས་ཡོད་པ་དང་།  ཡང་དེ་ལྟ་བུ་ཡིན་མོད་ཀྱི། ཁོ་བོ་སྲིད་པའི་ཕུན་ཚོགས་ལ་ཡིད་བྱུང་ནས་ཞེས་པ་བྱ་བ་རང་བཞིན་བརྗོད་པ་དང་།  གྱོ་མའི་སྣོད་ཐོགས་པ་དང་ངུར་སྨིག་ཙམ་བླངས་ཏེ་ཆགས་པ་མེད་པར་ཞེས་པ་རྫས་རང་བཞིན་བརྗོད་པ་དང་།  འདུ་འཛི་ཞི་བའི་བས་མཐའ་རུ་ཨེ་མ་དྲང་སྲོང་འདི་འདྲ་ཆེད་དུ་བྱས་ཞེས་པ་དོན་རྒྱན་བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལས་རྨད་བྱུང་གི་ཉམས་ཀྱིས་སྤྲས་ཏེ་ཚིག་སྦྱོར་མཛེས་པར་བྱས་ཡོད།
          ཡང་སྙན་རྩོམ་འདིར།  “དེ་ནས་ཉི་ཟླའི་རྒྱུ་ལམ་ཡང་། །འགོག་སྙམ་ས་ཡི་བདག་པོའི་མཁར། །ལམ་སྲང་བུ་མོའི་རྣ་བ་ལ།  ། མཚོན་ཆའི་ཕོན་པོ་སྙིང་ལ་གཟན། །” ཞེས་པའི་ཚིགས་བཅད་འདིས་ཅི་ཞིག་བསྟན་ཡོད་ཅེ་ན། །མི་རིགས་དུ་མ་འདུས་ཤིང་ཚོང་རྫས་ཧ་ཅང་མང་བའི་ཚོང་ར་དེ་ནས་མར་ཅུང་སོང་ན་སྐབས་དེའི་སྲིད་གཞུང་མཱ་པུའུ་ཧྥང་གི་དམག་གི་མཁར་ཡོད་པ་དེ་བསྟན།  དེ་ཡང་མཁར་མཐོ་དྲགས་པས་ཉི་ཟླའི་རྒྱུ་ལམ་ཡང་འགོག་སྙམ་ཞེས་པ་རབ་རྟོག་སྙམ་སྒྲ་ཅན་ནམ།   ཡང་ན་ལེའུ་དང་པོའི་ཤར་པའི་མཛེས་རྒྱན་ལྟར་ཧ་ཅང་འུད་ཆེ་བ་དང་།  ཡང་ས་ཡི་བདག་པོའི་མཁར་གྱི་ལམ་སྲང་དེ་བུ་མོའི་རྣ་བའི་གཟུགས་སུ་བཀོད་ཡོད་པ་དང་།  མཚོན་ཆའི་ཕོན་པོ་སྙིང་ལ་གཟན་ཞེས་པ་འཇིགས་རུང་གི་ཉམས་ཀྱིས་སྤྲས་པའི་ཚིག་སྦྱོར་གྱིས་ནི་སྐབས་དེའི་ལོག་སྤྱོད་སྲིད་གཞུང་དེའི་དྲག་ཤུགས་དང་ངན་སྤྱོད་དེ་རིགས་དངོས་ཤུགས་ཅི་རིགས་ཀྱིས་སྨད་པ་དང་ཐེར་འདོན་བྱས་ཡོད།
          ཡང་སྙན་རྩོམ་འདིར། “མདོ་རུ་རང་བྱུང་བྲག་རིའི་མུ་ཁྱུད་ལ། །མ་བསླངས་གོར་མའི་ཀ་བ་མཐོངས་ལ་བསྙེགས། །སྔོ་བསངས་རང་ལུས་ལ་ནི་སྙིང་ཉེ་སྟེ། །རགས་པའི་གཟུགས་ནི་སྦས་པའི་ཟོལ་ལ་བརྟེན། །”ཞེས་པའི་ཚིགས་བཅད་འདིས་ནི་ཀ་རིང་དགོན་པ་དང་ཀ་རིང་སྡེ་བ་ཞེས་འདོགས་པའི་རྒྱུ་མཚན་ནི་ལུང་ཁོག་དེའི་མདོ་ན་རྡོ་ཡི་ཀ་བ་ཞིག་ཡོད་པ་དེ་བསྟན་པ་ཡིན།  དེ་ཡང་སྟོན་ཚུལ་ལ།   ལུང་ཁོག་དེའི་མདོ་རུ་བྱེད་པོས་བསམ་བཞིན་མ་བྱས་པའི་རང་བྱུང་གི་བྲག་རིའི་མུ་ཁྱུད་ལ་གྱེན་དུ་སློང་བ་པོས་བསམ་བཞིན་མ་བསླངས་པའི་གོར་མ་སྟེ་རྡོ་ཡི་ཀ་བ་ནམ་མཁའི་མཐོངས་ལ་བསྙེགས་ཞེས་པ་དོན་རྒྱན་དགུ་པ་སྲིད་པ་ཅན་གྱི་རྒྱན་དང་།  དེ་ལྟར་རྡོ་ཡི་ཀ་བ་ནམ་མཁའི་མཐོངས་ལ་བསྙེགས་པ་ན་སྔོ་བསངས་ཏེ་ནམ་མཁས་རང་གི་ལུས་ལ་སྙིང་ཉེ་བ་སྟེ་གཅེས་སེམས་ཀྱིས་རགས་པའི་གཟུགས་སྦས་པའི་གཡོ་ཟོལ་ལ་བརྟེན་ནས་མི་མཐོང་བར་བྱས་སོ་ཞེས་པ་ནི་ལེའུ་དང་པོའི་ཐུན་མིན་རྒྱན་གྱི་བཅུ་བ་ཏིང་ངེ་འཛིན་གྱི་རྒྱན་གྱིས་སྤྲས་ཡོད་དེ།  རང་ལུས་ལ་སྙིང་ཉེ་བ་དང་།   སྦས་པའི་གཡོ་ཟོལ་ལ་བརྟེན་པའི་སེམས་ལྡན་གྱི་ཁྱད་ཆོས་སེམས་མེད་ནམ་མཁའི་སྟེང་ལ་བཀོད་དེ་ཚིག་ཉམས་མཛེས་པར་བྱས་ཡོད་དོ།།
