༄༅།། རྩོམ་རིག་གི་སྒྲའི་སྙན་ཆའི་སྡེབ་སྦྱོར་སྐོར་ཅུང་གླེང་བ།

སྨད་པའི་དཀོན་མཆོག་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 01-07


 སྨད་པའི་དཀོན་མཆོག་སྐྱབས།
          རྩོམ་རིག་གི་སྐད་ཆ་ནི་སྐད་ཆའི་སྒྱུ་རྩལ་གྱི་ཚད་མཐོ་ཤོས་ཡིན་ཕྱིར། དོན་ཉམས་ལས་གཞན་སྒྲའི་སྙན་ཆ་རྒྱ་མཚོའི་རླབས་ཕྲེང་ལྟ་བུ་ཞིག་ངེས་པར་དགོས། སྒྲ་རླབས་མེད་ན་དབྱངས་འགྲོས་མེད་ལ། དབྱངས་འགྲོས་མེད་ན་སྙན་ཆ་མེད་པས། སྙན་ཆའི་བྲོ་བས་སྟོངས་པའི་རྩོམ་རིག་ནི་རྩོམ་རིག་ལེགས་པོ་མིན། སྙན་ཆ་བཤད་ན་སྡེབ་སྦྱོར་བཤད་དགོས་ཤིང་། སྡེབ་སྦྱོར་བྱ་བ་སྐད་ཆའི་ནང་འདུས་ན་སྐད་ཆའི་བརྡ་སྤྲོད་ཆོས་ཉིད་ལ་བརྟེན་ནས་སྡེབ་སྦྱོར་བཤད་དགོས། སྒྲ་རིག་པའི་བྱེ་བྲག་སྡེབ་སྦྱོར་རིག་པ་ནི་ཚོགས་གསུམ་གོང་འོག་སྔ་ཕྱི་མཐའ་དབུས་ཕན་ཚུན་གཅིག་ལ་གཅིག་བརྟེན་བསྣོལ་བསྡེབས་ལྷུ་འགྲིག་དང་། རྣར་སྙན་བརྗོད་བདེ་ཉམས་འཕེར་གྱི་མིང་དང་ཚིག་གི་ཉམས་འགྱུར་ལེགས་པར་སྡེབ་ཅིང་སྦྱོར་བའི་རིག་པ་ཞིག་ཡིན་པས། དེའི་ལྷན་ཅིག་བྱེད་རྐྱེན་དང་བྲལ་ན་རྡོ་ཆག་བཙན་བསྒྲིགས་ཞྭ་དཔེ་ལྷམ་འགེབས་ལྟ་བུའི་སྦྱོར་བ་ཉམས་པའི་སྐྱོན་འབྱུང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་གཞིགས་ན་སྔོན་བྱོན་མཁས་མང་གསེར་ཕྲེང་གིས་བརྩམས་པའི་རྩོམ་རིག་རི་བོའི་གཏོས་དང་མཉམ་པའི་ནང་མཚོ་བྱུང་སྒེག་མོའི་པི་ཝང་དཀྲོལ་འདྲའི་སྙན་རྩོམ་མགོ་བོ་སྒུར་ནས་རྒུན་འབུ་འཐུ་རྐྱང་ཡིན་ཡང་། རྒྱ་གར་སྡེབ་སྦྱོར་གཞུང་ལུགས་དཔྱད་གསུམ་རིག་པས་བོད་བྱིངས་ཀྱི་ཁྱད་ཆོས་ལ་སྦྱར་ནས་བཀོལ་སྤྱོད་བྱ་མ་ཐུབ་པ་དང་། སྒྲའི་ལྕི་ཡང་གི་སྟེང་ནས་ཕྱེ་བའི་རྩོམ་རིག་སྦྱོར་ཚུལ་མེད་པ་སོགས་ལ་རྐྱེན་བྱས། བཀོལ་སྤྱོད་ཀྱི་རིན་ཐང་མེད་པའི་ཚུལ་དུ་མཁས་པ་འགའ་རེས་བསྟན་བཅོས་ཀྱི་དབུར་མཛེས་ཉམས་འདོན་པའི་ཚུལ་དུ་ལུས་ཡོད། གཞུང་ལུགས་གང་ཡིན་ཡང་། རང་ཚུགས་ཐུབ་པའི་ཐུན་མོང་མ་ཡིན་པའི་སྤྱི་ཁོག་དང་། ཆོས་ཉིད་ཀྱི་རྣམ་དབྱེ་གསལ་ལེར་མངོན་ཐུབ་པ་ཞིག་མཁོ་སྟེ། རིག་པ་རང་མཚན་པའི་གཞུང་དངོས་སུ་མ་གྲུབ་ན་མཛུབ་སྟོན་ཀྱི་ཁྱད་ཆོས་ལྡན་པའི་རིགས་གཞུང་དུ་ཇི་ལྟར་འགྲོ། སློབ་དཔོན་ཐོན་མིའི་སྒྲའི་བསྟན་བཅོས་བརྒྱུད་ལས་དྲུག་མེད་བརླག་ཏུ་སོང་བས། བོད་ཀྱི་སྒྲ་རིག་གཞུང་ལུགས་ཅུང་ཆ་ཚང་མིན་པར་གྱུར་ཡོད་པ་དང་། དེ་འཕྲོས་ཀྱི་གནད་དོན་ཡང་མང་པོ་བྱུང་དང་འབྱུང་བཞིན་མཆིས། སྙན་འགྲེལ་ཕལ་མོ་ཆེར་མེ་ལོང་མའི་ལེའུ་དང་པོའི་ཐུན་མོང་མ་ཡིན་པའི་ཡོན་ཏན་བཅུ་( རྩོམ་རིག་ལ་ཚང་དགོས་པའི་ཆ་རྐྱེན་བཅུ་) བོད་ལ་མི་མཁོ་བར་བརྗོད་པ་དང་། སྒྲའི་ཁྱད་ཆོས་མི་འདྲ་བའི་སྲོག་ཆེ་ཆུང་དང་སྒྲ་དྲག་ཞན་བསྟུན་ན་ལེགས་ཚུལ་གྱི་བཞེད་དགོངས། རླུང་ཤུགས་ཀྱི་ལྕི་ཡང་དང་སྒྲའི་ལྕི་ཡང་གཅིག་ཏུ་གོ་བ། ཡི་གེའི་འབྱུང་ཁམས་དང་། སྐྱེ་གནས། དྲག་ཞན། རིང་ཐུང་། མཐོ་དམའ། ལྕི་ཡང་། སྲོག་ཆེ་ཆུང་། ཚིག་ཕྲད། ཚིག་སྡུད། ཆ་ཡ་སོགས་ཀྱི་དབྱེ་བ་དང་སྦྱོར་ཚུལ་གསལ་པོ་མིན་པ་སོགས་ལ་རྐྱེན་བྱས། སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་བཞིན་སྨྱུག་ཐོགས་པས་ཚད་ལྡན་མཁས་པའི་གསུང་སྒྲོས་དྲི་མ་མེད་པ་རྣམས་ལ་རྒྱབ་བརྟེན། ཕྱི་ནང་སྔོན་ཐོན་སྒྲ་རིག་གཞུང་ལུགས་ལས་བཅུད་བསྣན་ཐོག རང་ལ་དཔྱད་གསུམ་གྱི་ནུས་པ་མེད་ཀྱང་བློ་གྲོས་སོག་ལེ་རྟུལ་པོ་ཡིས་དྲས་འབྲེག་ངལ་བརྒྱས་བསྒྲིགས་པ་ལ་བརྟེན་ནས་སྒྲའི་སྙན་ཆའི་སྡེབ་སྦྱོར་སྐོར་ཅུང་ཙམ་ཞུ་བར་འདོད་དོ།
          གཅིག སྲོག་ཆེ་ཆུང་གི་སྡེབ་སྦྱོར།
