ཞིང་འབྲོག་ལས་རིགས་དབྱར་མཚོ་རྒྱས་པ་བཞིན་དར་སྤེལ་དུ་གཏོང་བར་རོགས་འདེགས་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཞིང་སྡེ་དར་རྒྱས་གོང་འཕེལ་གྱི་འཐབ་ཇུས་བཏོན་པ་འདི་ནི། ང་ཚོ་ཏང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་གནད་འགག་ཆེ་བའི་དུས་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆོས་ཉིད་ཡང་བསྐྱར་དམ་འཛིན་བྱས་ནས་བཏོན་པའི"ཞིང་གསུམ"གནད་དོན་ཐག་གཅོད་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། ཞིང་སྡེ་དར་རྒྱས་གོང་འཕེལ་གྱི་འཐབ་ཇུས་ནི་མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་དང་དགོས་ངེས་ཆེ་བའི་འདམ་ག་ཞིག་ཀྱང་ཡིན་པས། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་གནད་གལ་བཟུང་སྟེ་ཧུར་ཐག་གིས་མཐོ་སྒང་གི་ཞིང་འབྲོག་ལས་རིགས་དེང་རབས་ཅན་གྱི་འཕེལ་རིམ་དུ་སྐུལ་འདེད་གཏོང་དགོས།

གཅིག  ཞིང་སྡེ་དར་རྒྱས་གོང་འཕེལ་གྱི་འཐབ་ཇུས་ནི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་རྨང་རྡོ་སྲ་བརྟན་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན།

        ཞིང་ལས་ནི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་བརྟན་བརླིང་ཡོང་བ། རྒྱལ་ཁབ་རང་བཙན་བྱེད་པ་བཅས་ཀྱི་རྨང་གཞི་ཡིན་ལ། ཞིང་པ་དང་ཞིང་སྡེའི་གནད་དོན་ནི་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་རྩ་བའི་གནད་དོན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་གཅིག་ལ་ཉེ་བའི་འབད་བརྩོན་གྱི་བརྒྱུད་རིམ་ཁྲོད་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱུན་ཆད་མེད་པར་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ཕྱོགས་ནས་རྒྱལ་ཁ་རླབས་ཆེན་བླངས་ཤིང་། དེ་ཉིད་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་ཅིག་ཤོས་ནི་མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་ཆོས་ཉིད་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་དངོས་ཡོད་ངོ་མ་གཉིས་ཟུང་འབྲེལ་བྱས་ནས། ལོ་རྒྱུས་འཕེལ་རིམ་བྱུང་བའི་གནད་འགག་ཆེ་བའི་དུས་སྐབས་སུ"ཞིང་གསུམ"ཞེས་པའི་རྩ་བ་འདི་དམ་འཛིན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་པ་དེ་ཡིན།

        ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ནས་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་འགྲོགས་ཡོད་ཅིང་། མཚོ་སྔོན་ཡང་ཞིང་འབྲོག་ལས་རིགས་ཀྱི་སྤྱི་ཚོགས་དང་ཞིང་སྡེ་སྤྱི་ཚོགས་རྐྱང་པ་ནས་དེང་རབས་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་དུ་སླེབས་ཡོད་པས། དཔལ་འབྱོར་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད་ཀྱང་ཆོག་གོ །རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་འདིའི་ཁྲོད"ཞིང་གསུམ་ཕྱུག་གསུམ"རང་ངོས་ནས་འཕེལ་རྒྱས་བྱུང་བར་མ་ཟད།  ཆུ་རྒྱུན་བཞིན་འཛད་མཐའ་མེད་པའི་སྒོ་ནས་བཟོ་ལས་དང་གྲོང་ཁྱེར་ལ་ས་ཞིང་དང་ངལ་རྩོལ་གྱི་ནུས་ཤུགས། རྒྱུ་ཆ་དང་རྒྱུ་ཆས། དེ་མིན་ཁོད་ཡངས་པའི་ཚོང་ར་བཅས་མཁོ་འདོན་བྱས་ནས་ནུས་པ་དཔག་ཏུ་མེད་པ་འདོན་སྤེལ་བྱས་ཡོད།

