ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དམངས་འཚོའི་ལྷང་ངེ་ས་བརྒྱད་བཏོན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དམངས་འཚོའི་ལྷང་ངེ་ས་བརྒྱད་བཏོན།

 

གཅིག  གནད་ཁེལ་དབུལ་སྐྱོར་གྱི་འགག་སྒྲོལ་གཡུལ་སར་རྒྱལ་ཁ་ལེན་དགོས།

 

        འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་དགོས་ན།དབུལ་ཐར་འགག་སྒྲོལ་ནི་གཞི་རྩའི་ལས་འགན་ཡིན་ལ། མཚོན་རྟགས་རང་བཞིན་གྱི་དམིགས་འབེན་ཡང་ཡིན།

        ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་བསྟན་དོན། གནད་ཁེལ་དབུལ་ཐར་གྱི་འགག་སྒྲོལ་གཡུལ་སར་རྒྱལ་ཁ་ལེན་དགོས་ན། ད་སྤྱོད་ཀྱི་ཚད་གཞིའི་ནང་གི་དབུལ་ཐར་སྤུས་ཀར་ཁག་ཐེག་བྱས་ཏེ། ཚད་གཞི་ཇེ་དམའ་རུ་གཏོང་མི་ཆོག་ལ། རེ་བ་ཇེ་ཆེར་ཡང་གཏོང་མི་ཆོགདམིགས་བསལ་དབུལ་ཕོངས་མང་ཚོགས་ལ་དམིགས་ནས་གནད་ཁེལ་དབུལ་སྐྱོར་དང་། དབུལ་ནག་ས་ཁུལ་ལ་ཤུགས་འདོན་པ་དང་། དབུལ་ཕོངས་མི་གྲངས་རང་གི་ནང་སྐྱེ་སྒུལ་ཤུགས་སློང་ཞིང་། དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་དགོས།

        2016ལོའི་ལོ་མཇུག་བར།  རང་རྒྱལ་གྱི་ཞིང་སྡེར་དབུལ་ཕོངས་མི་གྲངས་ད་དུང་ཁྲི4300ལྷག་ཡོད། ད་ཡོད་ཀྱི་དབུལ་ཕོངས་མང་ཆེ་བ་ནི་དབུལ་ཕོངས་ནང་གི་དབུལ་ཕོངས་ཆེ་བ་དང་དཀའ་ངལ་ནང་གི་དཀའ་ངལ་ཆེ་བ་ཡིན་པས། དབུལ་ཐར་འགག་སྒྲོལ་རྗེས་སུ་ཅི་ཙམ་ལུས་ན་མ་གནས་དེ་ཙམ་མཐོ་བ་དང་། དཀའ་ཁག་དེ་ཙམ་ཆེ་ལ། ཐག་གཅོད་དཀའ་བའི་གནད་དོན་སྔར་ལས་མང་པོ་འབྱུང་ངེས།

        ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གོའི་དབུལ་ཕོངས་ཞིབ་འཇུག་གླིང་གི་ཡོན་ཀྲང་ཝང་སན་ཀོས་ཀྱིས་བསྟན་དོན།  མིག་སྔར་དབུལ་ཐར་འགག་སྒྲོལ་ལེགས་སྒྲུབ་བྱེད་པའི་གནད་ཆེ་ས་ནི་ཚད་གཞི་ཚོད་འཛིན་བཟང་པོ་བྱས་ཏེ། སྔར་ལས་དམིགས་བསལ་རང་བཞིན་ཡོད་དགོས།  ཚད་གཞི་ཇེ་དམའ་རུ་གཏོང་མི་ཆོག་ལ།  ལེ་ལོ་ཡང་ཡོད་མི་ཉན། དབུལ་སྐྱོར་སྲིད་ཇུས་རྒྱུན་ལྡན་ཅན་ཡོང་བ་དང་། དབུལ་ཐར་སྤུས་ཀ་ཁག་ཐེག་བྱེད་དགོས།  ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་ལས་གཞན། ད་དུང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ།  རང་སྟེང་གི་ནང་སྐྱེ་སྒུལ་ཤུགས་ལ་བརྟེན་ནས་དབུལ་ཐར་བྱེད་དགོས།

