སྐྱོ་བ་ངེས་མེད།

རྣོ་རྟུལ། (འཛི་སྐ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ནགས་ཚལ་འདབ་མས་གང་བའི་ཚང་ཚིང་དུ།།

བག་ཡངས་འཚོ་བ་རོལ་བའི་ཤྭ་བ་སྐྱིད།།

ནམ་ཞིག་འཆི་བ་བསླེབ་པ་ལས་ཡིན་མོད།།

གློ་བུར་གསོད་པར་འཇིགས་པའི་ཚུལ་འདི་སྐྱོ།།

མར་གད་ཁུ་བས་བྱུགས་པའི་ཐང་ཆེན་པོ།།

དབྱར་གསུམ་ཆར་ཆུས་བརླན་དུས་འཛུམ་དམུལ་ཡང་།།

སྟོན་གྱི་བ་མོའི་ཞལ་རས་དགོད་པའི་ཚེ།།

མྱ་ངམ་ཐང་དུ་གྱུར་པའི་ཚུལ་འདི་སྐྱོ།།

ཡུལ་གྲུ་ངེས་མེད་འགྲིམས་པའི་གྲྭ་ཆུང་ཚོ། །

རྒན་གྱི་ཞལ་གསུང་ཐོས་ན་སྐྱིད་རེ་སྐན།།

དགོན་དང་ཡུལ་སྡེའི་དམོད་ཚིག་མེ་ཡི་རྩེར།།

སེམས་ཀྱི་བ་སྤུ་བཀལ་བའི་ཚུལ་འདི་སྐྱོ།།

རཱ་མ་ཎ་ཡི་ཡིད་འཕྲོག་སི་ཏཱ་དེའི།།

ལང་ཚོའི་ཟོལ་གྱིས་ཁྱོ་ག་སྐྱིད་པའི་མོད།།

མགྲིན་བཅུའི་ཕྲག་དོག་དུག་རླངས་འཕྱུར་བ་ཡིས།།

བདེ་འཇགས་གཞིས་ཀ་བོར་བའི་ཚུལ་འདི་སྐྱོ།།

རྩོད་པའི་དབྱར་རྔ་རྡུང་བའི་དགེ་བའི་བཤེས།།

འཕགས་ཚོགས་དབུས་ན་རིགས་པས་གྲོལ་མོད་ཀྱི།།

འགྲན་སེམས་མེ་ལྕེའི་རི་རབ་འབར་བ་ཡིས།།

སྦྱངས་པའི་ཤེས་བྱའི་བུད་ཤིང་བསྲེགས་འདི་སྐྱོ།།

གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོའི་རྩེར།།

རིག་པའི་འདབ་མ་སྨིན་པའི་སློབ་དཔོན་ཚོས།།

གཞུང་ཀུན་ཆཊ་མེད་སྨྲ་ན་དགའ་མོད་ཀྱི།

རིག་མེད་བེམ་པོ་བཤམས་པའི་ཚུལ་འདི་སྐྱོ།།

སྐྱོ་བ་ངེས་མེད་རྫ་ཆུ་བཞིན་དུ་བཞུར།།

བཞུར་རྒྱུན་དེ་ཡི་སྣེ་ན་ཚོར་སྣང་འཕྱུར།།

འཕྱུར་བའི་རྦ་རླབས་གངས་རིའི་ལྗོངས་སུ་ཁྱབ།།

ཁྱབ་པའི་ཚིག་འདི་ཁོ་བོའི་འདོད་ཚུལ་ཙམ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1