        མིག་སྔར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་ལོ་བརྒྱ་ཕྲག་གཉིས་ཀྱི་དམིགས་འབེབ་འགྲུབ་པར་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་པ་དང་ཡང་ན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྲུབ་པ་གང་དང་གང་ཡིན་ཡང་། དེ་དག་ཚང་མ"ཞིང་གསུམ"གྱི་རྨང་གཞི་དང་ཁ་འབྲལ་ཐབས་མེད།  ཏང་ཀྲུང་དབྱང་གིས་ཞིང་སྡེ་དར་རྒྱས་གོང་འཕེལ་དུ་གཏོང་བའི་འཐབ་ཐུས་ལག་ཏུ་བསྟར་བ་འདི་ནི་མཚོ་སྔོན་གྱི"ཞིང་གསུམ་ཕྱུག་གསུམ"གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པ་གདོན་མི་ཟ་ཞིང་། དུས་མཚུངས་སུ་མཚོ་སྔོན་རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་རྨང་གཞི་སྲ་བརྟན་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་སྟེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བར་འཕྲད་པའི་གོ་སྐབས་གལ་ཆེན་ཞིག་ཡིན།

གཉིས།  ཞིང་སྡེ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ནི་མཚོ་སྔོན་གྱི་ཞིང་འབྲོག་ལས་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཆེ་བའི་འདམ་ག་ཞིག་ཡིན།

        "ཐོན་ལས་དར་འཕེལ"དེ" ཐོན་ལས་འཕེལ་རྒྱས"དང་བསྡུར་ནས། ཞིང་འབྲོག་ལས་རིགས་རྨང་གཞིའི་རང་བཞིན་ཡིན་པའི་ངོས་ནས་ཐོན་ལས་འཕེལ་རྒྱས་འབྱུང་བའི་གལ་ཆེན་རང་བཞིན་གཙོར་འཛིན་དགོས། "འཚོ་བ་འབྱོར་ཕྱུག་ལྡན་པ"དེ"འཚོ་བ་འབེལ་པོ"ཡིན་པ་དང་བསྡུར་ནས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་གོང་དུ་སྤེལ་དགོས་པའི་བླང་བྱ་འདོན་དགོས། "སྐྱེ་དངོས་འཕྲོད་སྡོད"དེ"གྲོང་སྡེའི་རྣམ་པ་གཙང་དག"ཡིན་པ་དང་བསྡུར་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མི་མངོན་པའི་རྟོགས་དོན་གསལ་པོར་མཚོན་དགོས། "བདག་སྐྱོང་ནུས་གོ་ཆོད་པ"དེ"དམངས་གཙོ་དོ་དམ"དང་བསྡུར་ནས། བདག་སྐྱོང་གི་རྩོལ་ཆོད་དང་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་རང་རྟོགས་ཀྱིས་ཞུགས་པའི་འབྲས་བུ་ནན་གྱིས་བཤད་དགོས། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ནི་དུས་རབས་གསར་པའི"གནས་ལྔ་གཞི་གཅིག"གི་སྤྱིའི་ཆགས་སྟངས་དེ་ཞིང་གསུམ་བྱ་བའི་ཁྲོད་དངོས་སུ་དོན་འཁྱོལ་བྱེད་རྒྱུ་དེ་ཡིན་ལ། རིམ་པ་སྔར་ལས་མཐོ་བའི་ངོས་ནས"ཞིང་གསུམ་ཕྱུགས་གསུམ"གྱི་རྩ་བའི་གནད་དོན་ཐག་གཅོད་བྱེད་འགོ་རྩོམ་དགོས།