 

གཉིས། ནམ་མཁའ་གཡའ་དག་པ་སྲུང་སྐྱོབ་ཀྱི་གཡུལ་སར་རྒྱལ་ཁ་ལེན་དགོས།

 

        ཀྲུང་དབྱང་གི་བྱ་བའི་གྲོས་ཚོགས་སྟེང་བླང་བྱ་བཏོན་དོན། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ཁྲོད་རྒྱལ་ཁ་བླངས་ནས། སྦགས་བཙོག་དངོས་རྫས་ཕུད་གཏོང་གི་སྤྱི་གྲངས་ཉུང་འཕྲི་ཆེན་པོ་བྱེད་པ་དང་།  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་སྤྱི་ཁོག་ནས་ལེགས་སྒྱུར་བྱེད་དགོས།  ནམ་མཁའ་གཡའ་དག་པ་སྲུང་སྐྱོབ་གཙོ་གནད་དུ་འཛིན་པའི་གཡུལ་སར་རྒྱལ་ཁ་ལེན་དགོས།

        རྒྱལ་ཁབ་གྲོང་ཁྱེར་ཁོར་ཡུག་སྦགས་བཙོག་ཚོད་འཛིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཕིན་དབྱིན་ཏིན་གྱིས་བསྟན་དོན། ལོ་ལྔའི་ནང་རང་རྒྱལ་གྱིས་རླུང་ཁམས་ཆེན་པོའི་སྤུས་ཀ་ལེགས་སྒྱུར་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། མཁའ་དབུགས་ཀྱི་སྤུས་ཀ་རྒྱུན་མཐུད་དུ་ལེགས་སྒྱུར་བྱས་དང་བྱེད་བཞིན་འདུག  ཡིན་ཡང་སྤྱི་ཁོག་ནས་བལྟས་ན།  རང་རྒྱལ་གྱི་རླུང་ཁམས་ཆེན་པོའི་སྤུས་ཀ་དེ་མང་ཚོགས་ཀྱི་རེ་བ་ལས་ད་དུང་བར་ཁྱད་ངེས་ཅན་ཞིག་ཡོད་པ་དང་།  གནད་ཆེའི་ས་ཁུལ་དང་གནད་ཆེའི་དུས་རིམ་ནང་སྦགས་བཙོག་གནད་དོན་ད་དུང་རྩ་བ་ནས་ཐག་བཅད་མེད།

        ཁོས་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་ཐོན་ལས་སྒྲིག་སྟངས་ལེགས་སྒྲིག་དང་རྗེས་ལུས་ཐོན་ནུས་ཕྱིར་འཕུད་དགོས།  ནུས་ཁོངས་སྒྲིག་སྟངས་ལེགས་སྒྲིག་བྱས་ནས། ནུས་བསྲིའི་ཤུགས་ཚད་དང་དཔྱད་ཞིབ་ཇེ་ཆེར་གཏོང་དགོས།  སྐྱེལ་འདྲེན་སྒྲིག་སྟངས་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།  བཀོད་སྒྲིག་དེས་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་བཅོས་སྐྱོང་གི་ཆོད་སེམས་གང་ལེགས་པོས་མཚོན་འདུག "སྒྲིག་སྟངས་ཆེན་པོ་གསུམ་ལེགས་སྒྲིག་བྱེད་པ་དེ་དུས་ཡུན་ཐུང་ངུའི་ནང་འགྲུབ་ཐུབ་པ་ཞིག་མིན་པས། རླུང་ཁམས་ཆེན་པོའི་སྦགས་བཙོག་བཅོས་སྐྱོང་གི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་དགོས།  ཚན་རིག་དང་མཐུན་པ་དང་ཚད་མཐུན་གྱི་དམིགས་འབེན་དང་། དུས་ཚོད་རེའུ་མིག་ཅིག་གཏན་འབེབས་བྱས་ནས། སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་སྦགས་བཙོག་བཅོས་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་ཆགས་སུ་འཇུག་དགོས། "

 

