ཏང་ཡོན་ལས་བྱེད་པས་མི་ཚེའི་“རྩིས་བདུན”ལེགས་པར་རྒྱག་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་སྒྲིག་ཨུས་གྱོད་ཐོ་བཀོད་དེ་ཞིང་ཆེན་དཔལ་འབྱོར་ཡིད་རྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲུའུ་ཅན་ཕིང་དང་ཞིང་ཆེན་སྲིད་ཁྲིམས་ཐིང་གི་ཐིང་ཀྲང་ཟུར་པ་ཝང་ཧྲེན་ཏི། ཞིང་ཆེན་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་ཟུར་པ་ཡུས་ཞའོ་མེང་། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཝུའུ་ཀུའོ་ལུའུ། མཚོ་ཤར་བཟོ་ལས་གླིང་ཁུལ་གྱི་ཀྲུའུ་རེན་ཟུར་པ་ཏུང་ཡེ། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཟུར་པ་ཝང་ཝེ་ཧྭ། ཡུས་ཧྲུའུ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་ཝང་ཞིའུ་ཆིན། རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཐན་ཞིའུ་ཕིང་སོགས་དཔེར་མཚོན་རུང་བའི་སྒྲིག་འགལ་གྱོད་དོན་སྐོར་ཞིག་རྩད་ཆོད་བྱུང་།  "དོན་དག་བྱུང་བའི"ཏང་ཡོན་ལས་བྱེད་པ་འདི་དག་གིས་ཏང་གི་བླང་བྱ་དང་ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་སྲོལ་བཅས་ལ་བརྩི་སྲུང་མ་བྱས་པ་དང་། རུལ་སུངས་ལ་རྒོལ་བའི་མཁའ་དབུགས་སྟུག་པོའི་ཁྲོད། སྟེས་དབང་གི་བསམ་ཚུལ་དང་རང་འདོད་གང་སྒྲུབ་བྱས་ཤིང་།  ཐ་ན་སྒྲིག་ཁྲིམས་ལ་མ་འཛེམ་པར་སྒྲིག་འགལ་བྱས་པས། མཐའ་མཇུག་ཏང་དང་མི་དམངས་ཀྱི་ལྡོག་ཕྱོགས་སུ་སོང་བ་རེད། ཏང་ཡོན་ལས་བྱེད་པ་ཞིག་ཡིན་ཕྱིན་གྱོད་དོན་འདི་དག་གི་ཁྲོད་དུ་བསླབ་བྱ་སྡུད་ལེན་དང་བསམ་བློ་ཡང་ཡང་བཏང་སྟེ། དུས་ཡུན་རིང་བོར་དོགས་ཟོན་གྱི་བསམ་བློ་དང་དུས་རྟག་ཏུ་སྒྲིག་ཁྲིམས་དང་འབྲེལ་མེད་སྒོས་སྒྲིག་བརྩི་ཁྲིམས་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། གཡོ་སླུ་སྣ་ཚོགས་བཟློག་སྟེ་མི་ཚེའི"རྩིས་བདུན"ལེགས་པར་རྒྱག་དགོས།

གཅིག་ནི་ཆབ་སྲིད་ཀྱི་རྩིས་ལེགས་པར་བརྒྱབ་སྟེ། རང་ཉིད་ཀྱི་མདུན་ལམ་རང་གིས་བརླག་མི་རུང་།