          ཡང་སྙན་རྩོམ་འདིར། “ཆུ་ཤིང་མཆོག་ལུས་པད་རྩའི་མྱོས་བུམ་དང་།  །  བྱུ་རུའི་མཆུ་སྒྲོས་སྦྲང་རྩིའི་འགྲམ་ཆང་ཅན། །མཐོན་མཐིང་ལྕང་ལོ་ཨུཏྤལ་འདབ་མའི་སྤྱན། །སྙིང་སྡུག་ལྷན་ཅིག་སྐྱེས་པ་དུས་སུ་འདུ། །”ཞེས་པའི་ཚིགས་བཅད་འདིས་ནི་ཅི་ཞིག་བསྟན་ཡོད་ཅེ་ན།  ཆོས་ལུགས་པའི་བཞེད་ཚུལ་ལྟར་ན།  རྡོ་རྗེ་རྫོང་ནི་འཇམ་དཔལ་དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད་ཀྱི་གནས་ཡིན་པས། ཟླ་རེ་རེའི་ཡར་ངོ་དང་མར་ངོའི་ཚེས་བཅུ་ལྟ་བུའི་དུས་ཆེན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་འདུས་ཏེ་བདེ་བ་ཆེན་པོ་རྒྱས་པའི་རྟེན་བྱེད་པས་དེ་སྟོན་པ་ལ། ཆུ་ཤིང་མཆོག་ལྟ་བུའི་ལུས་དང་། པདྨའི་རྩ་བ་ལྟ་བུའི་མྱོས་བུམ་དང་།  བྱུ་རུ་ལྟ་བའི་མཆུ་སྒྲོས་དང་།  སྦྲང་རྩི་ལྟ་བུའི་འགྲམ་ཆང་ཞེས་པ་སོགས་ནི་འབྲུ་མང་པོའི་ཚིག་སྡུད་དང་།   མཐོན་མཐིང་ལྕང་ལོ་སྟེ་ཁ་དོག་སྔོན་པོའི་དབུ་སྐྲ་ལྡན་པ་ཞེས་པ་རང་བཞིན་བརྗོད་པ་དང་།  ཨུཏྤལ་གྱི་འདབ་མ་ལྟ་བུའི་སྤྱན་ཞེས་པ་འབྲུ་མང་གི་ཚིག་སྡུད་ཀྱི་རྒྱན་གྱིས་སྤྲས་ཏེ་ཚིག་སྦྱོར་མཛེས་པར་བྱས་པ་ལྟ་བུས་མཚོན་ཁོང་གིས་མཛད་པའི་སྙན་རྩོམ་ཐམས་ཅད་དང་།  ཁྱད་པར་《སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ》ཞེས་པ་འདིའི་ཐོག་མཐའ་བར་གསུམ་དུ་གང་ལ་གང་འཚམ་གྱི་ཚིག་རྒྱན་གྱིས་སྤྲས་ཏེ་རྣར་སྙན་ཞིང་ཡིད་འགུག་པའི་བྱེད་ནུས་ཁྱད་པར་ཅན་ལྡན་པའི་སྙན་རྩོམ་ཕུལ་དུ་བྱུང་བ་ཁོ་ན་ཡིན་པ་ཤེས་ཐུབ་བོ།།
          3. ཚིག་སྡེབ་སྦྱོར་དང་འབྲེལ་བས་ངག་ཏུ་ཀློག་བདེ་བ།  ལེགས་སྦྱར་སྐད་ཀྱི་སྡེབ་སྦྱོར་གྱི་ཏ་མཐའ་ཡང་བ་དང་།  ཛ་དབུས་ལྕི་བ་སོགས་སྡེབ་སྦྱོར་ལྕི་ཡང་གི་གོ་རིམ་སྡེབ་སྦྱོར་གྱི་གཞུང་ནས་བསྟན་པ་ལྟར་བྱེད་དགོས་པ་དང་།  དེ་ལྟར་མིན་པར་ཏ་མཐའ་ཡང་བའི་ཚབ་ཏུ་ན་ཀུན་ཡང་བ་བཀོད་པ་དང་། ལ་ཡང་བའི་ཚབ་ཏུ་ག་ལྕི་བ་བཀོད་ན་སྐྱོན་དུ་འགྱུར་བ་ལྟ་བུ་ནི་བོད་སྐད་ལ་མེད་མོད། འོན་ཀྱང་ཚིགས་སུ་བཅད་པའི་ཡི་གེ་མང་ཉུང་ངམ་རྐང་བ་རིང་ཐུང་ཤོར་བའི་སྐྱོན་ནི་ཡོད་པས་སྐྱོན་དེ་མི་འབྱུང་བར་བྱས་ན་ནི་ངག་ཏུ་ཀློག་བདེ་ཞིང་རྣར་སྙན་པའི་ཁྱད་ཆོས་ལྡན་པ་ཡིན་ལ།  