༄༅།། ཡིག་སྒྱུར་བྱེད་སྐབས་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་བྱེད་དགོས་ཚུལ་སྐོར།

འབྲུག་ལྷ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 01-04


འབྲུག་ལྷ།
          ཡིག་སྒྱུར་ནི་སྐད་ཡིག་ཅིག་གིས་མཚོན་པའི་བརྗོད་དོན་དེ་སྐད་ཡིག་གཞན་ཞིག་གིས་མཚོན་པར་བྱེད་པ་ཡིན་པ་དང་། དེ་ནི་མི་དང་མིའི་བར་གྱི་བསམ་བློ་བརྗེ་རེས། མི་རིགས་དང་མི་རིགས་བར་གྱི་དགེ་མཚན་འདྲེན་རེས། རྒྱལ་ཁབ་དང་རྒྱབ་ཁབ་བར་གྱི་གནས་ཚུལ་བརྒྱུད་སྤེལ་སོགས་བྱེད་པའི་ཐབས་ཤེས་མཆོག་ཏུ་གྱུར་པ་ཞིག་རེད། སྔོན་ཐོན་གྱི་མི་རིགས་ཤིག་བྱེད་ན་ངེས་པར་མི་རིགས་གཞན་གྱི་རིག་གནས་ལས་ལེགས་ཆ་ནང་འདྲེན་བྱེད་ཅིང་ཕྱིའི་མི་རིགས་བར་དུ་འབྲེལ་ཟམ་འཛུགས་པ་ལས་རང་གིས་རང་ཉིད་བཀག་རྒྱར་བཅུག་ན་ག་ལ་འགྲིག ལྷག་པར་དུ་ཉིན་རེ་བཞིན་འཕེལ་འགྱུར་བྱུང་བཞིན་པའི་དེང་རབས་ཀྱི་སྤྱི་ཚོགས་ནང་དུ་མི་རིགས་གཞན་གྱི་རིག་གནས་གསར་པ་ཉིན་གཅིག་ནང་འདྲེན་མ་བྱས་ན་མི་རིགས་དེ་ཉིན་གཅིག་རྗེས་སུ་ལུས་ངེས། དེ་བས་མི་རིགས་འཕེལ་རྒྱས་སུ་གཏོང་ན་ཡིག་སྒྱུར་ལས་དོན་ལ་དོ་སྣང་ཆེན་པོ་བྱེད་དགོས།
          ད་སྐབས་བོད་མི་རྣམས་ཀྱི་ནང་དུ་སྐད་གཉིས་ཤེས་མཁན་མང་པོ་འདུག་ལ་ཡིག་སྒྱུར་བྱེད་མཁན་ཡང་རབ་འབྲིང་ཐ་གསུམ་ཡོད། འོན་ཀྱང་ཡིག་སྒྱུར་མང་པོ་ཞིག་ལ་འདི་དང་དེ་འདྲའི་སྐྱོན་ཆ་མང་པོ་འདུག་པ་ནི་ཡིག་སྒྱུར་གྱི་གོ་དོན་ངོས་མ་ཟིན་པ་དང་རིག་གནས་བར་གྱི་ཁྱད་པར་ལ་དོ་སྣང་མ་བྱས་པས་ལན་པ་འདྲ།
          ང་ཚོས་བོད་ཀྱི་སྔ་རབས་ལོ་ཙཱ་བ་རྣམས་ཀྱི་མཛད་རྗེས་ལ་ཕྱིར་དྲན་བྱས་ན་བློ་བསྐྱེད་ཆེན་པོ་འབྱུང་ཐུབ། ལོ་རྒྱུས་ཐོག་ཏུ་སྔ་རྗེས་སུ་བཀས་བཅད་ཐེངས་གསུམ་བྱུང་བ་དང་བཀས་བཅད་ཀྱི་རྨང་གཞིའི་ཐོག་ལེགས་སྦྱར་གྱི་སྐད་ལས་ཆོས་གཞུང་བོད་དུ་བསྒྱུར་བའི་རྩ་དོན་ཆེན་པོ་གསུམ་དང་། ཐབས་དམ་པ་བཞི། ཡིད་འཇོག་བྱེད་དགོས་པའི་དོན་ཚན་བཞི་ལ་སོགས་པ་གཏན་ལ་ཕབ་ཅིང་། སྔོན་ཆད་བསྒྱུར་བའི་མིང་ཚིག་རྣམས་ཕྱོགས་བསྡོམས་ཀྱིས་《སྒྲ་སྦྱོར་བམ་གཉིས་》གཏན་འབེབས་མཛད་པ་ནས་དུས་ཕྱིས་ལོ་ཙཱ་བ་རྣམས་ལ་གཞི་འཛིན་ས་དང་ཁུངས་གཏུགས་སའི་རིགས་པའི་གཞུང་ལུགས་ཤིག་ཆགས་ཏེ་སྒྱུར་ཡིག་གི་སྤུས་ཚད་དང་གྲངས་ཚད་ཇེ་མཐོ་ཇེ་མང་དུ་འགྲོ་བར་བགྲོད་ལམ་གསར་པ་ཞིག་བཏོད་འདུག   