        ཏང་ཡོན་ལས་བྱེད་པ་ཞིག་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་ཞིག་གིས་ལས་དོན་སོ་སོ་རུ་གྲུབ་འབྲས་དང་གཟི་བརྗིད་མི་དམན་པ་བླངས་པ་ནི་རྩ་འཛུགས་ཀྱིས་བློ་ཞིབ་མོས་སྐྱེད་སྲིང་བྱས་པའི་འབྲས་བུ་ཡིན་ལ། མི་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་ཡང་འབྲལ་ཐབས་མེད། གལ་ཏེ་རང་གིས་རང་ལ་ཁ་ལོ་བསྒྱུར་མ་ཐུབ་པར་ལོག་ལམ་དུ་སོང་ཚེ། "བྱས་ཉེས་ལན་གཅིག་སེམས་སྡུག་ཚེ་གང"གི་དཔེ་རུ་སོང་སྟེ། རང་ཉིད་ཀྱི་ཆབ་སྲིད་འཚོ་བ་རང་གིས་བརླགས་པ་ཡིན་ལ། ལོ་མང་པོར་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་སྐད་ཅིག་ཏུ་དུ་སྤྲིན་བཞིན་ཡལ་ཏེ་གར་སོང་ཆ་མེད་དུ་གྱུར་ཅིང་། ཏང་དང་སྲིད་གཞུང་གི་དབང་གྲགས་དང་ཡིད་རྟོན་ལའང་གནོད་འཚེ་ཚབས་ཆེན་བཟོས་པ་རེད། དེར་བརྟེན། ང་ཚོ་སུ་ཡིན་ཡང་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཚེ་སྲོག་ལ་སྔར་ལས་གཅེས་སྤྲས་གནང་སྟེ། ཆབ་སྲིད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་པ་དང་ཕུགས་བསམ་གྱི་ཡིད་རྟོན་བརྟན་པོར་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང"རང་རྟོན་བཞི"བརྟན་སྲུང་བྱེད་པ། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེ་ལྟ་བ། རིན་ཐང་ལྟ་བ་འཛུགས་པ་བཅས་བྱས་ཏེ། རང་སྟེང་ནས་སྤྱོད་གཙང་སྲིད་གཙང་ཡོང་བར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས། འདི་ལྟར་བྱས་ཚེ། ད་གཟོད་ཆབ་སྲིད་ཀྱི་གར་སྟེགས་སྟེང་ནས་རང་ཉིད་ཀྱི་འཇོན་ཐང་ཅི་དགར་ངོམ་ཆོག་ལ། ཏང་དང་མི་དམངས་ལ་བྱས་རྗེས་བསྐྲུན་ཆོག

གཉིས་ནི་དཔལ་འབྱོར་གྱི་རྩིས་ལེགས་པར་བརྒྱབ་སྟེ། ཁྱིམ་གཞིས་རྦད་དེ་བརླག་མི་རུང་།

        "དམ་པས་ནོར་ལ་གཅེས་ནའང་། ། ལེན་པའི་ཐབས་ནི་དྲང་ནུས་སོ།།"ཞེས་པའོ།། དོན་དམ་དུ་རྒྱལ་ཁབ་ཀྱིས་ཏང་ཡོན་ལས་བྱེད་པ་རེ་རེར་ཟླ་ཕོགས་དང་ཕོགས་སྣོན་སོགས་ཐོབ་ཆ་སྣ་ཚོགས་བྱིན་ཏེ་རང་ཉིད་ཀྱི་ལྟོ་རྒྱབ་ལ་སེམས་ཁྲལ་བྱེད་མི་དགོས་པར་བྱས་ཡོད། ང་ཚོ་ད་ལྟ་ཆ་འཕྲིན་ཅན་དུ་འགྱུར་ཚད་མགྱོགས་པའི་སྤྱི་ཚོགས་སུ་འཚོ་གཞེས་ཡོད་ཅིང་། ཏང་ཡོན་ལས་བྱེད་པ་རེ་རེ་དང་ནང་སྒོས་སུ་དབང་ཆ་ངེས་ཅན་བཟུང་བའི་མགོ་ཁྲིད་ལས་བྱེད་པ་ནི་སླུ་བྲིད་དང་ཉེན་ཁ་གང་སར་ཡོད་པའི་གནས་བབ་ཏུ་ཡོད་པས། ཅུང་ཙམ་ལ་ཡིད་འཇོག་མ་བྱས་པ་ལས་ཀྱང་གཡོ་དབང་དུ་མི་འགྱུར་བའི་ངེས་པ་མེད་ལ། ཐ་ན་བཙོན་འཇུག་བྱེད་དགོས་པའི་དུས་ཀྱང་ཡོད་པས། སྐབས་དེར་ཁྲིམས་མཐུན་གྱི་ཡོང་སྒོ་དང་རྒྱུན་ལྡན་གྱི་ཐོབ་ཆ་ཚང་མའང་མེད་པར་འགྱུར་འགྲོ་ཞིང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོངས་རྫོགས་ཕྱིར་སྤྲད་དེ། མཐའ་མར་མི་དང་རྒྱུ་ནོར་ཡོད་ཚད་སྟོང་བར་ལུས་དགོས། དེར་བརྟེན། ཏང་ཡོན་ལས་བྱེད་པ་རེ་རེས་ཡང་དག་པའི་ཁེ་ཕན་ལྟ་བར་བརྟེན་ནས། དུས་རྟག་ཏུ་འདོད་ཧམ་གྱི་གནོད་འཚེ་ཡིད་ལ་བཅངས་ཏེ་རང་མོས་སྒོས་རང་གཅུན་ནན་མོ་ཡོང་དགོས་ལ། དུས་ནམ་ཡང་རང་ཉིད་ལ་སེམས་ཆུང་ཡང་ཆུང་བྱེད་དགོས་པའི་ཉེན་བརྡ་བཏང་སྟེ། འདོད་ཆུང་ཆོག་ཤེས་དང་བབ་ཆགས་ལྷིང་འཇགས་ཀྱི་འཚོ་བར་གོམས་པར་བྱེད་པ་དང་། ཁེ་ཕན་གྱི་བདག་ཏུ་མི་འཛིན་པ་དང་འདོད་ཧམ་གྱི་གཡོ་འོག་ཏུ་མི་ཚུད་པར་ནག་ནོག་གི་དྲི་མས་མ་གོས་པའི་ཏང་ཡོན་གཙང་མ་ཞིག་བྱེད་དགོས།