རྐང་བའི་ཚེག་བར་མང་ཉུང་ཅི་ཙམ་བྱེད་མིན་ཐད་རང་རང་གི་འདོད་མོས་ལྟར་བྱེད་ཆོག་པ་ལས་མཐའ་གཅིག་ཏུ་ཚད་་གཟུང་མེད་ཅིང་།  ཚེག་བར་ལྔ་ནས་སོ་གསུམ་བར་དུ་ཡོད་པར་སྔོན་གྱི་མཁས་པ་རྣམས་ཀྱིས་བཤད་དོ།།
          དེ་ཡང་ཤོ་ལོ་ཀ་སྔོན་མ་དེར་ཚིག་རྐང་སོ་སོའི་ཚེག་བར་བདུན་ཡོད་ལ། དེའི་རྗེས་མ་བརྒྱད་དགུ་བཅུ་སོགས་མང་དུ་བཏང་ཆོག་པ་དང་།  ཤོ་ལོ་ཀ་སྔོན་མ་དེ་ཚིག་རྐང་སོ་སོའི་ཚེག་བར་བཅུ་གསུམ་ཡིན་ན་བཅུ་གཅིག དགུ། བདུན། དྲུག་སོགས་ཉུང་དུ་བཏང་བ་ལྟ་བུ་ངེས་མེད་བྱས་ཆོག་པ་དང་།  ཚིགས་བཅད་སྔོན་མ་ཁ་ཤས་ཚེག་བར་ཉུང་བ་དང་། དེ་ནས་ཚིགས་བཅད་ཁ་ཤས་ཚེག་བར་མང་དུ་བྱས་ཀྱང་ཆོག་པ་ཡིན།།
          དེ་བས་སྙན་རྩོམ་འདིར། འདི་ནས་བྱང་དུ་དཔག་ཚད་ཁྲི་ཕྲག་ན། །ཞེས་པ་ནས། ལྷག་མར་སྤྱོད་པ་འདི་ཡང་ཆས་སུ་ཟུངས། །ཞེས་པའི་བར་གྱི་ཚིགས་བཅད་བཅུ་ནི་ཚེག་བར་དགུ་མ་དང་། ད་ནི་ཛ་ལནྡྷ་ར་ཡི། །ཞེས་པ་ནས། འགྲན་བཞིན་ལྡང་བའི་ཟློས་གར་རྩེན། །ཞེས་པའི་བར་གྱི་ཚིགས་བཅད་གཉིས་ནི་ཚེག་བར་བདུན་མ་དང་། མཐོན་མཐིང་ནེའུ་གསིང་རྨ་བྱའི་མགྲིན་འདྲ་ལ། །ཞེས་པ་ནས། འགོད་ན་འདབ་ཆགས་ཕལ་རྣམས་སྤྲེའུའི་ཁྱུ། །ཞེས་པའི་བར་གྱི་ཚིགས་བཅད་གསུམ་ནི་ཚེག་བར་དགུ་མ་དང་། ཤིང་སྐམ་མི་རོ་ལྟར་རེངས་ཤིང་། ཞེས་པ་ནས། ལུས་དང་སྲོག་གི་ཆོམ་པོར་རྒྱུ། །ཞེས་པའི་ཚིགས་བཅད་གཅིག་ནི་ཚེག་བར་བདུན་མ་དང་། འཇིགས་རུང་གཅན་གཟན་ནགས་ཀྱི་གཤིན་རྗེའི་ཚོགས། །ཞེས་པ་ནས། དུས་ཀྱིས་འཕོས་འདྲའི་དགའ་ཚལ་ཡི་གར་འོང་། །ཞེས་པའི་བར་གྱི་ཚིགས་བཅད་བཅུ་ནི་ཚེག་བར་དགུ་མ་ཡིན་པ་བཞིན་དུ་མཇུག་གི་ལེགས་བཤད་སྨྲ་བའི་ལྕེ་རྩེ་གློག་ལྟར་རྣམ་པར་འགྱུ་ཞིང་མགྲིན་པའི་ཕུག་དག་རིག་པའི་དབྱངས་ཀྱི་ང་རོ་འཛིན། །ཞེས་པའི་ཚེག་བར་ཉེར་སུམ་ཅན་གྱི་ཚིགས་བཅད་གཅིག་པོ་མ་གཏོགས་སྙན་རྩོམ་ཡོངས་ཚེག་བར་དགུ་མ་དང་བདུན་མ་གཉིས་སྤེལ་མར་བྲིས་ཡོད་པ་ཡིན།
          ཡང་ཚེག་བར་ལྔ་ནས་སོ་གསུམ་བར་དུ་ཡོད་པའི་ཚིགས་བཅད་གང་ཡིན་ཡང་ཚིག་རྐང་སོ་སོའི་ཡིག་འབྲུའི་ཚིག་བར་ཆ་དང་ཡ་ཁེལ་སྟངས་གཅིག་མཚུངས་བྱུང་ན་ཀློག་དུས་སྙན་པོ་ཡིན་ལ། དེ་ལྟར་མ་བྱུང་ན་དེ་ཙམ་སྙན་པོ་མིན།  ཚེག་བར་ཆ་ཟེར་བ་ནི་ཚེག་བར་གཉིས་མཉམ་དུ་འདོན་དགོས་པ་ལ་ཟེར་ཞིང་། ཚེག་བར་ཡ་ཟེར་བ་ནི་ཚེག་བར་གཅིག་རྐྱང་བྱས་པ་ལ་ཟེར།   