གསུམ། བྱིས་པ་སྙོར་སྐྱོང་དང་བྱིས་པའི་དུས་སྔ་མའི་སློབ་གསོ་ཞབས་ཞུ་ལེགས་སྒྲུབ་བྱེད་དགོས།

 

        ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོས་སྟེང་བཏོན་དོན། སློབ་གྲྭ་འབྲིང་ཆུང་གི་སློབ་གསེང་ཁུར་པོ་ལྕི་བ་དང་། "སློབ་གྲྭ་འདེམ་པ། ""འཛིན་གྲྭ་ཆེན་པོ"སོགས་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་པ་དང་། བྱིས་པ་སྙོར་སྐྱོང་དང་བྱིས་པའི་དུས་སྔ་མའི་སློབ་གསོ་ཞབས་ཞུ་ལེགས་སྒྲུབ་བྱེད་དགོས།

སློབ་གསོ་པུའུ་ཡི་གྲངས་ཀ་ལྟར་ན། 2016ལོའི་ལོ་མཇུག་བར། རང་རྒྱལ་སློབ་ཆུང་གི་སློབ་ཞུགས་ཚད་ནི99.9%ཡིན་པ་དང་། སློབ་ན་མ་སོན་སྔོན་གྱི་ལོ་གསུམ་གྱི་བྱིས་སྙོར་ཁང་གི་ཞུགས་ཚད་ནི77.4%ཡིན།

        "རང་རྒྱལ་གྱི་སློབ་གསོ་འཕེལ་རྒྱས་ལ་ད་དུང་དོ་མི་མཉམ་པ་དང་། འཐུས་ཚང་མིན་པའི་གནད་དོན་ཡོད་པ་ངོས་འཛིན་གང་ལེགས་བྱེད་དགོས"ཞེས་ཀྲའེ་ཅང་དགེ་ཐོན་སློབ་ཆེན་བྱིས་པའི་སྤྱི་སྤྱོད་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་དགེ་རྒན་ཆེན་མོ་ལུའི་ཕེན་གྱིས་བལྟས་ན།  རྒྱལ་ཁབ་ཀྱིས"བྱིས་པར་སློབ་གསོ་ཡོད་དགོས་པ"བཏོན་མོད་ཀྱང་།  མིག་སྔར་རང་རྒྱལ་གྱི་བྱིས་སྙོར་ཚོང་རར"འཚར་སྐྱེ་ཞན་པ"ཡི་གནད་དོན་ཡོད་པས། བྱིས་པ་སྙོར་སྐྱོང་དང་སློབ་ན་མ་སོན་སྔོན་གྱི་སློབ་གསོ་ཚད་ལྡན་དུ་གཏོང་དགོས་པ་དང་། ལས་རིགས་ཀྱིས་སྣེ་ཁྲིད་དང་ཁྲིམས་ལུགས་ཐོག་མར་འཛུགས་དགོས་པར་སྙམ།

 

བཞི། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་གནད་དོན་ཐག་གཅོད་དགོས།

 

        ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་པར་དོ་སྣང་བྱས་ནས། ཕོ་མོའི་ཁྱད་པར་དང་ཐོབ་ཐང་ཁྱད་པར་གྱི་གནད་དོན་ཐག་གཅོད་དགོས་ཞེས་བཏོན།

        ཀྲུང་གོའི་ལས་ཞུགས་སྐུལ་སྤེལ་ཚོགས་པའི་ཆེད་མཁས་པ་ཁྲིན་ཡུས་ཀྱིས་བཤད་རྒྱུར། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་འབུར་དུ་ཐོན་པ་དེས་མཐོ་རིམ་དང་རྩལ་ནུས་འཇོན་མི་དཀོན་པའི་དུས་མཉམ་དུ་ཡུལ་དངོས་དང་པོའི་ལས་བཟོ་པ་སྡུད་དཀའ་བ་དང་། ལོ་ཆེ་ཡང་རྩལ་ནུས་མེད་པའི་ངལ་རྩོལ་པ་དང་སློབ་ཆེན་ཁ་ཤས་ཀྱི་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་དཀའ་བ། ཕོ་མོའི་ཁྱད་པར་དང་ཐོབ་ཐང་ཁྱད་པར་གྱི་གནས་ཚུལ་ཡང་སྣང་མེད་དུ་འཇོག་མི་རུང་།

        མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲིན་ཏུང་ལེང་གིས་བལྟས་ན། ལས་ཞུགས་གཟིགས་སྐྱོང་གི་འཐབ་ཇུས་དང་། སྔར་ལས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་ཏུ་བསྟར་ན། སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ལ་སྐུལ་འདེད་དང་། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཤུགས་ཆེན་པོས་ཐག་གཅོད་པ་དང་།  ལས་ཤོར་ཉེན་ཁར་ནུས་ལྡན་དུ་ཁ་གཏད་དེ། སྔར་བས་འཐུས་ཚང་དང་སྔར་བས་སྤུས་ཀ་ཡོད་པའི་ལས་ཞུགས་མངོན་འགྱུར་བྱེད་དགོས།

 

ལྔ། རྒན་གསོའི་ཉེན་འགོག་དེ་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་ཇེ་མགྱོགས་སུ་གཏོང་དགོས།

 

        ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་བསྟན་དོན། གཞི་རྩའི་རྒན་གསོའི་ཉེན་འགོག་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་ནས།  རྒན་གསོའི་ཉེན་འགོག་དེ་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་ཇེ་མགྱོགས་སུ་གཏོང་དགོས།

        2016ལོར། རང་རྒྱལ་གྱི་ལོ་ཧྲིལ་པོའི་གཞི་རྩའི་རྒན་གསོ་ཉེན་འགོག་ཐེབས་རྩའི་ཡོང་སྒོ་ནི་སྒོར་དུང་ཕྱུར37991ཡིན་པས། སྔོན་ལོ་ལས18%འཕར་བ་དང་།  ལོ་ཧྲིལ་པོར་གཞི་རྩའི་རྒན་གསོའི་ཉེན་འགོག་ཐེབས་རྩ་སྒོར་དུང་ཕྱུར34004བཏང་བས།  སྔོན་ལོ་ལས21.8%འཕར། ལོ་འདི་འགར་མི་གྲངས་རྒན་འགྱུར་དང་བྱེས་འགྲོ་རང་བཞིན་ཇེ་དྲག་ཏུ་གྱུར་པས། རྒན་གསོའི་དངུལ་གྱི་ས་ཁོངས་དོ་མི་མཉམ་པ་དང་། ས་ཁུལ་ཁ་ཤས་ཀྱི་འགྲོ་སྒོ་དེ་ཡོང་སྒོ་ལས་ཆེ་བའི་གནད་དོན་འབུར་དུ་ཐོན་འདུག

        ཀྲུང་དབྱང་ནོར་སྲིད་སློབ་ཆེན་སྤྱི་ཚོགས་འགན་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲུའུ་ཧྥུའུ་ལིན་གྱིས་བསྟན་དོན།  རྒན་གསོའི་འགན་སྲུང་དེ་རྒྱལ་ཡོངས་སུ་གཅིག་གྱུར་བྱས་ན།  རྒྱལ་ཡོངས་ཀྱི་ཁོངས་སུ་ལྷག་ཆད་སྙོམས་སྒྲིག་དང་ཉེན་ཁ་སེལ་ཐུབ་པས། རྒན་གསོའི་ཐེབས་རྩའི་བདེ་འཇགས་ཁག་ཐེག་བྱེད་པར་ཕན་པ་དང་། རང་རྒྱལ་གྱི་གཞི་རྩའི་རྒན་གསོའི་ཉེན་འགོག་ལམ་ལུགས་རྒྱུན་མཐུད་ཡོང་བ་ཇེ་དྲག་ཏུ་གཏོང་ཐུབ་པར་མ་ཟད། ད་དུང་ས་ཁོངས་བར་གྱི་ཁེ་ལས་དང་མི་སྒེར་གྱི་ཁུར་པོ་དོ་སྙོམས་དང་། ནོར་སྲིད་མཐིལ་རྟོལ་འགན་སྲུང་གི་ཉེན་ཁ་སེལ་བ་དང་། སྔར་ལས་དྲང་གཞག་གི་ཚོང་རའི་འགྲན་རྩོད་ཁོར་ཡུག་ཅིག་ཆགས་པར་ཕན་པ་ཡོད།