གསུམ་ནི་མཚན་སྙན་གྱི་རྩིས་ལེགས་པར་བརྒྱབ་སྟེ།  ཁེ་གྲགས་གཉིས་ཤོར་བྱེད་མི་རུང་།

        ཏང་ཡོན་ལས་བྱེད་པ་དང་ནང་སྒོས་སུ་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཚང་མར་སྤྱི་ཚོགས་ཀྱི་གོ་གནས་ངེས་ཅན་ཞིག་ཡོད། ལ་ལས་ལོ་བཅུ་ཕྲག་འགའ་དང་དེ་ལས་མང་བའི་ལོ་ངོ་མང་པོར་འབད་བརྩོན་ལྷོད་མེད་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་བྱས་རྗེས་བཞག་ཅིང་། རང་ཉིད་ཀྱི་མཚན་སྙན་འབར་བར་བྱེད་ལ། ཀུན་གྱི་བརྩི་འཇོག་ཐོབ་ཅིང་། རང་འབྲས་ལ་ཡིད་ཚིམ་ནས་ཡོད། གལ་ཏེ་གཅེས་སྤྲས་བྱེད་མ་ཤེས་པར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བྱུང་ཚེ། རྩ་འཛུགས་ཀྱི་མཚན་སྙན་ལ་གནོད་པ་མ་ཟད་རང་ཉིད་ཀྱི་མཚན་སྙན་ཡང་བརླགས་ཏེ། དེ་སྔ་བསྟོད་པའི་སྐད་སྒྲ་བར་མེད་དུ་འབྱིན་པ་མཐའ་དག་དེ་མ་ཉིད་དུ་སྡིག་དམོད་ཀྱི་འཛེར་སྐད་དུ་གྱུར་ཏེ་མཚན་སྙན་ལ་ནམ་ཡང་ཕྱི་ཡོང་མེད་ཅིང་། ཚེ་གང་བོར་མགོ་བོ་དགྱེ་སྲོལ་མེད་པ་ཞིག་ཏུ་འགྱུར་ངེས། དེར་བརྟེན།  དུས་ནམ་ཡང་མཚན་སྙན་ནི་མི་ཞིག་གི་རྩིས་ཐང་མཚོན་བྱེད་ཀྱི་རིན་ཐང་གཞལ་དུ་མེད་པ་དེ་ཡིན་པ་དང་། ཚེ་སྲོག་བློས་བཏང་ཡང་ཕྱིར་ཡོང་མེད་པ་ཞིག་ཡིན་ལ། གལ་ཏེ་རྩིས་ཐང་དེ་ཤོར་ཚེ་སྤྱི་ཚོགས་སྟེང་འཚོ་གཞེས་གནང་ཐབས་བྲལ་བ་ཞིག་ཡིན་པ་སེམས་ལ་བཟུང་ནས། ཚེ་སྲོག་ལ་གཅེས་སྤྲས་གནང་བ་བཞིན་མཚན་སྙན་ལ་གཅེས་སྤྲས་གནང་དགོས་ཤིང་། རང་བརྩི་རང་གཅུན་དང་། རང་སྐུལ་རང་དོགས་ཡོང་བར་བྱས་ནས། སྒྲིག་བརྩི་ཁྲིམས་སྲུང་གཟི་བརྗིད་དང་། སྒྲིག་འགལ་ཁྲིམས་འགལ་ངོ་ཚ་ཡིན་པ་ཤེས་ཤིང་། སྤྱོད་གཙང་གཞུང་དྲང་གི་སྣང་བརྙན་བཟང་པོ་བསྐྲུན་དགོས།

བཞི་ནི་ཁྱིམ་ཚང་གི་རྩིས་ལེགས་པར་བརྒྱབ་སྟེ། ཁྱིམ་ཐོར་བཟའ་ཐོར་བྱེད་མི་རུང་།

        ཁྱིམ་ཚང་ནི་བྱ་གཞག་གི་རྨང་གཞི་ཡིན་ལ། མི་ཚེ་སྐྱིད་པོ་ཞིག་འཁྱོངས་པའི་གྲུབ་ཆ་གལ་ཆེན་ཡང་ཡིན། ང་ཚོ་ཏང་ཡོན་སུ་ཡིན་ཡང་བུ་བུ་མོར་བྱམས་ཤིང་ཕ་མར་བཀུར་བ་དང་། ཁྱོ་གའམ་ཡང་ན་ཆུང་མ་བརྩི་བའི་མི་ཞིག་བྱས་ཏེ། དྲོད་ཁོལ་དང་སྐྱིད་སྣང་གིས་ཁེངས་པའི་ཁྱིམ་གཞིས་སྐྱོང་དགོས།  གལ་ཏེ་སྒྲིག་འགལ་ཁྲིམས་འགལ་གྱིས་ཉེས་བསགས་ཀྱི་ལམ་དུ་བསྐྱོད་ཚེ། ཁྱིམ་ཚང་གི་མགོ་ལ་གནམ་བརྡིབས་པ་དང་ཁྱད་པར་མེད་ལ། ད་དུང་ཁྱིམ་མིས་ཀྱང་རང་དང་མཉམ་དུ་སྡུག་བསྔལ་མྱངས་ཏེ། སྐྱིད་ཅིང་འཆམ་པའི་ཁྱིམ་ཚང་དེ་སྡུག་བསྔལ་གྱི་གཡང་ལ་ལྷུང་འགྲོ་བ་དང་། ཐ་ན་བཟའ་ཐོར་ཁྱིམ་ཐོར་དང་མི་རྒྱུ་གཉིས་ཀ་སྟོང་བར་ལུས་པའི་ཁར། རང་ཉིད་བརླགས་པ་དང་བུ་བུ་མོ་དང་ཁྱིམ་ཚང་བརླགས་པ་དང་། ད་དུང་རང་ཉིད་ཀྱིས་ཚེ་གང་བོར་མགོ་སྟོང་ཀླད་མེད་ཀྱི་ངན་མིང་འཁུར་དགོས་ཀྱང་སྲིད།  དེ་བས། ཏང་ཡོན་ལས་བྱེད་པས"ཁྱིམ་ཚང་གི་རྩིས"ལེགས་པར་བརྒྱབ་ན། རང་ཉིད་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ།  བྱ་གཞག་དང་ཁྱིམ་ཚང་གི་འབྲེལ་བ་དང་། གཞུང་དོན་དང་སྒེར་དོན་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། འབད་པས་ལས་སྒྲུབ་ཅིང་། རྣམ་དག་གིས་དཔོན་འཁུར་ཏེ། ལས་དོན་རྒྱས་ཤིང་ཁྱིམ་ཚང་སྐྱིད་པའི་ཕྱོགས་ལ་འབད་དགོས།