དེ་ལྟར་ཤེས་རྗེས་ཚིགས་བཅད་ཀྱི་རྐང་བ་རིང་ཐུང་ལྟར་ཡང་ཆ་དང་ཡ་ཁེལ་སྟངས་གཅིག་མཚུངས་འབྱུང་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། དཔེར་ན། ཚེག་བར་བདུན་ཅན་ཞིག་ལ་མཚོན་ན།  ཉམས་དགའི་སྐྱེད་ཚལ་གྱི་ནང་ན། །དྭངས་གཙང་རྫིང་བུ་ཞིག་འཁྱིལ་ལོ། །ཞེས་པ་ལྟ་བུ་ཆ་གཉིས་དང་ཡ་གཅིག་དང་ཆ་གཅིག་བྱས་པ་རྐང་བ་གཉིས་ཀ་འདྲ་མཚུངས་ཡིན་ན་ངག་ཏུ་ཀློག་བདེ་ཞིང་རྣར་སྙན་པ་དང་། ཡང་། ཉམས་དགའི་སྐྱེད་ཚལ་གྱི་ནང་ན། །དྭངས་ཤིང་གཙང་བའི་རྫིང་བུ་ཡོད། །ཅེས་པ་ལྟ་བུའི་རྐང་བ་སྔ་མ་ཆ་གཉིས་དང་ཡ་གཅིག་དང་ཆ་གཅིག་ཅན་དང་། །རྐང་བ་ཕྱི་མ་ཆ་གསུམ་དང་ཡ་གཅིག་ལྟ་བུའི་ཆ་དང་ཡ་ཁེལ་སྟངས་གཅིག་མཚུངས་མིན་ན་ངག་ཏུ་ཀློག་མི་བདེ་ཞིང་རྣར་ཡང་མི་སྙན་པས།  སྙན་རྩོམ་འདིར་མཚོན་ན། མཇུག་གི་ཚེག་བར་ཉེར་གསུམ་ཅན་གྱི་ཚིགས་བཅད་གཅིག་པོ་མ་གཏོགས། ཚེག་བར་དགུ་མ་དང་བདུན་མ་གཉིས་སྤེལ་མར་ཡོད་པ་ཐམས་ཅད་རྐང་བའི་མཇུག་གི་ཚེག་བར་གཅིག་པོ་ཡ་ཡིན་པ་མ་གཏོགས་ཚེག་བར་སྔ་མ་རྣམས་ཆ་ཡིན་པས།  རྐང་བ་རེ་རེ་ཀློག་ཐེངས་གཅིག་གམ་དབུགས་ཐེངས་གིས་ཀློག་ཆོག་པ་དང་།  དེ་ལྟར་བཀླགས་ན་ཀློག་མཁན་གྱི་ངག་ཏུ་བདེ་བ་དང་ཉན་མཁན་གྱི་རྣར་སྙན་པ་ཡིན། ཡང་མཇུག་ན་ཡོད་པའི་ཚིགས་བཅད་གཅིག་སྟེ། “ལེགས་བཤད་སྨྲ་བའི་ལྕེ་རྩེ་གློག་ལྟར༷་རྣམ་པར་འགྱུ་ཞིང་མགྲིན་པའི་ཕུག་དག༷་རིག་པའི་དབྱངས་ཀྱི་ང་རོ་འཛིན། །མཁས་ལས་མཁས་པའི་ཟུར་ཕུད་ལ་ནི༷་རྐང་སྟེགས་རབ་འཆའ་རྣ་བར་སྔོན་མེད༷་ཨུཏྤལ་རྒྱན་བྱིན་རྩེ་དགས་ཁྲིད། །མ་ཁོལ་དབྱངས་དང་ཆོས་དབང་གྲགས་པའི༷་ངག་རིག་གཅིག་ཏུ་འདྲེས་པ་མིན་ནམ༷་ཉམས་ཀྱིས་འཕགས་པའི་ལང་ཚོ་འབར། །དུས་ཀྱི་བསོད་ནམས་ཟོང་གིས་ཁུགས་མིན་ཀུན་མཁྱེན་ཇི་བཞིན་དཔག་ཡས་མཐུ་ལས་སྨྲ་བའི་ཉི་མ་གཅིག་པུར་གྲུབ། །”ཅེས་པ་ཆ་བཅུ་གཅིག་དང་ཡ་གཅིག་བྱས་ཏེ་ཡོད་པ་དང་།  འདི་ནི་ཀློག་ཐེངས་གཅིག་གམ་དབུགས་ཐེངས་གཅིག་གིས་ཀློག་མི་ནུས་ཤིང་བཙན་ཚུགས་ཀྱིས་བཀླགས་ན་ཀློག་མི་བདེ་ཞིང་རྣར་ཡང་མི་སྙན་པས། ངལ་གསོའི་སྡོད་མཚམས་སུ་ངལ་བསོས་ཏེ་བཀླགས་ན་ངག་ཏུ་ཀློག་བདེ་ཞིང་རྣར་སྙན་པ་ཡིན། ངལ་གསོའི་སྡོད་མཚམས་ནི་ཐོག་ལེ་བྲིས་ཡོད་པ་དེ་དག་ཡིན།  དེས་ན་སྙན་རྩོམ་འདི་ནི་གོང་ལྟར་ཚིག་གི་སྡེབ་སྦྱོར་སྟངས་ལ་ཐུགས་གཞིགས་ལེགས་པར་བྱས་ནས་བརྩམས་ཡོད་པས། རྣར་སྙན་ཞིང་ཀློག་བདེ་བའི་ཁྱད་ཆོས་ལྡན་པ་ཡིན་ནོ།།