        མཚོ་སྔོན་དུ་མཐོ་སྒང་ས་ཁུལ་དང་། ནུབ་རྒྱུད་ས་ཁུལ། རྗེས་ལུས་ས་ཁུལ། མི་རིགས་མང་བའི་ས་ཁུལ་བཅས་གཅིག་ཏུ་འདུས་ཡོད་པས། "ཞིང་གསུམ་ཕྱུག་གསུམ"གནད་དོན་དེ་ས་ཁུལ་གཞན་དང་བསྡུར་ན་སྔར་ལས་མངོན་གསལ་དོད་པོ་ཡིན། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་ཕྱིན་ཚད་ཀྱི་ཧེ་བག་གི་ངོས་ནས་བལྟས་ན། ནང་ལོག་ས་ཁུལ་ནི་གྲོང་ཁྱེར་དང་ཞིང་སྡེ་ཡི་རྒྱུ་གཉིས་སྒྲིག་གཞི་ཞིག་ཡིན་ལ། མཚོ་སྔོན་ནི་གྲོང་ཁྱེར་དང་། ཞིང་སྡེ། འབྲོག་ཁུལ་བཅས་ཀྱི་རྒྱུ་གསུམ་སྒྲིག་གཞི་ཞིག་ཡིན་པས། གྲོང་ཁྱེར་ཅན་དུ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་ལ་བསྡུར་ན། ཞིང་འབྲོག་ས་ཁུལ་དེ་གཞོང་སར་གྱུར་ཡོད་པས། ཞིང་སྡེ་དང་། འབྲོག་ཁུལ།  གྲོང་ཁྱེར་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཧ་ཅང་དགོས་གཏུག་ཆེ།  ཐོན་ལས་སྒྲིག་གཞིའི་ངོས་ནས་བལྟས་ན།  ཀ་ཆེན་ཐོན་ལས་ཚང་མ་ལྗིད་པའི་བཟོ་ལས་སུ་བསྒྱུར་འདུག་པས། ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྡུར་ན། ཞིང་འབྲོག་ལས་རིགས་དེའི་ཐེངས་གསུམ་པའི་ཐོན་ལས་ཁྲོད་ཀྱི་ཡང་ལྗིད་བསྡུར་ཚད་རྒྱུན་ཆད་མེད་པར་མར་ཆག་ནས། འཕེལ་རྒྱས་ཁྲོད་ཀྱི་མི་འདང་སའི་ཆར་གྱུར་འདུག་ཕྱིར།  ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་འཁོར་རྒྱུན་བཟང་པོ་དགོས་གཏུག་ཤིན་ཏུ་ཆེ།  ཡོང་འབབ་ཀྱི་ཚད་ནས་བལྟས་ན།  གྲོང་རྡལ་སྡོད་དམངས་དང་བསྡུར་བས་ཞིང་འབྲོག་ལས་རིགས་ཀྱི་ཡོང་འབབ་ཆུ་ཚད་འཕར་བ་ཅུང་དལ། ཞིང་འབྲོག་ལས་རིགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་ཅུང་ཟད་དལ་བ་དང་ཞིང་འབྲོག་ལས་རིགས་ཀྱི་ཡོང་འབབ་ཅུང་ཟད་དམན་པ་འདིས། "ཞིང་གསུམ་ཕྱུག་གསུམ"གནད་དོན་མངོན་གསལ་དོད་པོར་གྱུར་པར་མ་ཟད། "ཞིང་གསུམ་ཕྱུག་གསུམ"གྱི་རྨང་གཞིའི་ནུས་པ་ཡང་མར་ཆག་པར་གྱུར།

        ཞིང་སྡེ་དར་རྒྱས་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་གསོ་སྐྱོང་བྱེད་པ།  སྐྱེ་ཁམས་ཐོན་སྐྱེད་ཀྱི་འཚོ་བ་གཉིས་ཕན་དུ་འགྱུར་བའི་གནས་བབ་གསར་པ་ལེགས་སྒྲིག་བྱེད་པ། སྐྱེ་ཁམས་འཕྲོད་སྡོད་ཀྱི་ཁྱིམ་གཞི་གསར་པ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྲོལ་དཔལ་ཡོན་ལྡན་པའི་གནས་ཚུལ་གསར་པ་སྐྱེད་པ། ཞིང་སྡེ་བདག་སྐྱོང་གི་མ་ལག་གསར་པ་བཀོད་འཛུགས་བྱེད་པ། མཛེས་སྡུག་ཞིང་སྡེའི་ཡུལ་ལྗོངས་གསར་པ་གསར་བཟོ་བྱེད་པ་བཅས་ཀྱིས།མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་རིགས་ས་ཁུལ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆོས་ཉིད་ལྟར་མགྱོགས་མྱུར་ངང་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཐུབ། དེའི་ཕྱིར།  ཞིང་སྡེ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་གནད་དུ་འཛིན་པ་དང་། "ཞིང་གསུམ་ཕྱུག་གསུམ"གནད་དོན་ཐག་གཅོད་བཟང་པོར་བྱེད་རྒྱུ་ནི། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་གཏུག་ཆེ་བའི་ལས་འགན་ཞིག་ཡིན།

གསུམ།  ཐོན་ལས་དར་འཕེལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་རིགས་ས་ཁུལ་གོང་འཕེལ་དུ་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན།

        ཞིང་སྡེ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ཀྱི་ཡིག་འབྲུ་ཉི་ཤུ་པོ་དེའི་སྤྱིའི་བླང་བྱ་ནི་སྤྱི་ཡོངས་ཤིག་ཡིན་ལ། དེ་མཚུངས་སུ་ཚང་མར་གཙོ་གནས་རེ་ཡོད་ཅིང་གོ་གནས་ཀྱང་གཅིག་མཐུན་མིན། དེའི་ཁྲོད་ལས་ཐོན་ལས་དར་འཕེལ་ནི་ཞིང་སྡེ་དར་སྤེལ་དུ་གཏོང་བའི་གནད་ཆེ་ས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གནད་འཛིན་ས་དེ་ཡིན། ཐོན་ལས་དར་འཕེལ་མེད་ན་ཞིང་སྡེ་འཕེལ་རྒྱས་ལ་རྨང་གཞི་ཡོད་མི་སྲིད་པར་མགོ་ཁུངས་མེད་པའི་གཙང་པོ་དང་རྩ་བ་བྲལ་བའི་སྡོང་པོ་དང་འདྲ་ཞིང་། ཐོན་ལས་དར་འཕེལ་མེད་ཚེ་ཞིང་འབྲོག་ལས་རིགས་ཀྱི་དེང་རབས་ཅན་མེད་ལ། རྒྱལ་དམངས་དཔལ་འབྱོར་ཧྲིལ་པོའི་དེང་རབས་ཅན་ཡང་ཡོད་མི་སྲིད། དེང་རབས་ཅན་གྱི་ལོ་རྒྱུས་བརྒྱུད་རིམ་ངོས་ནས་བལྟས་ན།  གོམ་སྟབས་ཅུང་མགྱོགས་པའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་ཚང་མས་ཞིང་འབྲོག་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤིན་ཏུ་བརྩི་མཐོང་བྱེད་དེ། ཨ་རི་དང་། ཡོ་རོབ་མནའ་འབྲེལ། ཉི་ཧོང་བཅས་ཀྱང་དེ་འདྲ་ཡིན་ལ། དེང་རབས་ཅན་གྱི་ཉམས་མྱོང་གིས་ཞིང་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་ཡིན་པ་ར་སྤྲོད་བྱས་ཡོད།