ང་ཚོའི་འགན་འཁུར་ནི་མེས་པོ་རྣམས་ཀྱི་རྗེས་འབྲངས་ཏེ་མུ་མཐུད་དུ་ལེགས་སྦྱར་སྐད་ལས་ཆོས་གཞུང་བསྒྱུར་རྒྱུ་མ་ཡིན་ཡང་། མེས་པོ་རྣམས་ཀྱི་ཡིག་སྒྱུར་ཉམས་མྱོང་དང་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཀྱི་ཡིག་སྒྱུར་ལས་དོན་ལ་ཞུགས་ན་ཅིས་མི་ཆོག    དེང་རབས་ཀྱི་ཡིག་སྒྱུར་ནི་གཙོ་བོ་སྤྱི་ཚོགས་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་ཤེས་བྱ་སྐོར་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་རྒྱུ་དེ་རེད། སྒྱུར་ཡིག་ཡང་དག་པ་ཞིག་ཐོན་པའི་ཆེད་དུ་ཐོག་མར་ཡིག་སྒྱུར་གྱི་རྩ་བའི་གནད་དོན་ཏེ། སྐད་བརྡའི་ཁྱད་པར་དང་རིག་གནས་ཀྱི་ཁྱད་པར་རྟོགས་དགོས། དེ་ཡང་ཡིག་སྒྱུར་བས་རང་ཉིད་ཀྱིས་བསྒྱུར་བྱའི་མ་ཡིག་དེ་ལོ་རྒྱུས་རིག་གནས་སམ་ཆོས་ལུགས་རིག་གནས། ཡུལ་ཁམས་རིག་གནས། འགྲོ་ལུགས་འདུག་སྟངས་དང་ཁ་ཟས་སྐོར་གྱི་རིག་གནས་སོགས་གང་དང་འབྲེལ་བ་ཡོད་ན་དེ་དང་བོད་ཀྱི་རིག་གནས་བར་གྱི་ཁྱད་པར་ལ་བསམ་གཞིགས་བྱེད་དགོས།
          1 ལོ་རྒྱུས་རིག་གནས་ནི་དུས་རིམ་ངེས་ཅན་ཞིག་གི་ནང་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་དང་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ཀྱི་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད་ནས་བྱུང་བ་ཡིན། རྒྱལ་ཁབ་དང་མི་རིགས་སོ་སོ་པ་རང་རང་གི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་བྱུང་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཡོད། གནའ་རབས་ཀྱི་སྒྲུང་གཏམ་ནི་མི་རིགས་སོ་སོའི་རིག་གནས་ལོ་རྒྱུས་ཐོག་གི་ནང་དོན་གཙོ་བོ་ཞིག་ཡིན་ལ། དེ་ལ་མི་རིགས་ཀྱི་ཁྱད་ཆོས་གསལ་པོ་ལྡན་ཡོད་པ་དང་། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བའི་རྐང་འཛུགས་སར་ཡང་གྱུར་ཡོད་ལ། གནའ་རབས་ཀྱི་སྒྲུང་གཏམ་མང་པོ་ཞིག་མི་རིགས་དེའི་ལོ་རྒྱུས་ཐོག་གི་སྤྱི་ཚོགས་ཀྱི་བྱ་འགུལ་དང་འབྲེལ་བ་ཆེན་པོ་ཡོད། ལྷག་པར་རྒྱ་ཡིག་གི་གཏམ་དཔེ་(成语)མང་པོ་ལོ་རྒྱུས་དང་འབྲེལ་བ་ཡོད་པས། དེ་དག་ཡིག་སྒྱུར་བྱེད་ན་ངེས་པར་དུ་མ་ཡིག་གི་ནང་དོན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