༄༅།། བཀྲ་ཤིས་ཚེ་སྐྱིད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-04


བུད་མེད་ཁེ་ལས་མཁས་ཅན་བཀྲ་ཤིས་ཚེ་སྐྱིད།

     “ལོ་རེའི་ཟླ་ལྔ་པ་ནི་འབྲོག་ཁུལ་མང་ཚོགས་ཀྱི་ལོ་གཅིག་གི་འཁྲུག་ཆ་དོད་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པ་དང་། ཡུལ་མི་ཚོས་སྤང་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བའི་རྣམ་པ་རྟག་ཏུ་ངའི་སེམས་ནང་དྲན་གྱི་འདུག”ཅེས་བཀྲ་ཤིས་ཚེ་སྐྱིད་ཀྱིས་བཤད།
    བཀྲ་ཤིས་ཚེ་སྐྱིད་གྱི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་གྱི་ཡོད། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཡུལ་ཤུལ་ནི་ཀྲུང་གོའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་ཆེ་ཤོས་དེ་ཡིན་ཞིང་། རྒྱལ་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་འབབ་ཀྱི་ཕྱེད་ཀ་ཙམ་བཟུང་གི་ཡོད།
     དུས་རབས་གོང་མའི་ལོ་རབས་80པའི་ལོ་མཇུག་ཏུ་བཀྲ་ཤིས་ཚེ་སྐྱིད་པེ་ཅིང་ནས་སློབ་གྲྭ་ཐོན་རྗེས་ཡུལ་ཤུལ་ཀྲོའུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དུ་ལས་བགོས་བརྒྱབ་ནས་ཚོང་དོན་ལས་ཀ་བྱས། བཀྲ་ཤིས་ཚེ་སྐྱིད་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་རིགས་ས་ཁུལ་དང་ཕྱི་ཕྱོགས་ལས་རིགས་དབར་དཔལ་འབྱོར་ཚོང་དོན་སྤེལ་རེས་ཉིན་རེ་བཞིན་མང་དུ་ཕྱིན་པ་དང་སྐབས་དེ་དུས་ཁོང་གིས་རྒྱ་སྐད་ཡག་པོ་ཤོད་ཤེས་སྟབས་རྟག་ཏུ་འགྲེལ་བཤད་རྒྱག་མཁན་ཞིག་གི་ངོས་ནས་ཞིང་ཆེན་ཕྱི་ནང་གི་ཚོང་དོན་ངོ་འཕྲད་གྲོས་མོལ་སོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་ཏེ་ཕྱི་ཕྱོགས་ཚོང་པར་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་དང་། ཤྭ་བའི་ཁྲག་རྭ། སྲོ་ལོ་དམར་པོ་སོགས་ཡུལ་ཟོག་འོས་སྦྱོར་བྱེད་ཀྱི་ཡོད།
     “ཐེངས་ཤིག་ང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཞིག་ལ་ཞུགས་སྐབས་ཡུལ་ཤུལ་ནས་འཁྱེར་བའི་ཚོང་ཟོག་སྣ་ཁ་ཁྲི་60ལྷག་ཙམ་ཚང་མ་བྲིན་སོང”ཕྱི་ཕྱོགས་ཀྱི་ཚོང་པས་མཚོ་སྔོན་གྱི་ཁྱད་ལྡན་ཡུལ་ཟོག་ལ་དགའ་པོ་བྱས་པར་བརྟེན་བཀྲ་ཤིས་ཚེ་སྐྱིད་ལ་ཚོང་རྒྱག་འདོད་ཆེན་པོ་བྱུང་ཡོད། དུས་རབས་གོང་མའི་ལོ་རབས་90པའི་ལོ་མཇུག་ཏུ་བཀྲ་ཤིས་ཚེ་སྐྱིད་ཀྱིས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་རི་ཁུག་ནས་ཁྲོམ་རར་འདོན་རྒྱུའི་འདུན་པ་ཟབ་མོ་འཆང་བཞིན་རང་ཉིད་ཀྱི་ལས་གཏོད་ལམ་བུར་བཞུད།