          སྲོག་ཆེ་ཆུང་ཞེས་པའི་མིང་ཚིག་འདི་བོད་ལ་མཚོན་ན་མིང་ཚིག་རྙིང་པ་ཞིག་ཡིན་ལ། གསར་པ་ཞིག་རྐྱང་ཡིན། རྙིང་པ་ཡིན་དོན་དུས་རབས་བཅུ་གསུམ་པའི་སྟོད་ཙམ་ལ་སྙན་གཞུང་མེ་ལོང་བོད་འགྱུར་བྱས་པ་ནས་མིང་ཚིག་འདི་གཉིས་བོད་དུ་དར་ལ། གསར་པ་ཡིན་པའི་རྒྱུ་མཚན་ད་བར་དུ་སྙན་འགྲེལ་བརྒྱ་ལྷག་ནང་མཚན་ཉིད་ཡིད་འཕེར་ཞིག་བཞག་མེད་པར་མ་ཟད། སྒྲའི་དྲག་ཞན་ལ་བསྟུན་ན་འོས་ཚུལ་གྱི་ར་མགོ་ལུག་སྦྱར་བྱས་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། ཤོང་ལོའི་མེ་ལོང་མའི་འགྱུར་ལས་སྦྱར་བའི་མཚན་ཉིད་“ སྦྱར་བ་སྲོག་ཆུང་ཡི་གེ་མཆོག  ལྷོད་པ་ཉིད་ཀྱིས་མ་རེག་པའོ”ཟེར་བ་རྒྱ་དཔེའི་མཚན་ཉིད་དང་འགལ་ལ། མཚན་ཉིད་དང་མཚན་གཞི་གཉིས་ཀྱང་འགལ་བས། དཔང་ལོས་འགྱུར་བཅོས་ཏེ་“སྦྱོར་བ་ལྷོད་བསམ་རེག་པའོ། སྲོག་ཆུང་ཡི་གེ་མང་བ་ནི”ཞེས་པ་མཚན་ཉིད་དང་མཚན་གཞི་གཉིས་འབྲེལ་ཆགས་ལ། སྡེབ་སྦྱོར་རིག་པའི་སྤྱི་ཁོག་དང་ཡང་མཐུན་ཡང་། གཅིག་ཀྱང་ཁོང་གི་རྗེས་སུ་འབྲངས་མེད་པའི་ཕྱིར་རོ། །སྤྱིར་བཤད་ན་སྲོག་ཆེ་ཆུང་ནི་གསལ་བྱེད་སོ་སོ་རྗོད་པའི་ཚེ་ན་དབུགས་རྒྱུན་གྱི་ཆེ་ཆུང་ཡིན་ལ། དབུགས་ཤུགས་ཆེ་ན་སྒྲ་དྲག་པ་དང་། དབུགས་ཆུང་ན་སྒྲ་ཞན་པའི་ངེས་པ་མེད། རྒྱུ་མཚན་ཡོད་དེ། གླུ་ལེན་དུས་ཀྱི་དབུགས་རྒྱུན་དང་ཐང་ཆད་དུས་ཀྱི་དབུགས་རྒྱུན་གང་ཆེ། ཐང་ཆད་པའི་དབུགས་རྒྱུན་ཆེ་བར་འདོད་ན། དེར་སྒྲ་ཆེན་པོ་མེད་པ་ལས་རྟོགས། གསལ་པོར་བཤད་ན་རླུང་ཤུགས་ཀྱི་ལྕི་ཡང་ནི་ཡི་གེའི་སྲོག་གི་འབྱུང་བའི་རླུང་ཤུགས་ཀྱི་ལྕི་ཡང་ཡིན་པས། སྔོན་རྗེས་བརྩེགས་འདོགས་གང་དང་འཕྲད་ཀྱང་སྲོག་ཆེན་ལས་སྲོག་ཆུང་དུ་འགྱུར་ཐབས་བྲལ་ཡང་། སྒྲའི་ལྕི་ཡང་ནི་སྦྱོར་བའི་ལྕི་ཡང་ཡིན་པས། དྲག་དང་འཕྲད་ན་དྲག་པར་འགྱུར་བ་དང་། ཞན་དང་འཕྲད་ན་ཞན་པར་འགྱུར་བ་བཞིན་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་མོ་གཤམ་དང་། མ་ནིང་ལ་འགྱུར་དང་མཚན་གཉིས་མཚན་མེད་གསུམ་སོགས་ཡོད་པ་ལས་ཤེས་ཐུབ། འགའ་རེས་སྒྲ་རིང་བ་ཐམས་ཅད་སྲོག་ཆེན་དང་། སྒྲ་ཐུང་བ་ཐམས་ཅད་སྲོག་ཆུང་དུ་བཞེད་ཀྱང་། འདོད་མི་ནུས་ཏེ། དེ་ལྟ་ན་དབྱངས་བཞི་ལས་འགྲེང་བུ་ཅན་དང་། ན་རོ་ཅན། ཡང་འཇུག་ཅན། ར་བཏགས་ཅན། ཡ་བཏགས་ཅན། ཚིག་ཕྲད་ལས་བཞིན་སྒྲ་སོགས་ཐོབ་པ་ཅན་ཐམས་ཅད་སྒྲ་རིང་བས་སྲོག་ཆེན་དུ་མི་འགྱུར་རམ། ལ་ལས་རླུང་ཤུགས་ཆེ་ཆུང་དང་སྒྲ་ཆེ་ཆུང་གཅིག་ཏུ་འདོད་པ་སྒྲའི་ཁྱད་ཆོས་སོ་སོ་མ་རྟོགས་པའི་རྟགས་ཏེ། ཁ་ཆ་ཐ་ཕ་ཚ་སོགས་མ་ནིང་གི་ཡི་གེ་སྒྲ་ཞན་ཡང་སྲོག་གི་རླུང་ཤུགས་ཆེ་བའི་སྲོག་ཆེན་གྱི་ཡི་གེ་མ་ཡིན་ནམ། ཀ་ཅ་ཏ་པ་ཙ་སོགས་སྒྲ་དྲག་ཀྱང་སྲོག་ཆུང་ཡིན་པ་ལས་ངེས་པ་རྙེད། སྲོག་ཆེ་ཆུང་གི་ཡི་གེ་བཀར་ན། ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་བཅུ་རྗོད་པའི་ཚེ་ན་རླུང་ཤུགས་ཆེ་བས་སྲོག་ཆེན་དང་། ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ཝ་འ་ཡ་ར་ལ་ཨ་ཉི་ཤུ་རྗོད་པའི་ཚེ་ན་རླུང་ཤུགས་ཆུང་བས་སྲོག་ཆུང་དུ་རིག་པས་གྲུབ། སྲོག་ཆེ་ཆུང་སྦྱོར་ལེགས་ན་སྐྱེ་གནས་ལ་འཕྲོད་ཅིང་། བཏོན་ན་དབུགས་ཀྱི་འབྱིན་རྔུབ་བདེ་བར་མ་ཟད། ངལ་གསོ་གཅོད་མཚམས་ལེགས་པའི་དགེ་མཚན་འབྱུང་། བོད་ཡིག་གསལ་བྱེད་སུམ་ཅུའི་སྲོག་གི་རླུང་ཤུགས་སོ་སོའི་ཁྱད་ཆོས་དང་། མིའི་གློ་བའི་དབུགས་ཀྱི་གཏོང་ལེན་འབྱེན་རྔུབ་ཀྱི་ཁྱད་ཆོས་ལྟར་ཚིག་སྦྱོར་སྤེལ་ལེགས་ན་སྙན་ཆ་ཐོན་གྱི། བསྡེབས་འཁྲུགས་ཏེ་སྲོག་ཆེན་རྐྱང་རྐྱང་དང་། སྲོག་ཆུང་ཏག་ཏག་སྤེལ་ན་གློ་ནད་ཅན་གྱི་རྒན་པོ་བྲག་ལ་འགོས་པ་དང་། སྙིང་ཆུང་རྐྱེན་པོའི་ཁ་ཟས་ཟ་བ་ལས་གཉིས་སུ་མེད་པས། རྩོམ་ལུས་གང་ཡིན་ཡང་སྲོག་ཆུང་མང་པོའི་གསེབ་ཏུ་བྱུ་རུའི་རྒྱན་འཕངས་པ་ལྟར་སྤེལ་ན་ངག་ལ་འགུག་བདེ་ཞིང་། ཉན་ན་སྙན་པའི་དགེ་མཚན་འབྱུང་། དཔེར་ན། དགེ་ཆོས་ཀྱི་《ཆུང་གྲོགས་རྗེས་དྲན་》ལས།
          ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ། །ལུས་སེམས་རྒས་པའི་རྒྱུ་ལས་མེད་ཀྱང་། །ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས། །གོམས་པའི་ཤུགས་འདི་ལྡོག་ཐབས་མི་འདུག །
          ཅེས་པ་ལྟ་བུ་ཚིག་རྒྱན་མཚོན་ཐབས་ཁྱད་པར་ཅན་གྱིས་མ་བཅིངས་ལ། ཐུན་མོང་མིན་པའི་ཐ་སྙད་ཡ་མཚན་ཅན་ཡང་སྤྱད་མེད་མོད། འོན་ཀྱང་རླུང་ཤུགས་ཀྱི་ལྕི་ཡང་སྤེལ་ལེགས་པས། བཏོན་ན་བདེ་བ་རྫ་ཆུ་ལྷུང་ལྷུང་དུ་འབབ་པ་ལྟ་བུ་དང་། ཉན་ན་སྙན་པ་སིལ་སྙན་དཀྲོལ་བ་ལས་དཔེ་གཞན་རྙེད་དཀའ་ན། སྙན་ཆ་ཐོན་མེད་ཅེས་སུས་ཀྱང་བསྙོན་མི་ནུས་སོ། །
          གཉིས། སྐྱེ་གནས་འབྱུང་ཁམས་ཀྱི་སྡེབ་སྦྱོར།
          གསལ་བྱེད་སུམ་ཅུ་སྐྱེ་བའི་གནས་མི་འདྲ་བའི་དབང་གིས་སྐྱེ་གནས་བརྒྱད་བྱུང་ལ། གློ་དབུགས་ཀྱི་སྒུལ་ཤུགས་བསྐྱེད་པས། གྲེ་བ་སྒྲ་འབྱིན་དབང་པོར་གྱུར་ཅིང་། མིད་ཁོག་གི་རམ་འདེགས་ལས། སྣའི་སྦུག་མཉམ་བསྒྲགས་པ་དང་། ཁའི་སྦུག་མཉམ་བསྒྲགས་བྱ་བྱེད་དུ་གྱུར། སྒྲ་འབྱིན་དབང་པོ་དང་། སྒྲ་འབྱིན་སྟངས། མཉམ་བསྒྲགས་བྱ་བྱེད་སོགས་མི་འདྲ་བའི་དབང་གིས་སྒྲ་ལ་མཐོ་དམའ་རིང་ཐུང་དྲག་ཞན་འཇམ་རྩུབ་གྲིམ་ལྷོད་སོགས་འབྱུང་སྟེ། སྒྲ་འབྱིན་དུས་སྒྲ་རླབས་མང་ཞིང་མགྱོགས་ན་སྒྲ་ཅུང་མཐོ་ཞིང་རིང་ལ། སྒྲ་རླབས་དལ་ཞིང་ཉུང་ན་སྒྲ་ཡང་ཅུང་དམའ་ཞིང་ཐུང་བ་དང་། དེ་བཞིན་སྒྲ་རླབས་གྲིམ་ན་སྒྲ་ཅུང་ལྕི་བ་དང་། ལྷོད་ན་གདངས་ཞན་ལ་ཡང་བ་སོགས་གཙོ་བོ་དབྱངས་ལས་མངོན། དབྱངས་བྲལ་གྱི་གསལ་བྱེད་བརྗོད་དུ་མེད་ན་གསལ་བྱེད་བགྲང་བ་ཡང་དབྱངས་བགྲང་བ་ཡིན། དབྱངས་ལ་དབྱེ་ན། ལྕེའི་མཐོ་དམའ་ལྟར་དབྱེ་བའི་དབྱངས་དང་། ལྕེའི་སྔ་གཞུག་ལྟར་དབྱེ་བའི་དབྱངས། མཆུའི་དབྱིབས་ལྟར་དབྱེ་བའི་དབྱངས། མགྲིན་པ་ལས་སྟོང་སེང་ངེར་ཐོན་པའི་དབྱངས། སྣ་དབང་ལས་བྱུང་བའི་དབྱངས། ར་སྒྲ་ལྡན་པ་སྤྱི་བོ་ལས་བྱུང