          4.མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་ཆེ་བ།  སྤྱིར་མངོན་བརྗོད་ཅེས་པ་ནི། འཇིག་རྟེན་གྱི་ཆོས་རྣམས་ལྟོས་བཅས་ཀྱིས་ཕན་ཚུན་འདྲ་བ་དང་འབྲེལ་བ། རྒྱུ་འབྲས། རྟེན་དང་བརྟེན་པ།  བྱེད་ལས་དང་ལྡོག་པ་སོགས་རྒྱུ་མཚན་དུ་བྱས་ཏེ་ཐ་སྙད་སྣ་ཚོགས་བཏགས་པའི་རིག་པ་ཞིག་ཡིན་པ་དང་། སྡེབ་སྦྱོར་དང་། ཟློས་གར། མངོན་བརྗོད་གསུམ་ནི་སྙན་ངག་ལ་ཧ་ཅང་འབྲེལ་ཆེ་བས། འདི་གསུམ་སྙན་ངག་གི་ཁོངས་སུ་བསྡུ་བར་མཁས་པ་དག་གིས་བཞེད།
          དེས་ན་སྐབས་སུ་བབ་པ་མངོན་བརྗོད་རིག་པ་ནི་སྙན་ངག་ལ་འབྲེལ་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཞེ་ན། ཚེག་ཁྱིམ་གྱི་ཁ་སྐོང་བ་དང་། ཚིག་གི་བཟླས་སྐྱོན་སྤོང་བ་དང་། དོན་གྱི་ཁྱད་ཆོས་སམ་བྱེད་ལས་མངོན་པར་གསལ་བ་དང་། ཚིག་མཛེས་པར་བྱེད་པ་སོགས་ཀྱི་དགེ་མཚན་མང་དུ་ཡོད་པ་དང་།     སྙན་རྩོམ་འདིར་དགེ་མཚན་དེ་དག་མངོན་པར་སྤྱད་ཡོད་པ་དག་ལས་རེ་ཟུང་བཀོད་དེ་གསལ་བཤད་བྱས་ན་འདི་ལྟར། ཚེག་ཁྱིམ་གྱི་ཁ་སྐོང་བ་ནི། དཔེར་ན། སྙན་རྩོམ་འདིར། “གསུང་མཉན་སྐུ་ཡི་རྒྱལ་མཚན་བལྟ་བའི་སླད། །ཕྱོགས་འགྲུལ་སྙིམ་པའི་གཞོང་བ་རིན་ཆེན་གྱིས། །ཕྱུར་བུ་བཀང་རྣམས་དབང་ཆེན་མཚན་མའི་ལྟོར། །འཇིགས་སྡེའི་མེ་ནི་རྒྱུན་ཆད་མེད་ལ་རྟོག །”ཅེས་རེབ་གོང་སྐྱབས་མགོན་གྱི་གསུང་ལ་མཉན་པ་དང་སྐུ་ལ་བལྟ་བའི་ཆེད་དུ། །ཕྱོགས་སོ་སོ་ནས་ཡོང་བའི་དད་ལྡན་འགྲུལ་བ་དག་གི་སྙིམ་པའི་གཞོང་བ་དེ་རིན་ཆེན་གྱིས་ཕྱུར་བུར་བཀང་བ་མཚམས་ཆད་མེད་པ་ནི། དཔེར་ན། དབང་ཆེན་མཚན་མ་སྟེ་རྒྱ་མཚོ་ཆེན་པོའི་ནང་དུ་འཇིགས་སྡེ་མེ་སྟེ་ཆུ་བོ་གངྒྰ་རྒྱུན་ཆད་མེད་པ་ལ་རྟོག་པ་སྟེ་འདྲ་བ་ཡིན་ནོ། །ཞེས་པ་འདིའི་ནང་གི་དབང་ཆེན་མཚན་མའི་ཚབ་ཏུ། ཕྱུར་བུར་བཀང་རྣམས་རྒྱ་མཚོ་རུ།། ཞེས་རྒྱ་མཚོ་བཞག་པ་དང་། འཇིགས་སྡེ་མེའི་ཚབ་ཏུ། གངྒྰ་རྒྱུན་ཆད་མེད་ལ་རྟོག   ཅེས་གངྒྰ་བཞག་ན་དོན་སྟོན་ཡང་ཚེག་ཁྱིམ་མི་མཉམ་པའི་སྐྱོན་ཡོད་པས།  མངོན་བརྗོད་ཀྱི་མིང་འདི་ལྟ་བུ་ནི་ཚེག་ཁྱིམ་ཁ་སྐོང་བ་དང་ཚིག་མཛེས་པའི་ཆེད་དུ་སྦྱར་བ་དང་།  ཡང་ཚིག་གི་བཟླས་སྐྱོན་སྤོང་བ་ནི།   