        མཚོ་སྔོན་ལ་མཚོན་ནས་བཤད་ན།ཐོན་ལས་དར་འཕེལ་དུ་གཏོང་རྒྱུ་ནི་དེ་བས་ཀྱང་ཞིང་འབྲོག་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་མངོན་གསལ་ཆེ་བ་དེ"ཞིང་གསུམ་ཕྱུག་གསུམ"གྱི་ཆར་གནས་ཏེ། 2017ལོར། མཚོ་སྔོན་གྱི་ཐོན་སྐྱེད་སྤྱིའི་གྲངས་ཐང་སྒོར་མོ་དུང་ཕྱུར2642.80སྟེ། རྒྱལ་ཡོངས་ཀྱི་སྤྱིའི་ཐོན་ཐང་གི0.32%ཟིན་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་མོ་དུང་ཕྱུར238.41ཡིན་ལ། རྒྱལ་ཡོངས་ཀྱི་སྤྱིའི་ཐོན་ཐང་གི9.0%ཟིན་ཡོད། ལོ་མཇུག་གི་ཞིང་ཆེན་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི344.03ཡིན་ལ། སྤྱིའི་མི་གྲངས་ཀྱི58.84%ཟིན་ཡོད། ཡང་ན་གྲངས་ཕྱེད་ལས་བརྒལ་བའི་ཞིང་འབྲོག་ལས་རིགས་ཀྱི་མི་གྲངས་ཐོན་སྐྱེད་ཀྱི་ཐོན་ཐང་དེ་སྤྱིའི་འབོར་ཚད་ཀྱིས10%ཙམ་ལས་ཟིན་མེད་ཅེས་བརྗོད་ཆོག ཞིང་འབྲོག་ལས་རིགས་ཀྱི་འཕེལ་རྒྱས་རྗེས་སུ་ལུས་པའི་རྐྱེན་གྱིས།  གྲོང་གསེབ་སྡོད་དམངས་ཀྱི་བཀོད་སྒྲིག་ཡོང་འབབ་ཀྱི་བསྡུར་ཚད3.1ལ་ལྷུང་ཡོད་དེ། གཞི་གྲངས་འདི་དང་རང་རྒྱལ་གྱིས་གཏན་འཁེལ་བྱས་པའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཚད་གཞི2.8བར་ལ་ཧ་བག་ཆེན་པོ་ཡོད།

        ཧུར་བརྩོན་གྱིས་མཐོ་སྒང་གི་ཁྱད་ཆོད་ལྡན་པའི་དེང་རབས་ཞིང་ལས་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སྟེ། གོ་སླ་མོས་བཤད་ན། སྐྱེ་ཁམས་ཀྱི་ཆ་རྐྱེན་ལེགས་པའི་འོག་ཏུ་ཐོན་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། ཕན་འབྲས་མཐོ་བའི"གསུམ་མཐོ་ཞིང་འབྲོག་ལས་རིགས"བསྒྲུབ་རྒྱུ་དེ་ཡིན། དེ་ཡང་ལོ་དེའི་ཐོན་ཚད་དང་ལོ་དེའི་དཔལ་འབྱོར་གྱི་ཕན་འབྲས་ཁོ་ནར་མི་དམིགས་པར་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཀྱི་ཚད་མཐོའི་གཅིག་གྱུར་ཡོང་བར་དོན་གཉེར་བྱས་ཏེ། ཞིང་འབྲོག་ལས་རིགས་ཐོན་སྐྱེད་ཧྲིལ་པོ་དེ་རྒྱུན་སྲིང་འཕེལ་རྒྱས་ཀྱི་འཁོར་རྒྱུན་བཟང་པོའི་བགྲོད་ལམ་དུ་ཞུགས་དགོས། ཞིང་འབྲོག་ལས་རིགས་དེ་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་མདུན་སྐྱོད་བྱེད་པར་སྐུལ་འདེད་བྱས་ན། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་ལ་གོང་འཕེལ་ཆེན་པོ་འབྱུང་ཐུབ་ཅིང་། འཚོ་བ་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་གྱུར་ན། ཞིང་སྡེ་དང་འབྲོག་ཁུལ་ཡང་གཞི་ནས་ནམ་མཁའ་སྔོ་ལ་སྤྲིན་དཀར་རྒྱུ་བ་དང་། སྔོ་ལྗང་རི་ཀླུང་མཛེས་པ།  ཡུལ་སྲོལ་དཔལ་ཡོན་ལྡན་པ། བདག་སྐྱོང་ལ་ཕན་ནུས་ཆེ་ཞིང་གཞན་གྱིས་ཡིད་སྨོན་བྱེད་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་ཐུབ། དེའི་ཕྱིར། ཞིང་འབྲོག་ལས་རིགས་ཡར་རྒྱས་སུ་གཏོང་རྒྱུ་ནི་མཚོ་སྔོན་གྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཀྱི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།

བཞི། ཧུར་ཐག་གིས་ཞིང་འབྲོག་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་གཏོང་དགོས་ན་དེང་རབས་ཅན་གྱི་ལམ་དུ་བསྐྱོད་དགོས།

        ཞིང་སྡེ་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ན། ང་ཚོས་ཀྲུང་དབྱང་གི་བླང་བྱ་དང་ས་ཆ་དེ་གའི་དོན་དངོས་གཅིག་བསྡུས་བྱས་ནས། ཧུར་ཐག་གིས་ཞིང་འབྲོག་ས་ཁུལ་ལ་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཞིག་འཚོལ་ཞིབ་བྱེད་དགོས།

        གཅིག མ་ལག་འཛུགས་སྐྲུན་གསར་སྐྲུན་བྱས་ནས་ཞིང་འབྲོག་ལས་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།  ཞིང་འབྲོག་ལས་རིགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནི་ཐོན་སྐྱེད་ཀྱི་དེང་རབས་ཅན་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་ཐོན་ལས་མ་ལག་དེང་རབས་ཅན་དང་། ཐོན་སྐྱེད་མ་ལག་དེང་རབས་ཅན། ལས་གཉེར་མ་ལག་དེང་རབས་ཅན་ཏེ།  ཐོན་སྐྱེད་ནུས་ཤུགས་ནས་ཐོན་སྐྱེད་འབྲེལ་བའི་དེང་རབས་ཅན་དུ་བསྒྱུར་བ་དེ་ཡིན། མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་ཆགས་ཤིང་ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ཆ་རྐྱེན་ཧ་ཅང་དཀའ་སྡུག་ཆེ་སྟེ། ལོ་ངོ་ཁྲི་སྟོང་མང་པོའི་རིང་ཡུལ་འདིའི་ཞིང་འབྲོག་མང་ཚོགས་ཀྱིས་རང་བྱུང་འཆམ་མཐུན་དང་མཉམ་དུ་གནས་པའི་འཚོ་བ་དང་འཚོ་བ་རོལ་སྟངས་མང་པོ་ཞིག་འཚོལ་ཞིབ་བྱས་ཡོད། ད་ལྟའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཐོན་སྐྱེད་འདི་དག་གི་འཚོ་བ་རོལ་སྟངས་རྩ་བ་ནས་འདོར་རྒྱུ་དེ་མ་ཡིན་པར། ཚན་རིག་དང་མཐུན་པའི་སྤྱོད་འཐུས་པའི་རྩ་དོན་ལྟར་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་དང་། མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་མ་ལག   ཐོན་སྐྱེད་མ་ལག ལས་གཉེར་མ་ལག་བཅས་ཆགས་པར་གསར་སྐྲུན་བྱས་ཏེ། ཞིང་འབྲོག་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

