མགོ་དཀྲིས་འོག་གི་འབྲོག་མོ།

གྱད་མི། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


མེ་ཏོག་དཀར་དམར་གདོང་ནས་སྐྱེས་ན་ཡང་།།

སྟོང་ཉིད་དབང་དུ་བཞག་ནས་དལ་གྱིས་ལོག །

སྦྲ་གུར་ནག་པོའི་གཟེབ་ཏུ་དབྱངས་འགུགས་ཏེ།།

ཚིག་དང་དབྱངས་ཀྱི་གསེང་ནས་སུ་ཞིག་དྲན།།

ཤ་དང་པགས་པའི་འགྲམ་ནས་སུ་ཞིག་ཚགས།།

ཆོས་དབྱིངས་སྤྲིན་བྲལ་ཨ་སྔོན་གནམ་ཟུར་དུ།།

ཡིད་ཀྱི་གསར་བུ་བསམས་ཏེ་ཡར་ཡར་གཟིགས།།

ངང་དཀར་མྱོས་པའི་སྡུག་དབྱངས་དེ་ཉན་ཏེ།།

སྒེག་གི་པགས་པའི་ཉམས་དེ་མཚར་བྱུང་ངམ།།

སེམས་དེའི་བལ་སྤུ་ཤེད་ཀྱིས་འགུལ་བྱུང་ངམ།།

ཐག་རིང་ལམ་དཀྱིལ་དེ་ནས་མིག་ཟུར་འཕེན།།

གོམ་འགྲོས་བར་ནས་རྫི་གླུ་མངར་མོ་འགུགས།།

མགོ་དཀྲིས་གསེབ་གྱི་འབྲོག་མོ་ཁྱད་མཚར་མ།།

མདུན་ལམ་ཡག་པོ་གང་ཞིག་འཚོལ་རྩིས་ཡོད།།

དགའ་རོགས་ལེགས་པོ་སུ་དང་སྡོད་རྩིས་ཡོད།།

ལོ་གྲངས་དར་ལ་བབ་ཀྱང་དགའ་དབེན་ཞིང་།།

ནམ་རྒྱུན་གུར་ཁྱིམ་ཞིག་ནས་དལ་འདུག་བའི།།

འབྲོག་པའི་བདག་མོ་ངུ་རོགས་མི་དགོས་སམ།།

ཁྱེད་ཉིད་ལས་དབང་དེ་འདྲའི་ཨ་མཚར་ཟིག།

ཁྱེད་ཀྱི་མདུན་ལམ་ཅི་འདྲའི་འཁྲུལ་སྣང་ཟིག།



རྩོམ་ཡིག་སྔོན་མ།
གཉིད་བཤད།
རྩོམ་ཡིག་རྗེས་མ།
སྒྱུ་མའི་རང་མཚང་བརྟོལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1