༄༅། ། ས་བོན་གྱི་དད་མོས།

རྡོ་རྗེ་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-03



ཡུས་ཀྲེ་ཅོན་གྱིས་བརྩམས།  (མཚོ་སྔོན་མི་རིགས་སློབ་ཆེན)རྡོ་རྗེ་སྒྲོལ་མས་བསྒྱུར།

        སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་ས་སྒང་ཧྲིལ་བོ་དེ་ནི་གལ་ཏེ་ས་བོན་ཞིག་གི་མྱུ་གུ་འབུས་ནས་བསྐྱེད་པ་ཡིན་ན།  ས་བོན་དེའི་ཆེ་ཆུང་ལ་ག་ཚོད་ཅིག་ཡོད་སྲིད་དམ། 
        འདྲི་གཞི་འདི་འདོན་མཁན་ནི་ཧེང་ལི•ཏའེ་ཝེ•སུའོ་ལུའོ་ཡིན་ལ། ཁོང་གིས་ལན་དུ“དེ་ནི་ཚངས་ཐིག་ལ་དབྱིན་ལེ་གཉིས་དང་ཕྱེད་ཀ་(ཕལ་ཆེར་སྨི་བཞི་སྟོང་།)མི་ཐོན་པའི་ཟླུམ་གཟུགས་ཤིག་སྟེ།  ཁང་ཁོ་ཏི་གྲོང་རྡལ་ལ་བཞག་ནའང་བཅུ་ཆའི་གཅིག་ལས་ཟིན་ཐབས་མེད།”ཅེས་གསུངས། 
        གྲོང་རྡལ་དང་སྨི་བཞི་སྟོང་གི་མཚམས་ན་མཚེའུ་ཞིག་ཡོད་དེ།  དེ་ལ་ཝར་ཏུན་མཚེའུ་ཟེར།  1845ལོའི་ཟླ3པའི་ཟླ་མཇུག་གི་ཉིན་ཞིག་ལ།  སུའོ་ལུའོ་ཡིས་གྲོགས་པོ་ལ་སྟ་རེ་ཞིག་གཡར་ཏེ་གྲོང་རྡལ་དང་ཁ་བྲལ་སོང་།  ཡིན་ཡང་ལོ་ངོ་གཉིས་ཀྱི་རྗེས་སུ།  མི་རྣམས་ཀྱིས་ཁོ་རང་གྲོང་རྡལ་དུ་ཕྱིར་ཐོན་ཡོད་པ་མཐོང་།  ཕལ་ཆེར་སུའོ་ལུའོ་ལ་མཚོན་ནས་བཤད་ན། དེང་རབས་པས་བླ་ལྷག་ཏུ་དད་པའི་“འགྲོ་འདོད་བློ་ཁ་རྡོག་པས་མནན”ཞེས་པ་དེར་སྔར་མུས་བཞིན་ཚུལ་འཆོས་ཀྱི་རྣམ་པ་འགའ་ལྡན་ཏེ།  སོང་ན་སོང་བ་དེ་ལ་བཤད་རྒྱུ་མ་མང་།  ལོག་ན་ལོག་པ་དེ་ལ་གླེང་རྒྱུ་མི་མང་བ་དེའོ། །ཝང་ཙི་ཡིའུ་གལ་སྲིད་སུའོ་ལུའོ་ལ་ངོ་འདྲིས་པར་གྱུར་ན་ཁོང་གཉིས་ཀྱི་ཞེ་སེམས་གཅིག་ལ་འདྲིལ་ཏེ“དགའ་བ་སྒོམ་སྟེ་ཡོང་བ་ལ། །སྡུག་པར་ཐུག་ནས་ཕྱིར་ལམ་བཅད། །འདི་ལྟར་དགའ་སྡུག་བརྗེས་པ་ལ། །ཏེ་ཁེར་འཕྲད་ཀྱང་དོན་ཅི་ཞིག །”ཅེས་འདོད་པ་ཐག་ཆོད་རེད།