། ཧ་ཅང་འོས་ཤིང་མཐུན་པའི་སྒྱུར་ཐབས་ཤིག་འཚོལ་དགོས། དེ་དག་ལ་བསམ་གཞིགས་མ་བྱས་པར་གང་དགར་ཐད་བསྒྱུར་བྱས་ན་མ་ཕྱིའི་ནང་དོན་ཇི་བཞིན་ཀློག་པ་པོས་རྟོགས་མི་ཐུབ་པ་མ་ཟད་ཧ་ཅང་དགོད་བྲོ་བའི་གནས་སུ་མི་འགྱུར་བའི་ངེས་པ་མེད། དཔེར་ན་རྒྱ་ཡིག་གི་གཏམ་དཔེ་“画龙点睛”ཞེས་པའི་ནང་དོན་རྒྱ་ཡིག་གི་ཀློག་པ་པོར་མཚོན་ན་གོ་བ་གསལ་པོ་ལོན་ཐུབ་པ་དང་དེའི་ལོ་རྒྱུས་དང་འབྲེལ་བའི་སྒྲུང་གཏམ་ཡང་ཡིད་ལ་གསལ་ལེར་འཆར་ངེས། དེ་བོད་ཡིག་ཏུ་ཐད་སྒྱུར་བྱས་ན་“འབྲུག་ལ་སྤྱན་རས་ཕྱེ་བ་”ཞེས་འབྲི་སྲིད། དེ་ལྟར་བསྒྱུར་ན་སྣང་བརྙན་ལྡན་པའི་སྒོ་ནས་གཏམ་དཔེ་དེའི་ནང་དོན་བསྒྱུར་ཐུབ་མེད་པ་མ་ཟད། དེའི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གནས་ཁྱབ་ཁོངས་སོགས་ཧ་མི་གོ་བའི་བོད་ཡིག་གི་ཀློག་པ་པོ་ཚོས་ཅི་ཡིན་འདི་ཡིན་མི་ཤེས། དེ་དང་དེ་ལྟ་བུའི་གཏམ་དཔེ་བསྒྱུར་ན་དེའི་བསྟན་བྱ་གང་ཡིན་པ་དེ་བསྒྱུར་བ་ལས་ཐད་སྒྱུར་བྱ་མི་རུང་། “画龙点睛" ཞེས་པ་བསྒྱུར་ན་གོང་འོག་གི་གནས་སྐབས་དང་བསྟུན་ནས་“སྐད་ཆ་གནད་དུ་འཁེལ་བ་བཤད་པ་”དང་“བརྗོད་སྙིང་འབུར་དུ་ཐོན་པར་བྱས་” པ་སོགས་པར་བསྒྱུར་ན་འོས། དེ་དང་རིགས་འགྲེ་ནས་བོད་ཡིག་གི་རྒྱུ་ཆ་རྒྱ་ཡིག་ཏུ་བསྒྱུར་ན་ཡང་ལོ་རྒྱུས་རིག་གནས་ཀྱི་ཁྱད་པར་ལས་སྐྱོན་དེ་འདྲ་འབྱུང་སྲིད། དཔེར་ན་བོད་ཡིག་གི“ས་ཡོས་ཀྱི་ལོ་”ལ་ཞེས་པའི་ཡོས་དེའི་ནང་དོན་མ་གོ་བར་གྲོ་ནས་སོགས་བརྔོས་ཏེ་ཟ་བའི་ཡོས་ལ་གོ་བ་ལེན་པ་ནི་དགོད་བྲོ་བའི་གནས་མ་ཡིན་ནམ། 
          2. ཆོས་ལུགས་རིག་གནས་ནི་མི་རིགས་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་། དེའི་ནང་དུ་ཆོས་ལུགས་དད་མོས་དང་འདུ་ཤེས་འཛིན་སྟངས་སོགས་འདུས་ཡོད་སྟབས། མི་རིགས་སོ་སོའི་སྤྱི་ཚོགས་ཀྱི་བྱ་དངོས་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་ལས་རིག་གནས་ཀྱི་ཁྱད་པར་ཡང་ཆེན་པོ་ཡོད། ཆོས་ལུགས་དད་མོས་ཀྱིས་མིའི་མཛེས་དཔྱོད་ལྟ་ཚུལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དེ། དཔེར་ན་བོད་རིགས་ཀྱིས་ཁ་དོག་དཀར་པོ་དེ་བཀྲ་ཤིས་པའི་ཁ་དོག་ཅིག་ཏུ་བརྩི་བ་དང་། ཁ་དོག་ནག་པོ་ནི་ཁ་དོག་མི་བཟང་བ་ཞིག་ཏུ་བརྩི། དབྱི་རིགས་舞族ཀྱིས་ཁ་