བོད་ཀྱི་ན་གཞོན་གླུ་བ་བསམ་ཁོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17


བོད་ཀྱི་ན་གཞོན་གླུ་བ་བསམ་ཁོ་ལགས་ནི་ཨ་མདོ་རྔ་བའི་བོད་ཁྱིམ་དཀྱུས་མ་ཞིག་དུ་སྐྱེས་ཤིང་། ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་རབ་ཏུ་སྤྲོ་བ་མ་ཟད། སྐྱེ་གཟུགས་ལེགས་ཤིང་སྐད་ངག་སྙན་པའི་སྐྱེས་ཐོབ་ཀྱི་ཡོན་ཏན་མཆོག་ཏུ་མངའ།ཁོང་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གླུ་དབྱངས་དང་བྲོ་གར་གྱི་ཆེད་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན་ཏེ་ད་ལྟ་མ་ཡུམ་སློབ་གྲྭར་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། ཐེངས་མང་པོར་སློབ་གྲྭའི་ཚབ་བྱས་ནས་རྒྱལ་ནང་གི་འགྲན་ཚོགས་གང་མང་ལ་ཞུགས་པ་མ་ཟད་སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་བོད་ཀྱི་ལོ་སར་དགོང་ཚོགས་སོགས་གང་མང་ལ་ཞུགས་པ་དང་གདངས་འཇོག་ཀྱང་མི་དམན་པ་ཞིག་ཐོབ།2004ལོར་འགྲེམ་སྤེལ་བྱས་པའི་ཁོང་གི་བརྙན་འཁོར་ཐོག་མ་དེ་བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་དང་དེང་རབས་ཀྱི་ཁྱད་ཆོས་གཉིས་ཟུང་དུ་འབྲེལ་བས་བོད་ཁུལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་ཁོང་གི་བརྙན་འཁོར་གྱི་འགྲེམ་སྤེལ་གྲངས་ཚད་ལྷོ་ནུབ་ས་ཁུལ་གྱི་ཨང་དང་པོར་ཡིན། 2005ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་འཚེར་ལམ་གྱི་གླུ་གཞས་འགྲན་ཚོགས་ལ་ཞུགས་ནས་ཨང་ལྔ་བ་དང་ལོ་འཁོར་གཅིག་ནང་གི་ཆེས་དགའ་བསུ་ཐོབ་པའི་གླུ་བའི་མཚན་སྙན་ཐོབ། བོད་ལྗོངས་གློག་འཕྲིན་གྱིས་གསར་སྤེལ་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་རིག་ནུས་ལག་འཕྲིན་ཐོག་མའི་སྨྲ་ཚབ་པ་ཡིན། གླུ་བ་བསམ་ཁོ་ལགས་ནི་ནམ་ཡང་སྤྱི་ཕན་གྱི་ལས་ལ་རབ་དུ་མོས་ཀྱང་རང་གི་ཐབས་ལམ་གང་མང་བརྒྱུད་ནས་རང་གི་ཕ་ཡུལ་གྱི་སྤྱི་ཕན་གྱི་ལས་ལ་གཞོལ་གྱིན་ཡོད།ཁོང་གིས་འབྲེལ་ཟམ་བྱས་པ་བརྒྱུད་ད་ལོར་ཡང་སྒོར་ཁྲི་100ཡས་མས་ཀྱི་རོགས་སྐྱོར་དངོས་རྫས་སོགས་རང་གི་ཕ་ཡུལ་ལ་སྤྱིན་པ་མ་ཟད།ཁྱིམ་ཚང་དཀའ་ངལ་ཅན་10ལྷག་གི་སློབ་མ་རྣམས་ལ་གཅིག་ཁ་གཅིག་གཏད་ཀྱི་རོགས་སྐྱོར་ཐོབ།

   གླུ་བ་བསམ་ཁོ་ནི་བོད་ཁུལ་དུ་མིང་གྲངས་ཆེ་བས་ན་གཞོན་གླུ་བ་ཞིག་ཡིན་ལ། མིག་སྔར་ཁོང་གི་མི་སྒེར་གྱི་ཆེད་བསྒྲིགས་བརྙན་འཁོར་གསུམ་ཕབ་བསྐྲུན་འགྲེམ་སྤེལ་གནང་ཡོད། བརྙན་འཁོར་གྱི་བརྗོད་དོན་གཙོ་བོ་ནི་ཁྱིམ་མིའི་བརྩེ་བ་དང་ཕོ་མོའི་བརྩེ་དུང་།དེ་མིན་ཁོར་ཡུག་སྲུང་སྐྱོབ་སོགས་ཡིན་པས་བོད་རྒྱ་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1