་བའི་དབྱངས་བརྒྱད་ནང་འདུ་ལ། དབྱངས་ཡིག་བཞི་ནི་ཚད་ལྡན་གྱི་རྨང་གཞིའི་དབྱངས་བཞི་ཡིན། སྒྲ་གནས་སོ་སོ་ལས་བྱུང་བའི་ཡི་གེ་བཀར་ན། ཀ་ཁ་ག་ང་འ་ཧ་ཨ་མགྲིན་པའི་ཡི་གེ་སྟེ། མགྲིན་པ་སྟོང་བའི་དབྱངས་ལས་སེང་སེང་དུ་ཐོན་པས་ནམ་མཁའི་ཁམས་ཀྱི་ཡི་གེ་ཡིན། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་རྐན་ལས་བྱུང་བའི་ཡི་གེ་སྟེ། ལྕེ་རྩེ་སོ་རྐན་སྦྱར་བ་དག་ལས་སྐྱེ་ཞིང་ལྕེ་ཡང་ཞིང་གཡོ་བའི་ཚུལ་ལས་འབྱུང་བས་རླུང་གི་ཡི་གེ་ཡིན། ཏ་ཐ་ད་ན་ཟ་ལ་ས་སོ་ལས་སྐྱེ་བའི་ཡི་གེ་སྟེ། ལྕེ་རྩེ་སོ་རྐན་དག་ལས་ལྕེ་མཁྲེགས་པའི་ཚུལ་དུ་འབྱུང་བས་སྲ་ཞིང་མཁྲེགས་པ་སའི་ཁམས་ཀྱི་མཚན་ཉིད་དོ། །པ་ཕ་བ་མ་ཝ་ཨུ་ཨོ་རྣམས་མཆུ་ལས་བྱུང་བ་སྟེ། མཆུ་གཉིས་སྦྱར་བའི་གནས་རླུང་ཤུགས་ཐུར་དུ་ཆུ་འབབ་པ་ལྟར་འབྱུང་བས་ཆུའི་ཡི་གེ་ཡིན། ར་ནི་ལྕེ་རྩེ་དང་ཉེ་བའི་སྟེང་ཕྱོགས་སྤྱི་གཙུག་ལས་འཁྲུངས་པ་སྟེ། ལྕེ་རྩེ་སྟེང་དུ་བཀུག་སྟེ་རྐན་གྱི་མཐར་སྦྱར་བའི་སྦུབས་ཀྱིས་སྤྱི་བོ་དག་ལས་སྟོངས་སྟོངས་སུ་མེ་འབར་བ་ལྟར་སྐྱེ་བ་ཡིན་པས་མེའི་ཁམས་ཀྱི་ཡི་གེ་ཡིན་ནོ། །ཚིག་སྦྱོར་ནང་སྐྱེ་གནས་ཉེ་བའམ་མཚུངས་པ་ཐག་མི་རིང་བར་བསྐོར་ན་རྗོད་བདེའི་གྲོགས་ཀྱི་དངོས་གྲུབ་འབྱུང་ལ། སྐྱེ་གནས་རིང་བ་མང་བར་སྦྱར་ན་སྙན་ཉམས་འགོག་པས་གཟབ་དགོས། སྔོན་འཇུག་རྗེས་འཇུག་ཐོབ་མིན་དང་། མིང་མཐའ་འབྱོར་མིན། ཚིག་ཕྲད་ཐོབ་མིན་ཐམས་ཅད་ཡི་གེའི་སྐྱེ་གནས་འབྱུང་ཁམས་ལ་ཐུག་ཅིང་། གཤིས་ཀ་མཐུན་པ་གྲོགས་པོར་འགྱུར་བ་དང་། འབྱུང་བ་མི་མཐུན་པ་དགྲར་འགྱུར་བ་ལས་ཀྱང་ངེས་ཤེས་འདྲོངས། སྐྱེ་གནས་འབྱུང་ཁམས་སྦྱོར་ཚུལ་འདི་གཙོ་བོ་མིང་གི་སྡེབ་སྦྱོར་གྱི་ཆོས་ཉིད་ཡིན་ལ་ཚིག་གི་སྡེབ་སྦྱོར་ལའང་ཧ་ཅང་མཁོ། བསྔགས་བཀླག་ཐབས་ལས། ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། །ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །ཞེས་པ་ལྟར་ཕན་ཚུན་འབྱུང་ཁམས་མཐུན་པ་སྦྱར་ན་སྐྱེ་གནས་ལ་འཕྲོད་ཀྱང་། བསྔགས་བཀླག་ཐབས་ལས། ས་དགྲ་མེ་ཡིན་མེ་དགྲ་ཆུ། །ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །ཞེས་པ་ལྟར་སྦྱར་ན་སྡེབ་སྦྱོར་གྱི་ཆོས་ཉིད་དང་འགལ། རྟགས་འཇུག་ལས་ཞར་བྱུང་མི་འཇུག་པའི་ཚུལ་བསྟན་པ་ཡང་གཙོ་བོ་ཡི་གེའི་འབྱུང་ཁམས་སྐྱེ་གནས་མི་མཐུན་པ་ལས་མངོན། དེའི་ཕྱིར་འཇིག་རྟེན་ཆོས་ཉིད་དུ། སས་ཆུ་འཛིན་པ་དང་། རླུང་གིས་མེ་སྦར་བ། ཆུ་དང་ཆུ་ཕྲད་པས་ཆུ་ཆེར་འཕེལ་བ། ས་དང་ས་ཕྲད་ན་སའི་ཕུང་པོ་ཆེན་པོར་འགྱུར་ནུས་ལྡན་པ། མེ་དང་མེ་ཕྲད་ན་མེ་ཆེར་འཕེལ་བ། རླུང་དང་རླུང་ཕྲད་ན་རླུང་ཆེར་འགྱུར་བ། ས་ནི་མེར་ནུས་པ་མེད་པ། མེ་ནི་ཆུ་ལ་ནུས་པ་མེད་པ། ཆུ་ནི་རླུང་ལ་ནུས་པ་མེད་པ། རླུང་ནི་ས་ལ་ནུས་པ་མེད་པ་ལྟར་སྦྱོར་ལེགས་ན་སྡེབ་སྦྱོར་གྱི་དངོས་གྲུབ་འབྱུང་བར་མ་ཟད། སྐྱེ་གནས་མཚུངས་ཉེ་ཐག་མི་རིང་བར་ཉེ་བར་སྲིད་བུར་བརྒྱུས་ན་གྲ་ཉམས་པའི་ཕྲེང་རྡོག་བཞིན་སྒྲ་འབྱིན་དབང་པོའི་མཛུབ་ཆེན་གྱིས་བགྲང་སླ་བས། བཏོན་ན་བདེ་ཞིང་མགྱོགས་པ་ཅང་ཤེས་འཁྱུགས་པ་ལྟ་བུ་ཡིན་གྱི། སྐྱེ་གནས་མི་མཉམ་པ་བསྟར་ན་བོང་རྒན་སྐྱ་ལྡང་གི་འདུར་རྒྱུགས་ལས་ཅི། དཔེར་ན། གླིང་སྒྲུང་ལས། 
          “ཀི་སྭ་ལྷ་རྒྱལ་ལོ། མངའ་གསོལ་ཤིས་པ་བརྗོད། དེ་ནས་མི་རིང་བར་གྲུ་སྟོད་ཉི་མ་གསེར་གླིང་། གླུ་སྐད་ཆ་ག་སྨིན་དྲུག གྲུ་སྨད་རྫ་ལུང་ཤོག་དགུ་སོགས་གྲུ་གུའི་ཡུལ་གླིང་བཅོ་བརྒྱད་ཀྱི་རྒན་མགོ་དཀར་མན་ཆད། གཞོན་ལྷེ་དམར་ཡན་ཆད། ཚང་མ་དཀར་མོ་གཉེན་རྫོང་དུ་འདུས་ཤིང་། རྒྱལ་མཆོག་གེ་སར་དེ་ཉིད། ལྷ་བླ་མ་བྱས་ན་དད་པ་སྐྱེ་ལེ། གོང་དཔོན་པོ་བྱས་ན་ཁེབས་པ་ཆེ་ལེ། སྟག་ཤར་བ་བྱས་ན་སྤྲོ་བ་ཆེ་ལེ་ཞིག་བྱས་ནས་བཞུགས