དོག་ནག་པོ་དང་དཀར་པོ་ལ་ངོས་འཛིན་སྟངས་ནི་བོད་རིགས་དང་ལྡོག་ཟླ་ཡིན་པས། དབྱི་རིགས་ཀྱིས་བཀྲ་ཤིས་པའི་ཁ་དོག་ཅེས་བརྗོད་ཚེ་ནག་པོ་སྟོན་བཞིན་པ་ཤེས་དགོས། གཞན་ཡང་ཆོས་ལུགས་ཀྱི་མིང་ཚིག་ལ་ལ་ཞིག་སྒྲ་སྒྱུར་བྱེད་པ་ལས་རྡོ་ཆག་བཙན་བསྒྲིགས་ཀྱི་ཚུལ་དུ་དོན་སྒྱུར་བྱེད་པ་ནི་འོས་འཚམས་ཤིག་མིན། ང་ཚོས་ཕྱི་རྒྱལ་གྱི་རྩོམ་ཡིག་བོད་ཡིག་ཏུ་སྒྱུར་སྐབས་ཡེ་ཤུའི་ཆོས་ལུགས་དང་འབྲེལ་ཡོད་ཀྱི་ཐ་སྙད་དང་འཕྲད་ངེས་ལ་དེ་དག་བསྒྱུར་ན་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས། རྒྱ་སྐད་ཀྱི་ “上帝”ལ་“སངས་རྒྱས་”དང་“圣经" ལ་ལྷ་ཆོས་སམ་གསུང་རབ་སོགས་སུ་བསྒྱུར་ན་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་དད་ལྡན་ཀློག་པ་པོ་ཚོས་ཀློག་ན་མིང་དོན་ཟུང་སྦྲེལ་བྱེད་དཀའ་བ་ཞིག་ཡིན། དེ་བས་ལ་ལ་སྒྲ་སྒྱུར་དང་ལ་ལ་འགྲེལ་བཤད་རྒྱག་པ་ལྟར་བསྒྱུར་ན་འགྲིག་སྙམ། ཆོས་ལུགས་གཞན་དག་གི་ཐ་སྙད་ཀྱང་དེ་དང་འདྲའོ། དཔེར་ན། དབྱིན་ཇིའི་སྐད་དུ་dramaཞེས་པ་ཆོས་ཀྱི་དོན་ཡིན་ལ་དེ་ནི་ལེགས་སྦྱར་སྐད་ཀྱི་དྷརྨ་ཞེས་པ་ལས་སྒྲ་སྒྱུར་བྱས་པ་ཡིན། དབྱིན་ཇིའི་སྐད་དུ་dramaཞེས་བརྗོད་ཚེ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་གཞུང་ལ་གོ་བ་ལོན་པ་ལས་དབྱི་སི་ལན་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་གོ་བ་ལེན་མི་སྲིད། དེ་བཞིན་དུ་དབྱིན་ཇིའི་སྐད་དུ་སངས་རྒྱས་ལ་“ Buddha” ཞེས་བསྒྱུར་ཡོད་པ་དང་། དཀྱིལ་འཁོར་ལ་“ MandaLa  དགེ་འདུན་ལ་Sanghaསོགས་སྒྲ་སྒྱུར་བྱས་ཡོད།
          རྒྱ་ཡིག་གི་ཐ་སྙད་ལས་བོད་ཡིག་ཏུ་སྒྱུར་སྐབས་ནོར་འཁྲུལ་བྱུང་ཡོད་པ་དཔེར་ན། “庙” ཞེས་པ་དགེ་འདུན་གྱི་སྡེ་མེད་པའི་མཆོད་ཁང་དང་“寺”ཞེས་པ་དགོན་སྡེའི་དོན་ཡིན་ཡང་ལ་ལས་དེ་གཉིས་ཀར་དགོན་པ་ཞེས་བསྒྱུར་བ་ལྟ་བུའོ།
          གཞན་ཡང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་གསར་པ་བོད་ཡིག་ཏུ་བསྒྱུར་བ་མང་དུ་ཡོད་ཀྱང་གང་ཞིག་བཟང་བ་ཡིན་པ་གཏན་འཁེལ་བྱས་མེད་པ་དཔེར་ན། རྒྱ་སྐད་དུ་“萨满教”ཞེས་པ་དེ་མཁས་དབང་ནམ་མཁའི་ནོར་བུའི་“ནོར་བུའི་དོ་ཤལ”གྱི་ནང་དུ་“ཤ་མ་རིང་ལུགས་”ཞེས་དབྱིན་ཇིའི་སྐད་ཀྱི་ShamaniSmཞེས་པ་ཐད་བསྒྱུར་བྱས་ཡོད་པ་དང་། ཡང་ལ་ལ་ཞིག་གིས་“ས་མན་ཆོས་ལུགས་”ཞེས་བསྒྱུར་འདུག དེ་དག་གང་ཞིག་ཡང་དག་ཡིན་མིན་ཀློག་པོ་པོ་ཚོས་གདམས་ག་བྱེད་དགོས།