 

དྲུག སྤྱི་ཚོགས་མ་དངུལ་རྒན་གསོ་ཁང་དང་སྨན་བཅོས་ཁྱབ་ཁོངས་སུ་གཏོང་བར་སྐུལ་འདེད་བྱེད་དགོས།

 

        དམངས་ཡོངས་ཀྱི་བདེ་ཐང་མེད་ན། ཁྱོན་ཡོངས་ཀྱི་འབྱོར་འབྲིང་མེད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་བསྟན་དོན།  མུ་མཐུད་དུ"ནད་བརྟག་དཀའ་བ་དང་སྨན་རིན་མཐོ་བ"ཡི་གནད་དོན་ཐག་གཅོད་བཟང་པོ་བྱས་ནས། སྤྱི་ཚོགས་མ་དངུལ་རྒན་གསོ་དང་སྨན་བཅོས་ཁྱབ་ཁོངས་སུ་གཏོང་བར་སྐུལ་སློང་བྱེད་དགོས།

        རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་སྡོམ་རྩིས་ལས་མཚོན་པ་ལྟར་ན།  2017ལོའི་དུས་ཚིགས་དང་པོར།  རང་རྒྱལ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟིན་ཚད93.4%ལ་སླེབས་ལ།  སྨན་བཅོས་ཐོབ་པའི་མི་གྲངས་ཀྱིས་སྤྱིའི་སྨན་བཅོས་མི་གྲངས་ཀྱི53%ཙམ་ལས་ཟིན་མེད།

བདེ་འཇགས་ཁྱིམ་ཚང་ཁྲིའི་སྨན་བཅོས་ཀྱི་ལས་འཛིན་མགོ་གཙོ་ཧྥན་ཧྲའོ་ཧྥེས་བསྟན་དོན། སྤྱི་ཚོགས་མ་དངུལ་གྱི་ནུས་པ་འདོན་སྤེལ་བྱས་ནས། གཞི་རིམ་གྱི་སྨན་བཅོས་ཁང་གི་ཚད་གཞི་ཅན་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་ནི་སྨན་བཅོས་དང་རྒན་གསོའི་ཐོན་ཁུངས་དོ་མི་སྙོམས་པ་དང་འཐུས་ཚང་མིན་པའི་གཞི་རིམ་སྨན་བཅོས་ཞབས་ཞུ་ནུས་ཤུགས་ལ་ལན་འཇལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རིམ་པ་བགོས་ནས་སྨན་བཅོས་ལ་སྐུལ་འདེད་དང་། གཞི་རིམ་གྱི་སྨན་བཅོས་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས་ན། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱེལ་བ་དང་། སྨན་ཁང་ཆེན་པོའི་གནོད་ཤུགས་ཇེ་ཡང་དུ་བཏང་ནས། "ནད་བརྟག་དཀའ་བའི"གནད་དོན་དངོས་གནས་ཐག་གཅོད་དགོས།

 

བདུན།  དྲ་ཐོག་གི་ཁ་བསླུས་རྒྱག་པ་དང་མི་སྒེར་གྱི་ཆ་འཕྲིན་ལྐོག་ཚོང་ལ་རྡུང་རྡེག་བྱེད་དགོས།

 

        ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་བསྟན་དོན། ཆ་འཕྲིན་རྫུན་མའི་ཁ་བསླུས་རྒྱག་པ་དང་མི་སྒེར་གྱི་ཆ་འཕྲིན་ལྐོག་ཚོང་སོགས་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་དགོས།