སྐོར་རྒྱན་དང་སྒྲ་རྒྱན་མིན་ན་བསྟུད་མར་མིང་ཚིག་རིགས་འདྲ་ཡོང་ཚེ་དེ་ནི་སྐྱོན་དུ་འགྱུར་བས་སྐྱོན་དེ་སྤོང་ཆེད། སྙན་རྩོམ་འདིར། “གངས་དཀར་རལ་བ་སྟུག་པོའི་ཐོར་ཅོག་གི།”རྩེ་མོ་མཁར་བསྙེགས་ཉི་ཟླའི་རྣ་ཆ་ཟུང་། །མགུལ་བར་བཟུང་བའི་འབིགས་བྱེད་རི་བོའི་སྤུན། །སྨིག་རྒྱུའི་ཀ་བ་དགུང་ལ་བཙུགས་པ་འདྲ། །གཡའ་དང་རྫ་ཡི་གླེགས་བུམ་མ་འཐོར་བའི། །ས་འཛིན་རྩེ་མོ་མཐོངས་ལས་མཐོང་དཀའ་སྟེ། །འདབ་བཟང་དབང་པོ་བྱེ་འུའི་གོ་འཕང་ལ། །འགོད་ན་འདབ་ཆགས་ཕལ་རྣམས་སྤྲེའུའི་ཁྱུ།། །”ཞེས་པའི་ཚིགས་བཅད་སྔ་མའི་ནང་དུ་རི་བོ་ཞེས་ཡོད་པས་ཚིགས་བཅད་ཕྱི་མར་ཡང་རི་བོ་ཞེས་བཀོད་ན་མི་མཛེས་པས་ས་འཛིན་ཞེས་རི་བོའི་མིང་གཞན་བཀོད་དེ་ཚིག་མཛེས་པར་བྱས་པ་དང་། དོན་གྱི་ཁྱད་ཆོས་སམ་བྱེད་ལས་མངོན་པར་གསལ་བའི་ཆེད་དུ་རིག་བྱེད་ཀྱི་གཏམ་རྒྱུད་ལ་སྦྱར་བའི་མངོན་བརྗོད་ཀྱི་མིང་བཀོད་པ་ནི།  སྙན་རྩོམ་འདིར། “དེ་གཞན་ལྷོ་བྱང་དོན་མཐུན་ཁྲི་ཕྲག་གིས། །བགྲོད་པ་གཅིག་པའི་གཞུང་ལམ་དར་དཀར་གྱི། །ཁུག་པ་བརྐྱངས་པས་མིའུ་ཐུང་གོམ་པ་ཡང་། །གྲོག་མའི་སུག་པའི་རྗེས་ལ་ཡང་དག་རྟོག །”ཅེས་པ་ལྟ་བུ་མིའུ་ཐུང་གི་གཏམ་རྒྱུད་ནི་ཁྱབ་འཇུག་གི་འཇུག་པ་བཅུའི་ཡ་གྱལ་གཅིག་ཡིན་ལ། དེ་ནི་ཁྱད་པར་འཕགས་བསྟོད་ལས། ཁྱབ་འཇུག་མིའུ་ཐུང་གཟུགས་བསྒྱུར་ནས། །གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས། །ཞེས་གསུངས་པ་ལ། །དེའི་འགྲེལ་བར། ཁྱབ་འཇུག་མིའུ་ཐུང་གཟུགས་བསྒྱུར་ནས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ། སྟོབས་ལྡན་ཞེས་བྱ་བའི་ལྷ་མ་ཡིན་ཞིག་བྱུང་བ་དང་། དེས་རང་གི་ཕ་རོལ་གནོན་པས་ཁམས་གསུམ་མ་ལུས་པ་རྣམ་པར་གནོན་པ་ན་ཁྱབ་འཇུག་གིས་བསམས་པ། ངས་འདི་དང་ལྷན་གཅིག་གཡུལ་སྤྲོད་པར་མི་ནུས་ཏེ། ཤིན་ཏུ་སྐྱེས་བུའི་རྩོལ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ངེས་པར་སྒྱུ་ཐབས་ཀྱིས་བསླུ་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས། བདག་ཉིད་བྲམ་ཟེ་མིའུ་ཐུང་ཞིག་གི་གཟུགས་སུ་སྤྲུལ་ནས་སློང་མོའི་བདག་ཉིད་ཅན་དུ་བྱས་ཏེ་སོང་ནས། རྒྱལ་པོ་སྟོབས་ལྡན་རྟའི་མཆོད་སྦྱིན་བྱེད་པའི་བརྟུལ་ཞུགས་ལ་གནས་པའི་ཚེ། སུ་ཞིག  སུ་ཞིག་འདོད། གང་ལ་ཅི་ཞིག་སྦྱིན་པར་བྱ། ཞེས་ཟེར་བ་ལ་བརྩོན་པ་དེའི་ཐད་དུ་ཕྱིན་ནས། ཕ་དང་མའི་ཕྱིར་མེ་ལ་མཆོད་སྦྱིན་བྱེད་པས་དེའི་དོན་དུ་ས་ཕྱོགས་གོམ་པ་ཉིད་ཀྱི་ཚད་སློང་ངོ་ཞེས་སྨྲས་པ་དང་།  