        གཉིས། ཞིང་འབྲོག་ལས་རིགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་ཞིང་འབྲོག་ལས་རིགས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། རྨང་གཞི་ཡིད་ལ་བརྟན་པོར་མ་བཅངས་ན་དེང་རབས་ཞིང་འབྲོག་ལས་རིགས་ཀྱང་འཕེལ་རྒྱས་སུ་གཏོང་མི་ཐུབ་པས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དང་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་ལེགས་པར་འཛུགས་དགོས་ན། ཆེས་རྨང་གཞིར་གྱུར་པའི་རྨོ་ཞིང་དང་། རྩྭ་ས། སོན་སྲུང་། སོན་གསོ། འཕྲུལ་ཆས་ཅན།  མི་ཤུགས་སོགས་ཐོན་སྐྱེད་རྒྱུ་རྐྱེན་གྱི་དེང་རབས་ཅན་ནས་མགོ་བརྩམས་ཏེ། ནན་ནན་ཏིག་ཏིག་གིས་རང་སའི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ལ་འཚམ་པའི་ཚན་རིག་གི་འདུ་ཤེས་དང་དེང་རབས་ཚན་རིག་ལག་རྩལ་གཉིས་ཐོན་སྐྱེད་ཀྱི་གནད་ཆེའི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱེད་དགོས། ཁྱོན་ཡོངས་ནས་ཞིང་འབྲོག་ལས་རིགས་ཀྱི་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་གོང་དུ་སྤེལ་བ་དང་། ཁྱོན་ཡོངས་ནས་ཞིང་འབྲོག་ལས་རིགས་ཐོན་སྐྱེད་ཀྱི་གསར་སྐྲུན་གྱི་ནུས་ཤུགས་དང་། འགྲན་རྩོད་ཀྱི་ནུས་ཤུགས། གནད་ཆེའི་རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ཀྱི་ལས་ཆོད་བཅས་གོང་དུ་སྤེལ་བ། ཁྱོན་ཡོངས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེན་བསྐྱར་མ་དང་ཁྱབ་ཁོངས་རྒྱ་སྐྱེད་པའི་ཐོན་སྐྱེད་བསྐྱར་མའི་ནུས་པ་གོང་དུ་སྤེལ་བ། ཧུར་ཐག་གིས་ཞིང་འབྲོག་ལས་རིགས་ཐོན་སྐྱེད་ཀྱི་རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་ཞིང་ལས་ཆུང་བའི་དཔལ་འབྱོར་ནས་ཐོན་སྐྱེད་ཆེན་པོར་འགྱུར་བར་སྐུལ་འདེད་གཏོང་བ།

        གསུམ། སྤུས་ཚད་ལྡན་པའི་ཞིང་འབྲོག་འཕེལ་རྒྱས་གནད་དུ་བཟུང་སྟེ་ཞིང་འབྲོག་ལས་རིགས་ཐོན་རྫས་ཀྱི་འགྲན་རྩོད་ནུས་ཤུགས་གོང་དུ་སྤེལ་བ། ཉེ་བའི་ལོ་འགར། མཚོ་སྔོན་གྱི་ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ཆུ་ཚད་ལ་རིམ་བརྒལ་ལྟ་བུའི་འཕེལ་རྒྱས་བྱུང་མོད། འོན་ཀྱང་། མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་འདུན་དང་བསྡུར་ན། ཞིང་འབྲོག་ལས་རིགས་ཀྱི་ཐོན་རྫས་མཁོ་སྤྲོད་བྱས་པ་དོ་མཉམ་མིན་པ་དང་འདང་ངེས་མིན་པའི་གནད་དོན་དེ་ཧ་ཅང་མངོན་གསལ་ཆེ།  འདོན་སྤྲོད་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་བསྒྱུར་གཏོང་བ་གཙོ་གནད་དུ་བཟུང་སྟེ་ཞིང་འབྲོག་ལས་རིགས་དེ་ཐོན་སྤེལ་ནས་ཐོན་རྫས་ཀྱི་སྤུས་ཀར་འགྱུར་བར་ཁ་ཕྱོགས་སྟོན་པར་སྐུལ་འདེད་བཏང་སྟེ།"མ་དངུལ་དུང་ཕྱུར་བརྒྱ"ཡི་ཐོན་ལས་འཛུགས་སྐྲུན་དང"ཁུལ་གསུམ་རྒྱུད་གཅིག"ཆགས་སྟངས་ཀྱི་རྨང་གཞིའི་སྟེང་ཧུར་ཐག་གིས་མཚོ་བོད་མཐོ་སྒང་གི་གནོད་མེད་དང་སྐྱེ་ལྡན་ཞིང་འབྲོག་ལས་རིགས་ཐོན་རྫས་ཀྱི་ཚོང་རྟགས་གསོ་སྐྱོང་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ས་བབ་མཚོན་རྟགས་ཅན་གྱི་ཞིང་འབྲོག་ལས་རིགས་ཀྱི་ཐོན་རྫས་སྲུང་སྐྱོང་བྱེད་པ།  ཞིང་འབྲོག་ལས་རིགས་ཀྱི་གཏོང་རྫས་དང་ཞིང་འབྲོག་ལས་རིགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཤུགས་སྣོན་བྱས་ནས་མ་ལག་འཛུགས་སྐྲུན་གྱི་ཁུངས་འདེད་པ།  ཞིང་འབྲོག་དུད་ཁྱིམ་དང་ཚོང་ར་ཆེན་མོ་གཉིས་ཀྱི་ཕན་ཚུན་འབྲལ་ཐབས་མེད་པའི་མཐུད་འབྲེལ་ལ་སྐུལ་འདེད་གཏོང་བ།