ལྔ་ནི་གཉེན་ཉེའི་རྩིས་ལེགས་པར་བརྒྱབ་སྟེ། དམངས་འཁོན་གཉེན་བྲལ་བྱེད་མི་རུང་།

        ཏང་ཡོན་ལས་བྱེད་པ་དང་ནང་སྒོས་སུ་མགོ་ཁྲིད་ལས་བྱེད་པ་ཚང་མ་ནི་མི་དར་མར་ཆགས་ཏེ་ལས་དོན་ལ་གྲུབ་འབྲས་ཡོད་ཅིང་། གོང་ན་ཕ་མ་དང་ཞོལ་ན་བུ་བུ་ཚ་ཡོད་པའི་ལས་དོན་དང་ཁྱིམ་གཞིས་གཉིས་ཀ་དར་སྒང་དང་། བརྩེ་འདང་དང་གྲོགས་འདང་གིས་ཕྱུག་པའི་དུས་སུ་བབས་ཡོད་པ་ཏག་ཏག་ཡིན། གལ་ཏེ་ནོར་འཁྲུལ་གྱི་བྱ་ལས་གཅིག་བྱས་ཀྱང་གཉེན་ཉེ་ཁྱོད་དང་རིང་དུ་འབྲལ་ཞིང་། གྲོགས་པོས་ཁྱོད་ལ་ཡིབས་ནས་འགྲོ་བ་དང་། ཁྱིམ་ཚང་ཁ་ཤོར་བཤིག་རལ་དུ་འགྱུར་ལ་དམངས་འཁོན་གཉེན་བྲལ་གྱི་ཚད་དུ་ལྷུང་ངེས་པས། རང་ཉིད་ཀྱི་ཕ་མར་བསྙེན་བཀུར་སྲི་ཞུ་སྒྲུབ་ཐབས་མེད་ལ། རང་ཉིད་ཀྱིས་གཅེས་ཤིང་བརྩེ་བའི་ཆུང་མ་དང་བུ་བུ་མོར་བདག་སྐྱོང་བྱེད་མི་ཐུབ་པ་མ་ཟད། ད་དུང་ཁྱིམ་མི་གང་བོ་མགོ་བོ་དགྱེ་སྲོལ་མེད་པ་དང་། གཞན་ཀུན་གྱིས་འཕྱ་དགོད་དམོད་སྨོད་བྱེད་པས། ཁྱིམ་མི་གང་བོའི་སེམས་ཤུགས་ལ་གནོད་འཚེ་ཚབས་ཆེན་བཟོ་ངེས། གཉེན་ཉེའི་རྩིས་འདི་ལེགས་པར་བརྒྱབ་ན། གཉེན་ཉེ་དང་གྲོགས་པོའི་བརྩེ་བར་མཐོང་ཆེན་བྱས་ཏེ། མང་ཚོགས་ཀྱི་བརྩི་བཀུར་དང་ལག་རོགས་ཀྱི་གུས་འདུད། ཁྱིམ་མི་དང་གཉེན་ཉེ་གྲོགས་པོའི་རྒྱབ་སྐྱོར་མ་ལུས་ལས་དོན་གོང་ནས་གོང་དུ་འཕེལ་བའི་སྒུལ་ཤུགས་སུ་བསྒྱུར་ཏེ།  རང་ཉིད་ལ་ནམ་ཡང་སྤྱོད་གཙང་རང་གཅུན་དང་སྲིད་བརྩོན་སྲིད་ཞུགས་བྱས་ཏེ་མི་བཟང་པོ་ཞིག་བྱེད་དགོས་ལ། དེ་བས་ཀྱང་དཔོན་ལེགས་པོ་ཞིག་འཁྱོངས་དགོས་པའི་སྐུལ་ལྕག་གཏོང་དགོས།