          བོད་ཡིག་གི་ཐ་སྙད་རྒྱ་ཡིག་ཏུ་བསྒྱུར་ན་ཡང་གཟབ་གཟབ་བྱེད་དགོས་ཀྱི་དེ་མིན་ཚེ་ར་མིན་ལུག་མིན་གྱི་ཚུལ་དུ་འགྱུར་ཉེན་ཆེ། དཔེར་ན། དགེ་ཆོས་ཀྱི་དེབ་དཀར་རྒྱ་ཡིག་ཏུ་བསྒྱུར་བ་དེའི་ནང་དུ་མེ་མཁའ་རྒྱ་མཚོ་ཞེས་པ་མི་ཞིག་ལ་གོ་བ་བླངས་ཏེ་“梅卡加措(不知何人)ཞེས་བསྒྱུར་ཡོད་པ་ལྟ་བུའོ།
          3. ཡུལ་ཁམས་རིག་གནས་ནི་མི་རིགས་སོ་སོ་འཚོ་གནས་བྱ་ཡུལ་གྱི་རང་བྱུང་ཁོར་ཡུག་དང་གནམ་གཤིས་དྲོད་གྲང་གི་ཚད་སོགས་མི་འདྲ་བར་བརྟེན་ནས་བྱ་དངོས་མི་འདྲ་བ་འབྱུང་སྲིད། བྱ་དངོས་མི་འདྲ་བ་དེར་ངོས་འཛིན་སྟངས་དང་མིང་གི་འབོད་སྟངས་སོགས་ཀྱང་མི་འདྲ་བ་ལས་རིག་གནས་ཀྱི་ཁྱད་པར་གསལ་པོར་མངོན་ཡོད།
          དཔེར་ན་རང་རྒྱལ་གྱི་རྒྱ་རིགས་རྣམས་ཀྱི་གནས་བཅའ་ས་ནི་ས་དམའ་ས་དང་ཚ་བ་ཆེ་སར་ཡོད་པས། དེར་ཡོད་པའི་བྱ་དངོས་རྣམས་ཁོ་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ས་དེར་སྨྱུག་མ་མང་པོ་ཡོད་པས་ཁོ་ཚོའི་རྒྱུན་སྤྱོད་ཀྱི་སྐད་ཆའི་ནང་ཤིང་སྨྱུག་མ་དང་འབྲེལ་བ་ཡོད་པའི་ཐ་སྙད་མང་པོ་ཡོད་དེ། དཔེར་ན་“雨后春笋” "胸有成竹""勢如破竹""馨竹难书 “青梅竹马”“立竿见影”“节外生枝” “滥竽充数”ལ་སོགས་པ་ལྟ་བུ་ནི་བོད་སྐད་དུ་མེད་པས་དེ་དག་བོད་སྐད་དུ་བསྒྱུར་ན་བསྟན་བྱའི་ནང་དོན་འདྲ་མཚུངས་ཡིན་པའི་གཏམ་དཔེ་དང་ཐ་སྙད་ཀྱིས་ཚབ་བྱས་ཏེ་དོན་སྒྱུར་བྱས་ན་ཡག་པོ་འདུག་སྙམ། དེ་མིན་པར་ཐད་སྒྱུར་བྱས་ན་བོད་ཡིག་གི་ཀློག་པ་པོ་རྣམས་ཀྱིས་གོ་བར་དཀའོ།
          གཞན་ཡང་བོད་ཀྱི་ས་ཆ་ན་ནོར་ལུག་མང་པོ་ཡོད་པས་བོད་མིའི་འཚོ་བ་ཡང་དེ་དང་འབྲེལ་བ་དམ་ཟབ་ཡོད། བོད་མི་རྣམས་དེ་དག་ལ་ཆ་རྒྱུས་གསལ་པོ་ཡོད་པས་དེ་དག་གི་ནང་གསེས་ཀྱང་མང་པོ་དགར་རྒྱུ་ཡོད། དཔེར་ན་ནོར་ཕྱུགས་ལ་འབྲི་དང་འབྲི་མོ། མཛོ། མཛོ་མོ། སྐམ། གཡག་སོགས་མིང་གི་འབོད་ཚུལ་མང་དུ་ཡོད་པ་ལ་རྒྱ་སྐད་དུ་“牦牛 ”(གཡག་)ཅེས་འབོད་པ་རེད། ཕོ་མོའི་དབྱེ་བ་ཙམ་མི་དགར་བར་“牦牛 ”ཞེས་ཟེར་ཞིང་བོད་ཡིག་ཏུ་ཡང་གཡག་ཅེས་བསྒྱུར་བཞིན་འདུག  སྐབས་འགར་རྒྱ་སྐད་དུ་“牦牛奶”ཞེས་ཟེར་ན་བོད་སྐད་དུ་གཡག་གི་འོ་མ་ཞེས་བསྒྱུར་ན་དགོད་བྲོ་བའི་གནས་མ་ཡིན་ནམ།