ཉེ་བའི་ལོར་དྲ་ཐོག་གི་ཆ་འཕྲིན་རྫུན་མས་ཁ་བསླུས་བརྒྱབ་པའི་དོན་རྐྱེན་མང་པོ་བྱུང་བས། དོ་སྣང་རྒྱ་ཆེན་པོ་ཐོབ།  དྲ་ཐོག་གི་ཁ་བསླུས་རྒྱག་པ་དར་ཆེ་བ་ནི་མི་སྒེར་གྱི་ཆ་འཕྲིན་གང་འདོད་དུ་བཙོངས་པའི་རྐྱེན་ཡིན། མི་སྒེར་གྱི་ཆ་འཕྲིན་ལྐོག་ཚོང་ནང་ཡིག་འཕྲིན་ཆ་འཕྲིན་དང་ཐོང་ཐང་ཆ་འཕྲིན། འཛད་སྤྱོད་ཆ་འཕྲིན་བཅས་ཧ་ཅང་མང་།

པེ་ཅིན་སློབ་ཆེན་གྱི་འགྲན་རྩོད་བཅའ་ཁྲིམས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཞའོ་ཅང་ཕེན་གྱིས་གྲོས་གཞི་བཏོན་དོན། སྤྱི་དམངས་ཀྱི་ཆ་འཕྲིན་སྡུད་ལེན་དང་བདེ་འཇགས་ཀྱིས་གསོག་འཇོག་མི་བཟང་བའི་ཁེ་ལས་ཀྱི་འགན་འཁྲི་རྩད་ཞིབ་བྱས་ཏེ། ཁྲིམས་འགལ་ངང་མི་སྒེར་གྱི་ཆ་འཕྲིན་ལྐོག་ལེན་དང་ལྐོག་ཚོང་གི་བྱ་སྤྱོད་ལ་ཆད་པ་ལྕི་མོ་གཅོད་དགོས། དུས་མཉམ་དུ་མང་ཚོགས་ལ་ཡིད་ཆེས་ཡོད་པའི་དྲ་བའི་ཁྱབ་སྤེལ་ཐབས་ལམ་འཛུགས་དགོས།

 

བརྒྱད། ས་ཁང་བདག་ཁོངས་ཚོང་རའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

 

        ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་བསྟན་དོན། གཙོ་གཞི་མང་བའི་འདོན་སྤྲོད་དང་ཐབས་ལམ་མང་བའི་ཁག་ཐེག  གླས་གཏོང་དང་ཉོ་སྒྲུབ་མཉམ་སྤྱོད་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་གྱིས་འཛུགས་དགོས། གྲོས་ཚོགས་སྟེང་སྡོད་ཁང་གླས་གཏོང་ཚོང་ར་སྟེ་སྒོས་སུ་ཡུན་རིང་གི་གླས་གཏོང་གོང་དུ་སྤེལ་ནས། ས་ཁང་བདག་ཁོངས་བདེ་བླག་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

        ཆིག་ཧྭ་སློབ་ཆེན་གྱི་ས་ཁང་བདག་ཁོངས་ཞིབ་འཇུག་ཁང་གི་གཙོ་བདག་ལིའུ་ཧུང་ཡུས་ཀྱིས་བཤད་དོན།  རང་རྒྱལ་གྱི་སྡོད་ཁང་ལམ་ལུགས་བསྐྱར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་། ས་ཁང་བདག་ཁོངས་སྙོམས་སྒྲིག་གི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་ནི་མི་དམངས་ཡོངས་ལ"རང་ལ་སྡོད་ཁང་ཡོད་པ"དང་ས་ཁང་བདག་ཁོངས་ཚོང་ར་ཡུན་རིང་བདེ་འཇགས་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བའི་རྩ་བའི་བྱེད་ཐབས་ཤིག་ཡིན།  གྲོས་ཚོགས་སྟེང་གླས་གཏོང་དང་ཉོ་སྒྲུབ་མཉམ་སྤྱོད་ཀྱི་སྡོད་ཁང་ལམ་ལུགས་འཛུགས་རྒྱུ་གསལ་པོར་བཏོན་པས།  སྡོད་ཁང་གླས་གཏོང་ཚོང་རས"རང་ལ་སྡོད་ཁང་ཡོད་པ"ཡི་ཕྱོགས་སུ་ནུས་པ་སྔར་བས་གལ་ཆེན་འདོན་ཐུབ།།

 

རྩེ་ཁོག་རྫོང་བོན་བརྒྱ་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭ  རྡོ་བྷ་ཚེ་རིང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1