     བཀྲ་ཤིས་ཚེ་སྐྱིད་ཀྱིས་སྨི་ངོས་གྲུ་བཅུ་ཡི་ཚོང་ཁང་ཆུང་ཆུང་དང་སྒོར་སྟོང་ཕྲག་ཁ་ཤས་ཀྱི་འཁོར་རྒྱུག་མ་དངུལ་དེ་ནི་སྐབས་དེ་དུས་ཀྱི་ངའི་རྒྱུ་ནོར་ཚང་མ་ཡིན་ཞེས་བཤད་པ་དང་། 1999ལོར་ཁོང་གིས་ལན་ཀྲོའུ་ནས་ལས་གཏོད་བྱེད་འགོ་བཙུགས་པ་དང་ད་ཆ་ཁོང་ནི་གཙང་གསུམ་ཆུ་འགོའི་དབྱར་རྩྭ་དགུན་འབུའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་པ་རེད།
    བཀྲ་ཤིས་ཚེ་སྐྱིད་ཀྱིས“ལས་གཏོད་ལམ་བུའི་ཐོག་དཀའ་ངལ་མང་པོ་འཕྲད་མོད། འོན་ཀྱང་དཀའ་སྡུག་ལ་དཔའ་མི་ཞུམ་པའི་ཁམས་པའི་བུད་མེད་ཀྱི་ངར་ཤུགས་དེས་ངས་རྒྱུན་འཁྱོངས་ཐུབ་བྱུང་”ཞེས་བཤད།
    ལོ་དེ་དག་རིང་ཁོང་གི་ཁེ་ལས་ལ་རྐུ་ཤོར་མྱོང་བ་གཞན་གྱིས་ཁ་བསླུས་བརྒྱབ་པ་སོགས་ཀྱི་གནས་ཚུལ་རབ་དང་རིམ་པ་འཕྲད་མྱོང་ཡོད། “2004ལོར་གཙང་གསུམ་ཆུ་འགོའི་དབྱར་རྩྭ་དགུན་འབུའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལོ་མང་གསོག་འཇོག་བྱས་པའི་མ་རྩ་ཧ་ལམ་སྟོངས་ནས་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཅིང་། གློ་བུར་གྱི་ཉམས་རྒུད་བྱུང་སྟབས་བྱ་གཞག་དེ་བློས་གཏོང་འདོད་ཀྱི་བསམ་པའང་སྐྱེས་མྱོང་ཡོད”ཅེས་བཀྲ་ཤིས་ཚེ་སྐྱིད་ཀྱིས་བཤད་པ་དང་སེམས་སྡུག་གིས་མནར་རྗེས་ཁོང་གིས་སླར་ཡང་ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱས་ཤིང་། ཁེ་ལས་ནང་ངོས་ཀྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ཆེད་སྔོན་ཆད་ཀྱི་ཁྱིམ་རྒྱུད་རྣམ་པའི་དོ་དམ་བྱེད་སྟངས་རིམ་བཞིན་འགྱུར་ལྡོག་བཏང་ནས་དེང་རབས་ཅན་གྱི་ཁེ་ལས་དོ་དམ་གྱི་འདུ་ཤེས་ནང་འདྲེན་བྱས་པ་རེད།
    ད་ཆ་ཁོང་གི་ཀུང་སིས་རྒྱལ་ཡོངས་ཀྱི་ཕྱིར་ཚོང་ས་ཁོངས་ཆེ་མོ་བདུན་དུ་མ་རྩ་ཆ་ཚང་བཏང་བའི་ཡན་ལག་ཀུང་སི་11བཙུགས་པ་དང་ཐད་གཉེར་ཚོང་ཁང་30ལྷག་ཙམ་ཡོད་ཅིང་། མཚོ་སྔོན་དང་། ཀན་སུའུ། ཧྲའན་ཤིས། པེ་ཅིང་། ཧྲང་ཧའེ། ཀྲེ་ཅང་། ཀོང་ཏུང་སོགས་ལ་ཁྱབ་པའི་རྒྱལ་ཡོངས་རང་བཞིན་གྱི་ཕྱིར་ཚོང་དྲ་རྒྱ་དང་ཞབས་ཞུའི་མ་ལག་རགས་ཙམ་བཙུགས་ཟིན་པ་རེད།
     འབྲོག་ཁུལ་གྱི་རྩྭ་ཐང་སྟེང་གི་བུ་ཕྲུག་གཅིག་ནས་ཚོང་ལས་བྱ་གཞག་ནང་ཞུགས་པའི་བུད་མེད་ཁེ་ལས་མཁས་ཅན་ཞིག་བར་བཀྲ་ཤིས་ཚེ་སྐྱིད་ཀྱིས་དུས་ཡུན་ལོ་ངོ་20སྤྱད་དེ་རང་ཉིད་ཀྱི་འཇོན་ཐང་ཡོད་རྒུ་ངོམ་སྟོན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1