          བོད་པ་རྣམས་རྒྱ་མཚོ་དང་ཐག་རིང་བར་བརྟེན་མཚོ་ནང་གི་སྲོག་ཆགས་དང་འབྲེལ་བའི་སྐོར་ལ་ཆ་རྒྱུས་གསལ་པོ་མེད་པས། བོད་སྐད་དུ་ཉ་དང་རུས་སྦལ། ཆུ་སྲིན་སོགས་སྤྱི་མིང་ཙམ་ལས་འབོད་རྒྱུ་མེད། འོན་ཀྱང་རྒྱ་སྐད་དུ་ཉ་རིགས་ཁོ་ནར་རྣམ་པ་མང་དུ་དབྱེ་རྒྱུ་ཡོད་དེ། 鱼,鳄,鲨鱼,星鱼,狗鱼,黄鱼,大马哈鱼,石斑鱼,鲸鱼 སོགས་ཡོད་པ་དེ་དག་བོད་སྐད་དུ་བསྒྱུར་ན་ཡང་རེ་རེ་བཞིན་མིང་དོན་མཚུངས་པའི་ཐ་སྙད་རྙེད་དཀའ་བར་བརྟེན་སྒྲ་སྒྱུར་དང་དོན་སྒྱུར་ཟུང་འབྲེལ་བྱས་ན་ཆོག་སྙམ།
          4. གཉེན་ཉེ་ནི་མི་སུ་ཡིན་རུང་སྤྱི་ཚོགས་ཀྱི་འབྲེལ་བ་གཙོ་བོ་ཞིག་ཡིན། མི་རིགས་སོ་སོའི་རིག་གནས་མི་འདྲ་བའི་འོག་ཏུ་གཉེན་ཉེ་འབོད་སྲོལ་ཡང་མི་འདྲ་བ་རེ་ཆགས་ཡོད། དཔེར་ན། རྒྱ་རིགས་ཀྱི་རིག་གནས་ཁྲོད་དུ་གཉེན་ཉེའི་འབོད་ཚིག་ཕུན་སུམ་ཚོགས་པོ་ཡོད་པ་དང་། བོད་ཀྱི་གཉེན་ཉེའི་འབོད་ཚིག་རྒྱ་རིགས་ལས་ཉུང་བ། དབྱིན་ཇིའི་སྐད་དུ་བོད་སྐད་ལས་ཀྱང་ཉུང་བར་འདུག   བུ་རབས་ཚ་རྒྱུད་སྐོར་རྒྱ་སྐད་དུ་རང་ལས་ཡར་ལ་བཞི་དང་མར་ལ་བཞི་བསྡོམས་པས་ཡར་འདེད་མར་འདེད་ཀྱི་འབོད་མིང་རིམ་པ་དགུ་ཡོད། དེ་དག་གི་འབོད་མིང་ནི་高祖,曾祖,祖父,自已,子,子孙,管孙、玄孙བཅས་སོ།  བོད་སྐད་དུ་བུ་རབས་ཚ་རྒྱུད་སྐོར་ལ་དེང་རབས་འཚོ་བ་དངོས་ཀྱི་ནང་བཀོལ་སྤྱོད་བྱེད་པ་ཆེར་མ་མཐོང་བ་མ་གཏོགས་འབོད་མིང་ནི་ཡོད་དེ། ཨ་མེས་ཡང་མེས། (ཨ་མདོའི་སྐད་དུ་ཨ་མྱེས་ཡང་མྱེས་)ཡང་མེས། ཨ་མེས། ཨ་ཕ། རང་ཉིད། བུ་དང་བུ་མོ། ཚ་བོ། ཡང་ཚ། གཞི་ཚ། དེའི་མན་ཆད་དུ་ད་དུང་གོས་ཚ་དང་གྲོས་ཚ་ཡང་ཡོད། གཉེན་ཉེའི་སྐོར་ལ་རྒྱ་སྐད་དུ་ཤིན་ཏུ་མང་པོ་ཡོད་ཀྱི་བོད་སྐད་དུ་དེ་འདྲ་མང་པོ་མེད་ཀྱང་། འབོད་མིང་གཅིག་ལ་ཤ་ཉེ་མང་པོ་ཞིག་འདུས་ཡོད། རྒྱ་སྐད་དུ་伯父,堂叔,叔叔,堂伯སོགས་ཚང་མ་བོད་སྐད་དུ་ཨ་ཁུ་ཞེས་ཚིག་གཅིག་ཏུ་འདུས་པ་དང་། རྒྱ་སྐད་དུ་伯母,姑母,姨母 ཟེར་བ་སོགས་ཚང་མ་བོད་སྐད་དུ་ཨ་ནེ་ཞེས་བྲིས་ན་ཆོག      རྒྱ་སྐད་དུ་舅父,岳父 སོགས་ལ་བོད་སྐད་དུ་ཨ་ཞང་ཞེས་བསྒྱུར་ན་ཆོག  རྒྱ་སྐད་དུ་孙子,侄子,堂侄,外甥སོགས་ལ་ཚང་མར་བོད་སྐད་དུ་ཚ་བོ་དང་། རྒྱ་སྐད་དུ་孙女,侄女,堂侄女 སོགས་ལ་བོད་སྐད་དུ་ཚ་མོ་ཞེས་བསྒྱུར་ན་ཆོག དེ་མིན་པར་རེ་རེ་བཞིན་འགྲེལ་བཤད་ཀྱི་ཚུལ་དུ་བོད་སྐད་དུ་བསྒྱུར་དགོས་དོན་མི་འདུག་སྙམ།