དྲུག་ནི་བདེ་ཐང་གི་རྩིས་ལེགས་པར་བརྒྱབ་སྟེ། ལུས་སེམས་གཉི་གར་ངལ་དུབ་ཀྱིས་ཁེངས་པར་བྱེད་མི་རུང་།

        མི་ཚེའི་བདེ་སྐྱིད་ཆེ་ཤོས་ནི་ལུས་སེམས་སྐྱིད་པོ་ཡོང་བ་དང་། རྒྱུ་ནོར་རྩ་ཆེན་ནི་ལུས་སེམས་བདེ་ཐང་ཡོང་རྒྱུ་དེ་རེད།  བདེ་ཐང་ནི་འབྱུང་གཞིའི་རྩ་བ་ཡིན་ཏེ། ཁོག་རྒྱ་ཡངས་ཤིང་སྒེར་སེམས་དབེན་པ་དང་། གཞན་གྱི་བདེ་བ་རང་གི་བདེ་བར་བསྒོམས་ན་ནི་སེམས་པ་ལྷོད་ལ་འབབ་ཅིང་ལུས་ཁམས་བདེ་ཐང་ཡོང་ཐུབ། གལ་ཏེ་ལྐོག་ངན་གཡོ་ལེན་བྱས་ཏེ་དུས་རྟག་པར་སེམས་ཁྲལ་གྱིས་ཁེངས་ཏེ། འཚབ་འཚུབ་དང་སྐྲག་སྣང་གིས་འཚོ་བར་རོལ་ཚེ། སེམས་ཁམས་ཀྱི་གནོན་ཤུགས་ཆེ་ཞིང་། བཟའ་བཏུང་ལ་བྲོ་བ་མེད་པ་དང་མཚན་མོ་གཉིད་མི་ཁུགས་པར།  འཚོ་བ་ལ་གོ་རིམ་མེད་པ་ཞིག་ཏུ་འགྱུར་འགྲོ་བ་དང་། དེ་ལྟར་རིང་དུ་ཕྱིན་ཚེ་ལུས་ཕུང་གིས་ལྕོགས་ཐབས་བྲལ་བའི་ཚད་དུ་ལྷུང་སྟེ། ཆབ་སྲིད་ཀྱི་གཟི་བརྗིད་དང་ཁྱིམ་ཚང་གི་བདེ་སྐྱིད། རྒྱུ་ནོར་གྱི་གསོག་འཇོག་ཅེས་པ་ཚང་མ་སྟོང་གཏམ་འབའ་ཞིག་ལས་ཅི་ཡང་མི་ནུས་པའི་ཚད་དུ་ལྷུང་འགྲོ་བ་ཡིན། དེར་བརྟེན། དུས་ནམ་ཡང་ཞེ་སེམས་གཏིང་ནས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་ཡིད་ལ་དམ་པོར་བཅངས་ནས་ལག་བསྟར་བྱེད་པ་དང་། དཔོན་པོ་གཙང་མ་ཞིག་དང་སྤྱོད་པ་དྲང་བ།  སེམས་རྒྱ་ཡངས་ཤིང་ལུས་སེམས་བདེ་ཐང་ཅན་གྱི་མི་ཞིག་བྱས་ཚེ། ད་གཟོད་ནང་སེམས་བདེ་ལ་འབབ་ཅིང་ཕྱོགས་ཡོངས་འཆམ་ཞིང་མཐུན་པ་ཞིག་ཡོང་ཐུབ།