དེས་སྨྲས་པ། འདི་ཙམ་ཞིག་གིས་ཁྱོད་ལ་དགོས་པ་ཅི་ཞིག་རྫོགས་པར་འགྱུར། གཞན་དུ་ན་གླང་བོ་དང་། རྟ་དང་། ཤིང་རྟ་དང་། གསེར་ལ་སོགས་པའི་དངོས་པོ་སློངས་ཤིག་དང་། དེ་ངས་དགག་པ་མེད་པ་དང་། ཁྱད་པར་དང་བཅས་པ་སྦྱིན་པར་བྱའོ་ཞེས་སྨྲས་ཀྱང་འདོད་པར་མ་གྱུར་ཏོ། །དེ་ནས་དེས་སྨྲས་པ། གལ་ཏེ་དེ་ལྟར་འདོད་ན་རེ་ཞིག་གོམ་པ་གསུམ་ཡང་ཁྱེར་ཅིག་ཅེས་སྨྲས་པ་དང་། ཁྱབ་འཇུག་གིས་གོམ་པ་གཉིས་ཀྱིས་འཇིག་རྟེན་གསུམ་གྱི་བར་དུ་རྐང་པ་གཅིག་བརྐྱངས་ནས། གོམ་པ་གསུམ་པའི་གནས་མ་རྙེད་པ་དང་། དམ་བཅས་པ་ཉམས་པར་བྱས་པའི་དོར་ཐབས་ཁས་བླངས་པས་ཡིད་ཞུམ་པར་གྱུར་བ་དང་། འཇིགས་པ་ཆེན་པོས་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བཅོམ་པར་གྱུར་པས་སྟོབས་ལྡན་བཟུང་སྟེ། ས་འོག་ཏུ་བཅིངས་པར་གྱུར་ཏོ། །ཞེས་འབྱུང་བ་ལྟར། ཁྱབ་འཇུག་གི་གོམ་པ་གཉིས་ཀྱིས་འཇིག་རྟེན་གསུམ་བརྒལ་ནུས་པ་ཤེས་རྗེས། སྙན་རྩོམ་འདིར། གོང་གི་དེ་ལས་གཞན་ལྷོ་དང་བྱང་གི་དོན་མཐུན་ཁྲི་ཕྲག་གིས་བགྲོད་པ་གཅིག་པའི་གཞུང་ལམ་དར་དཀར་གྱི་ཁུག་པ་བརྐྱངས་པས་ཞེས་རྡོ་རྗེ་རྫོང་གི་ཉེ་གམ་དེར་བཀྲ་ཤིས་ལ་རིང་ཞེས་པའི་ལ་རིང་པོ་ཞིག་ཡོད་པ་དེ་སྟོན་པ་ལ། ལ་དེ་ཧ་ཅང་རིང་བས་བགྲོད་དཀའ་ཞེས་མ་བཤད་པ་དང་།  ཡང་ལ་རིང་དེ་འགྲོས་མྱུར་བའི་རྟ་མཆོག་གིས་ཀྱང་ཡུན་རིང་དུ་བགྲོད་དགོས་ཞེས་ཀྱང་མ་བཤད་པར། གཞན་ལྟ་ཅི་ཁྱབ་འཇུག་གི་གོམ་པ་ཡང་ལ་དེ་ཧ་ཅང་རིང་དྲགས་པས་སྲིན་འབུ་གྲོག་མའི་སུག་རྗེས་དང་འདྲ་བར་བསྟན་པས། ཀློག་པ་པོ་དག་གི་སེམས་ལ་ལ་དེ་ཧ་ཅང་རིང་བོ་ཞིག་ཡིན་རྒྱུ་རེད་སྙམ་པའི་བློ་ངང་ངམ་ཤུགས་ཀྱིས་སྐྱེ་འོང་བ་དང་།དེ་ལྟར་གང་ལ་གང་འཚམ་གྱི་མངོན་བརྗོད་ཀྱི་མིང་བཀོལ་བ་སྟེ། གཡོན་མ། ལེགས་བྲིས་བུས་པ། ས་སྲུང་། ལུས་སྐྱེས། ནོར་རྩེན་ཕོ་བྲང་། ཉལ་འགྲོ། ཛ་ཧུའི་བུ་མོ།  བཤུལ།  རྐང་དྲུག    རི་སྐྱེས།   ས་འཛིན།  ཆོམ་པོ། ཟ་བྱེད། སྔོ་བསངས། ལྟ་བྱེད་སོགས་མངོན་བརྗོད་ཀྱི་མིང་བགྲང་གིས་མི་ལང་བ་སྤྱད་དེ་སྙན་རྩོམ་མཛེས་པར་བྱས་ཡོད་པས། མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་ཆེ་བ་ཞེས་བཤད་པ་ཡིན།
          5. སྙན་རྩོམ་འདིས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་དུ་བོད་ཀྱི་རྩོམ་རིག་གོང་འཕེལ་ཐད་ལ་བྱེད་ནུས་གལ་ཆེན་ཐོན་པ། རབ་བྱུང་བཅུ་བདུན་པའི་ས་རྟ་ལོ་སྟེ་སྤྱི་ལོ་1978ལོར་ཏང་གི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་ནས་བོད་ཀྱི་གནའ་དཔེ་འབོར་ཆེན་དཔར་སྐྲུན་བྱེད་མགོ་ཚུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1983ལོར་《རྨད་དུ་བྱུང་བའི་སྙན་ངག་གི་ཚིག་རྒྱན་ཕུན་སུམ་ཚོགས་པའི་ཆབ་ཤོག་ཕྱོགས་བསྒྲིགས》ཞེས་པ་དཔར་དུ་བསྐྲུན་པ་དང་། དེའི་ནང་གི་སྙན་རྩོམ་རིང་ཤོས་ནི་《སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ》དང་། 