          5. ཁ་ཟས་སྐོར་གྱི་རིག་གནས་ནི་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཁ་ཟས་དང་ཁ་ཟས་ཀྱི་མིང་གདགས་ལུགས་སོགས་ལ་གོ་ཞིང་། དེ་ལས་ཀྱང་མི་རིགས་རིག་གནས་ཀྱི་ཁྱད་པར་ཙམ་མཚོན་ཐུབ། མི་རིགས་སོ་སོའི་འཚོ་བའི་ཁོར་ཡུག་དང་ལོ་རྒྱུས་གནས་བབ་མི་འདྲ་བའི་ནང་དུ་ཁ་ཟས་མི་འདྲ་བ་བྱུང་བ་དང་མིང་གདགས་ལུགས་ཀྱང་མི་འདྲ་བ་ཆགས་ཡོད། དཔེར་ན། ཁོར་ཡུག་གི་དབང་གིས་བོད་མི་རྣམས་མར་རྩམ་སོགས་ཟ་རྒྱུར་དགའ་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བའི་འོག་ཏུ་བྱུང་བ་ནི་དབྱིན་ཇི་བས་བོད་དུ་བཙན་འཛུལ་བྱེད་པའི་སྐབས་སུ་རྒྱ་གར་དང་བལ་ཡུལ་ཕྱོགས་ནས་དར་ཡོང་བའི་ཇ་མངར་མོ་དེ་བོད་མི་རྣམས་འཐུང་རྒྱུར་དགའ་པོ་དང་ད་ལྟ་བོད་རང་གི་བཏུང་བྱ་ཞིག་ཏུ་གྱུར་ཡོད་པ་ལྟ་བུ་རེད།
          བོད་ཟས་རྩམ་པ་ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ན“糌粑 ” ཞེས་འབྲི་བ་དང་། དེས་མི་རིགས་ཀྱི་ཁྱད་ཆོས་དོར་མེད་ཅིང་སུས་བལྟས་ན་ཡང་ནོར་མི་སྲིད། དེ་བཞིན་རྒྱ་རིགས་རྣམས་ཟ་རྒྱུར་དགའ་པོ་ཡོད་པའི་ཁ་ཟས་粽子་”ཞེས་པར་ཡང་བོད་སྐད་དུ་ཙུང་ཙི་ཞེས་བསྒྱུར་ན་ཡག་པོ་འདུག་སྟེ། བོད་རིགས་རྣམས་ལ་ཁ་ཟས་དེ་ཆ་རྒྱུས་གསལ་པོ་མེད་ཅིང་བོད་ཀྱི་ཁ་ཟས་ཤིག་གི་མིང་གིས་ཚབ་བྱས་ན་མི་རིགས་ཀྱི་ཁྱད་ཆོས་མི་མངོན་པ་མ་ཟད་ཁ་ཟས་གཞན་དང་ནོར་འཁྲུལ་མི་འབྱུང་བའི་ངེས་པའང་མེད། ཁ་ཟས་ལ་ལ་ཞིག་དོན་བསྒྱུར་བྱས་ན་ཆོག་ཀྱང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁ་ཟས་སྐོར་སྒྲ་སྒྱུར་བྱས་ན་ཡག་པོ་འདུག་སྙམ། དེ་མིན་ཚེ་ཡིག་སྒྱུར་མཁན་ལ་ལས་དེ་དག་ངེས་པར་དུ་སེལ་དགོས།
          མི་རིགས་སོ་སོའི་སྐད་རིགས་མི་འདྲ་ཞིང་ཕན་ཚུན་རིག་གནས་འབྲེལ་འདྲིས་བྱེད་དགོས་པར་བརྟེན་ཡིག་སྒྱུར་ནི་མེད་དུ་མི་རུང་བ་ཞིག་ཡིན། ཡིག་སྒྱུར་བྱེད་སྐབས་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ཡང་ཨ་མེ་རི་ཀའི་ཡིག་སྒྱུར་གཞུང་ལུགས་ཀྱི་མཁས་དབང་ནཱེ་དའི་དོན་སྟོན་རི་མོ་ལ་བལྟས་པས་ཤེས་ཐུབ།