         རྗེས་རབས་པས《ཝར་ཏུན་མཚེའུ》ཞེས་པའི་དཔེ་དེབ་དེ་བརྒྱུད་ནས་ད་གཟོད་སུའོ་ལུའོ་ཡིས་སེམས་ཤུགས་ག་ཚོད་ཅིག་བཏོན་པ་གསལ་རྟོགས་བྱུང་སོང་།  ཁོ་ན་རེ།  “ང་རང་ནགས་ཚལ་དུ་ཐོན་པ་ནི་ངས་ལྷིང་ཞིང་ལྷོད་འཇགས་དང་བློ་རྩ་བརྟན་པའི་འཚོ་བ་ཞིག་རེ་ཞིང་སྙེག་པས་ཡིན།”ཝར་ཏུན་མཚེའུ་ལ་ཁ་གྱེས་པའི་སུའོ་ལུའོ་ཡིས་རང་བྱུང་ཁམས་ལ་ཞིབ་འཇུག་བྱེད་པའི་མགོ་བརྩམས་པ་སྟེ། ཁོས་ནགས་བྱི་ཡིས་ཚུལ་ཇི་ལྟར་སྒྲོན་ཤིང་ལ་རོགས་བྱས་ཏེ་ས་བོན་བསྐྱེད་པ་ཡིན་པར་བརྟག་ཅིང་འདབ་ཆགས་ཀྱི་རིགས་རྣམས་ལྕགས་ཐང་འབྲུ་གུ་ལ་ཤིན་ཏུ་དགའ་མོས་ཡོད་པ་རྟོགས་སོང་།  ཁོས་ལྕང་སྡོང་གིས་ཚུལ་ཇི་ལྟར་ས་རུ་ཟགས་ཏེ་ས་བོན་བསྐྱེད་བཞིན་པར་བརྟག་དཔྱད་བྱས།  དེའི་རྗེས་ཀྱི་ལོ་ངོ་བཅུའི་ནང་ཁོས་ཤོག་གྲངས་སྟོང་དགུ་ལས་བརྒལ་བའི་ཟིན་ཐོ་བྲིས་ཏེ། སྙན་ངག་པ་གང་དེ་རྟེན་རྫས་རིག་པ་བ་རུ་གྱུར་ཞིང་།  རི་ཁྲོད་པ་གང་དེ་ལྡུམ་ར་པ་རུ་གྱུར།
        ཟིན་ཐོ་འདི་དག་ཀྱང་ས་བོན་དང་འདྲ་བར་ཡུན་རིང་བོ་ཞིག་ལ་གྲགས་མེད་དུ་ལུས།  དཔེ་མིང་ལ་《ས་བོན་གྱི་དད་མོས》ཞེས་པ་དེ་ཁོང་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་བརྒྱ་དང་སུམ་བཅུའི་རྗེས་ནས་པར་དུ་བསྐྲུན་པ་རེད།  ཁོས་འདི་ལྟར་བྲིས་ཡོད་དེ།   “ས་བོན་ཡང་མེད་པར/རྩི་ཤིང་འབུས་བྲ་བར/ང་ཡིས་ཡིད་གཏོལ་ཐབས་ལར་ནས་མེད/ངའི་སེམས་ཁོངས་སུ་ས་བོན་གྱི་དད་མོས་མངའ་བས/ཁྱེད་ལ་ས་བོན་རྡོག་ཅིག་ལྡན་ཏེ/མཛངས་པའི་ལས་ཤིག་བསྐྱེད་པར་རེ་བས་སྒུག་ཡོད།”སུའོ་ལུའོ་ནི་ས་བོན་ཞིག་སྟེ།  ཁོས་མི་རེ་རེའི་སེམས་ཁོངས་སུ་ས་བོན་ཞིག་འདེབས་འདོད་སྐྱེས་ཡོད།
        ས་བོན་ལས་སྐྱེ་སྟོབས་ཀྱི་དཔལ་སྦྲུམ་པར་སྲིད། ཉམས་ཞན་འཁོས་ཆུང་གིས་ལྷུན་ཆགས་སུ་གནས་ན་རླབས་ཆེ་ཞེས་པའི་བླ་མེད་མཆོག་གྱུར་གྱི་ཚད་འཛིན་ཅིག་ཡོད། 
        ས་བོན་ཞིག་ཡལ་བར་འགྱུར་དུས། ཚེ་སྲོག་གི་ལྗང་སྨྱུག་གསར་བ་ཞིག་འབུས་ལ་ཉེའོ། །


རྩོམ་ཡིག་སྔོན་མ།
ཁེར་རྐྱང་གི་མཚན་མོ།
རྩོམ་ཡིག་རྗེས་མ།
རླུང་འཚུབ་ཁྲོད་ཀྱི་རྟ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1