        བཞི། ཞིང་འབྲོག་ལས་རིགས་ཀྱི"གཉིས་མཐུད་སྦྲེལ་གསུམ"ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་གོང་དུ་སྤེལ་དགོས། "གཉིས་མཐུད་སྦྲེལ་གསུམ"ཞེས་པ་ནི་དེང་རབས་ཞིང་འབྲོག་ལས་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན། ཞིང་འབྲོག་མང་ཚོགས་འདེབས་འཛུགས་དང་། གསོ་སྤེལ། སྐྱེ་ཁམས་ལྟ་སྐྱོང་རྐྱང་པ་ནས་སྐྱེ་ཁམས་ཐོན་སྐྱེད་ཀྱི་འཚོ་བའི་འཁོར་རྒྱུན་བཟང་པོ་རུ་འགྱུར་བ་མངོན་འགྱུར་བྱེད་དགོས་ན། ཞིང་འབྲོག་ལས་རིགས"གཉིས་མཐུད་སྦྲེལ་གསུམ"དུ་འཕེལ་རྒྱས་བཏང་སྟེ། ཐོན་ལས་ཀྱི་གནད་འགག་ཐུག་ས་རིང་དུ་གཏོང་བ་དང་། རིན་ཐང་གི་གནད་འགག་ཐུག་ས་གོང་དུ་སྤེལ་བ། ཁེ་ཕན་གྱི་གནད་འགག་ཐུག་ས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གཙང་གསུམ་མཁོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་། ཞིང་དུད་སྤྲོ་སྐྱིད་གླིང་། འབྲོག་ཁྱིམ་སྤྲོ་སྐྱིད་གླིང་བཅས་རྨང་གཞིར་བཟུང་སྟེ། ཞིང་འབྲོག་ལས་རིགས་དང་ཞིང་སྡེའི་དལ་ཁོམ་ཡུལ་སྐོར་ལེགས་རྫས་ཀྱི་བྱ་བ་ལག་བསྟར་བྱས་ནས། ཞིང་འབྲོག་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་བྱས་པའི་ཕན་འབྲས་དང་། ཞིང་འབྲོག་ས་ཁུལ་གྱི་གནོད་མེད་གོང་འཕེལ། ཞིང་འབྲོག་མང་ཚོགས་ཀྱི་ལས་བརྩོན་ཡོང་འཕར་བཅས་མངོན་འགྱུར་བྱས་ནས། ཞིང་དུད་འབྲོག་ཁྱིམ་ཆུང་བ་དང་དེང་རབས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་དུ་གཏོང་བ་གཉིས་ཀྱི་ཁ་འབྲལ་ཐབས་མེད་པའི་མཐུད་སྦྲེལ་སྐུལ་འདེད་གཏོང་དགོས།

        མདོར་ན།  ཞིང་ལས་ཞིང་སྡེ་ཞིང་པ་གསུམ་གྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་ལ་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན། ཞིང་སྡེ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བཀོད་སྒྲིག་བྱས་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཏེ། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱ་དགོས་ན། ངེས་པར་དུ་ཞིང་ཆེན་གྱི་ཕྱོགས་བསྡུས་གནས་བབ་དང་ཟུང་འབྲེལ་བྱེད་པ་དང་། ཧུར་ཐག་གིས་ཞིང་འབྲོག་ལས་རིགས་ས་ཁུལ་གྱི་ཐོན་ལས་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་ཞིག་འཚོལ་དགོས་ལ། "ཞིང་གསུམ་ཕྱུགས་གསུམ"གྱི་གནད་དོན་ཐག་གཅོད་ལེགས་པོར་བྱས་ན། དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་བོ།།     བསམ་གྲུབ་ཀྱིས་བསྒྱུར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1