          གོང་གསལ་གྱི་རི་མོ་ལས། C1 ནི་བསྒྱུར་བྱའི་རིག་གནས་དང་། M1 ནི་བསྒྱུར་བྱའི་བརྗོད་དོན། S1ནི་བསྒྱུར་བྱའི་སྐད་ཀྱི་རྗོད་པ་པོ། R1 ནི་བསྒྱུར་བྱའི་སྐད་ཀྱི་ཉན་པ་པོའམ་ཀློག་པ་པོ་ཡིན། C2ནི་སྒྱུར་བྱེད་སྐད་ཀྱི་རིག་གནས་དང་། M2ནི་སྒྱུར་བྱེད་སྐད་ཀྱི་བརྗོད་དོན། S2སྒྱུར་བྱེད་ཀྱི་སྐད་སྨྲ་བ་བོ། R2ནི་སྒྱུར་བྱེད་སྐད་ཀྱི་ཉན་པ་པོའམ་ཀློག་པ་པོ་ཡིན་། S2སྟེ་ལོ་ཙཱ་བ་ནི་བསྒྱུར་བྱའི་སྐད་ལ་ལྟོས་ཏེ་བཤད་ན། ཁོ་ནི་ཀློག་པ་པོ་R2ཡིན་པ། སྒྱུར་བྱེད་སྐད་ལ་མཚོན་ན་ཁོ་ནི་རྗོད་པ་པོའམ་རྩོམ་པ་པོ་ཡིན། དེ་བས་ཐོག་མར་ཁོས་བསྒྱུར་བྱའི་བརྗོད་དོན་རྟོགས་ཤིང་དང་དུ་ལེན་དགོས་ཏེ། ཁོ་བསྒྱུར་བྱའི་རིག་གནས་ཀྱི་ཁོར་ཡུག་གྲུ་བཞི་མ་C1ནང་འཚོ་བའི་ཁྱད་པར་བའི་ཀློག་པ་པོ་ཞིག་བྱས་ཏེ་བརྗོད་བྱའི་ཁོང་དོན་དང་བཅས་པ་སེམས་ལ་ངེས་པར་བྱེད་དགོས། དེ་ནས་ཁོས་བློ་ངོར་བླངས་པའི་དོན་གྲུ་བཞི་མ་M1 དེ་གྲུ་བཞི་མའི་རྣམ་པས་རིག་གནས་ཀྱི་ཁོར་ཡུག་ཟུར་གསུམ་མ་C2ནང་སྤོར་ན་དེའི་ཀློག་པ་པོའི་རིག་གནས་སྲོལ་རྒྱུན་དང་བསམ་གཞིགས་བྱེད་སྟངས། བློའི་བག་ཆགས་བཅས་ཀྱི་རྐྱེན་པས་གོ་བ་ལེན་མི་ཐུབ། དེས་ན་ལོ་ཙཱ་བ་S2ཡིས་བརྗོད་དོན་གྲུ་བཞི་མ་M1དེའི་རྣམ་པ་ཟུར་གསུམ་མ་M2ལ་བསྒྱུར་ཏེ་རིག་གནས་ཀྱི་ཁོར་ཟུར་གསུམ་མ་C2ཡི་ཀློག་པ་པོ་R2ལ་ཐོན་པའི་འབྲེལ་འདྲིས་ཀྱི་ནུས་པ་དེ། བརྗོད་དོན་M1ཡིས་རིག་གནས་ཀྱི་ཁོར་ཡུག་གྲུ་བཞི་མ་C1ཡི་ཀློག་པ་པོ་R1ལ་ཐོན་པའི་འབྲེལ་འདྲིས་ཀྱི་ནུས་པའམ་ཤེས་མཚན་སྟེར་ཚད་དང་དོ་མཉམ་པར་བྱེད་དགོས།
          དེ་བཞིན་རྒྱ་བོད་ཡིག་སྒྱུར་ལ་འཇུག་མཁན་རྣམས་ཀྱིས་ཡིག་སྒྱུར་གྱི་གོ་དོན་རྟོགས་པའི་རྨང་གཞིའི་སྟེང་མི་རིགས་གཉིས་ཀྱི་སྐད་བརྡ་དང་རིག་གནས་ཀྱི་ཁྱད་པར་ལ་བསམ་བློ་ཞིབ་མོ་གཏོང་དགོས། སྒྱུར་ཡིག་དེ་མ་ཕྱི་དང་ཇི་བཞིན་བསྟུན་པའི་ཐོག་ཏུ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་བོད་མིའི་སྐད་ཆ་ཤོད་སྟངས་སོགས་དང་མཐུན་པར་བྱས་ཤིང་ཀློག་པ་པོ་རྣམས་ལ་སྒྱུར་ཡིག་གི་བརྗོད་དོན་བདེ་བླག་ངང་ཤེས་སུ་འཇུག་དགོས། ཡིག་སྒྱུར་བའི་ཞབས་འདེགས་ཞུ་ཡུལ་གཙོ་བོ་སྟེ་སྒྱུར་ཡིག་གི་ཀློག་པ་པོ་རྣམས་ཀྱིས་འདི་ནི་བོད་ཡིག་གི་ཐོག་ནས་བརྩམས་པ་ཞིག་རེད་སྙམ་ན་ཡིག་སྒྱུར་དེ་ལེགས་གྲུབ་བྱུང་བའི་མཚོན་རྟགས་སུ་མངོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1