བདུན་ནི་རང་དབང་གི་རྩིས་ལེགས་པར་བརྒྱབ་སྟེ། དཀའ་སྡུག་གི་འོ་དོང་དུ་ལྷུང་བར་བྱེད་མི་རུང་།

        ཏང་ཡོན་ལས་བྱེད་པ་སུ་ཞིག་ཡིན་རུང་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་དུས་མཚུངས་སུ། རང་ཉིད་ལ་རང་དབང་ཡང་ཡོད་དེ། གཉེན་ཉེར་སྐོར་རྒྱག་ཏུ་འགྲོ་བའི་ངལ་གསོའི་གུང་གསེང་དང་། ཡུལ་སྐོར་ལྗོངས་རྒྱུ། སྤྲོ་གསེང་ལུས་གསོ་བཅས་བྱེད་པའི་དབང་ཆ་ཡོད་པས། རང་དབང་ལོངས་སྤྱོད་བྱས་ནས་རང་ཉིད་ལ་གཅེས་སྐྱོང་གནང་དགོས། གལ་ཏེ་དཀའ་སྡུག་གི་འོ་དོང་དུ་ལྷུང་བར་བྱས་ཏེ། མི་ལུས་ཀྱི་རང་དབང་ཤོར་བར་བྱས་རྗེས། ག་དུས་ཡིན་ཡང་ལྐོག་ལྟ་ཚོད་འཛིན་གྱི་གནས་སུ་ལྷུང་སྟེ། ཁྱིམ་ཡོད་ཀྱང་འགྲོ་མི་ཐུབ་པ་དང་དོན་དག་ཡོད་ཀྱང་ཞུ་མི་ཕོད་པས། མི་ལུས་རང་དབང་མེད་པ་ནི་ཧ་ཅང་ནས་འཇིགས་ཡེར་བ་ཞིག་ཡིན་ཞིང་། འཇིག་རྟེན་ཁམས་དང་བྲལ་ཏེ་འཚོ་བར་རོལ་དགོས་པ་ནི་ཐེག་མི་ནུས་པའི་གནོན་ཤུགས་ཤིག་ཡིན། དེར་བརྟེན། དུས་ནམ་ཡང་ཀླད་པ་གསལ་བོ་ཡོང་བ་དང་། གནས་ཚུལ་ག་འདྲའི་འོག་ནས་ཀྱང་རང་ལུས་གཙང་མ་དང་རང་གི་ཀླད་པར་ཁ་ལོ་བསྒྱུར་ཏེ། དྲན་མི་ཉན་པ་མི་དྲན་པ་དང་། རང་ཉིད་ཀྱི་ཁ་ལ་བདག་དམ་བྱས་ཏེ་བཟའ་མི་རུང་བ་མི་ཟ་བ། རང་ཉིད་ཀྱི་ལག་པར་ཚོད་འཛིན་བྱས་ཏེ་ལེན་མི་རུང་བ་མི་ལེན་པ་དང་། རང་ཉིད་ཀྱི་རྐང་པར་ཁ་ལོ་བསྒྱུར་ཏེ་འགྲོ་མི་ཉན་སར་མི་འགྲོ་བ་བཅས་བྱེད་དགོས། འདི་ལྟར་བྱས་ཚེ། ད་གཟོད་རང་ཉིད་ཀྱི་མི་ཚེ་འདིར་སྲུང་གདུགས་ལེགས་པར་བརྒྱབ་སྟེ་རང་ཉིད་ཀྱི་ཚེ་གང་བོ་བདེ་ཞིང་སྐྱིད་པའི་ངང་སྐྱེལ་ཐུབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1