《རྟོགས་བརྗོད་གསེར་གྱི་མེ་ཏོག》གཉིས་ཡིན།  དེ་བས་བོད་ཀྱི་དགོན་སྡེ་ཁག་དང་། ཁྱད་པར་དུ་སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་ཕལ་མོ་ཆེས་ཆབ་ཤོག་ཕྱོགས་བསྒྲིགས་ལ་སློབ་པའི་ཚ་རླབས་ཤིག་འཕྱུར་བ་དང་། དེ་ལས་ཀྱང་《སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ》དང་《རྟོགས་བརྗོད་གསེར་གྱི་མེ་ཏོག》གཉིས་ལ་ལྷག་ཏུ་བསླབས་པ་དང་བསྟུན་ཏེ། རྩོམ་པ་པོ་གསར་བྱུང་དག་གིས་སྙན་རྩོམ་འདི་ལ་མ་དཔེ་བྱས་ཏེ་རྩོམ་ཡིག་འབོར་ཆེན་བྲིས་ཏེ། 《སྦྲང་ཆར》དང་《མཚོ་སྔོན་སློབ་གསོ》སོགས་དུས་དེབ་དེ་དག་སྟེང་དུ་བཀོད་པ་ཡིན་པས། སྙན་རྩོམ་འདི་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་དུ་རྩོམ་རིག་གི་ཕྱོགས་ལ་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་པ་ཡིན།  དེའི་ཕྱིར།  སྙན་རྩོམ་འདིས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་དུ་བོད་ཀྱི་རྩོམ་རིག་གོང་འཕེལ་ཐད་ལ་བྱེད་ནུས་གལ་ཆེན་ཐོན་པ་ཡིན་ཞེས་བཤད་ཆོག
ལྔ། མཇུག་བསྡུ་བའི་གཏམ།
          《སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྲུབ་པ》ཞེས་པ་འདིའི་རྩོམ་པ་པོ་ནི་གོང་དུ་བཤད་པ་ལྟར་རྒྱ་གར་གྱི་སྙན་ངག་མཁན་གྲགས་ཅན་དགེ་དབང་དཔའ་བོ་སོགས་ཀྱང་ཟིལ་གྱིས་གནོན་ནུས་པ་ལྟ་བུའི་མཁས་པའི་དབང་པོ་ཡིན་པས། སྙན་རྩོམ་འདིར་བརྗོད་བྱ་ཟབ་ཅིང་རྗོད་བྱེད་སྙན་པ་སོགས་ཀྱི་མང་དུ་ལྡན།  དེའི་ཕྱིར་འདིར་མཛུབ་མོས་རི་སྟོན་གྱི་ཚུལ་གྱིས་ཁྱད་ཆོས་གཙོ་བོ་འགའ་ལ་དཔྱད་པའི་ཁུལ་བྱས་པ་འདིས་ནི། སྙན་ངག་གི་ཕོ་ཉ་གཞོན་ནུ་དོན་རབ་ཏུ་གྟུབ་པཤོ་ལོ་ཀ་བརྒྱ་དང་སོ་བདུན་གྱི་བདག་ཉིད་ཅན་ཡོངས་ཇི་བཞིན་མཚམས་སྦྱོར་དང་གསལ་བཤད་བྱེད་དཀའ་ཡང་། སྙན་རྩོམ་འདི་ལ་གོ་བ་ལེན་སྟངས་དང་སྤྱི་ཁོག་འབྱེད་པའི་ལྡེ་མིག་ལྟ་བུར་འགྲོར་ངེས་པའི་ལེགས་ཆ་སྐྲ་རྩེའི་ཆུ་ཐིགས་ཙམ་ཞིག་མཆིས་ན་ནི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་གཅེས་ནོར་ལྔ་ཟུང་རིག་པ་མི་ཉམས་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1