། གཞན་དཔོན་རྒྱུད་དཔའ་ཐུལ་རྣམས་སོ་སོ་གང་བབ་གདན་ཁྲིར་སྟག་དམར་ཡག་ཤ་ལ་རྔམ་འདྲ། གཟིག་དར་མ་ཚང་ནས་ལངས་འདྲ། དོམ་ནག་པོ་ཁྲག་གིས་བཟི་འདྲ་བྱས་པར་བཞུགས།”ལྟ་བུར་མཚོན་ན། མགྲིན་པ་ནམ་མཁའ་ལས་བྱུང་བའི་དབྱངས་སོ་གཉིས་དང་། སོ་ལས་སྐྱེ་བའི་དབྱངས་ཞེ་གཉིས། རྐན་ལས་སྐྱེ་བའི་དབྱངས་ཉེར་བརྒྱད། མཆུ་ལས་བྱུང་བ་སུམ་ཅུ་རྗེས་ཁྲིད་བྱས་ཏེ་མཚམས་མཚམས་སུ་གྲོགས་ཀྱི་ཚུལ་དུ་བསྐོར་ཡོད་པས། སྙན་ཆའི་སྒྲ་སྙན་ཚིག་དང་ཡིག་འབྲུའི་གསེང་ན་ལྷང་ལྷང་དུ་གྲགས་ལ།  ཐ་སྙད་དོན་སྟེང་ལ་ཝ་བཞིན་སྐོན་མཁས་པར་བྱས་ཏེ་དངོས་པོའི་རྣམ་པའམ་སྒྲའི་ཁྱད་ཆོས་ལྕགས་ཀོང་མེས་ཟིན་པ་ལྟར་སྦྱོར་ལེགས་ན་སྒྱུ་རྩལ་གྱི་ཉམས་ཐོན་མེད་ཅེས་སུས་ཀྱང་བསྙོན་མི་ནུས་སོ། །
          གསུམ། སྒྲའི་ལྕི་ཡང་གི་སྦྱོར་ཚུལ།
          ལྕི་ཡང་ཞེས་པའི་མིང་ལ་སྒྲ་ཡངས་འཇུག་གིས་འགྲེལ་ན། རླུང་ཤུགས་ཀྱི་ལྕི་ཡང་དང་། སྒྲ་གདངས་ཀྱི་ལྕི་ཡང་གཉིས་ཡོད་དེ། རླུང་ཤུགས་ཀྱི་ལྕི་ཡང་ཡི་གེ་ནི་སོ་སོ་སྐྱེ་བའི་ཁམས་ལས་བྱུང་བའི་སྲོག་གི་རླུང་ཤུགས་ཆེ་ཆུང་ཡིན་ཕྱིར་སྔོན་རྗེས་བརྩེགས་འདོགས་གང་དང་ཕྲད་ཀྱང་འགྱུར་བ་མེད་མོད། སྒྲའི་ལྕི་ཡང་སྦྱོར་བའི་ལྕི་ཡང་ཡིན་ན་ཕན་ཚུན་ཕྲད་སྟོབས་ཀྱིས་འགྱུར་བ་ཡོད། མཁས་པ་ལ་ལས་རྒྱ་གར་གྱི་རིག་པས་གཞལ་ཏེ་མཐའ་རྟེན་ཅན་རྣམས་ལྕི་བར་གསུངས་པ་མི་འཐད་དེ། བོད་དུ་རྗེས་འཇུག་བཅུ་པོ་མ་ཞུགས་ན་མིང་གཞན་སྦྱོར་བ་ཡོད་མི་སྲིད་པས། དེ་ལྟ་ན་བོད་ལ་ལྕི་བ་ལས་ཡང་བ་མེད་པའི་སྐྱོན་འབྱུང་། སྤྱིར་ཡི་གེ་ལ་སྒྲའི་དྲག་ཞན་དགར་ཚུལ་ཡོད་ཀྱང་ལྕི་ཡང་བཀར་མེད་ལ། ལྕི་ཡང་གི་སྦྱོར་བ་གཙོ་བོ་མིང་དང་ཚིག་ལས་མངོན། སྒྲའི་ལྕི་ཡང་ནང་སྒྲའི་དྲག་ཞན་དང་། གྲིམ་ལྷོད། མཐོ་དམའ་རིང་ཐུང་སོགས་འདུས་ཏེ། སྒྲ་རིང་ན་ཅུང་མཐོ་བ་དང་། མཐོ་ན་ཅུང་དྲག་པ་དང་། དྲག་ན་ཅུང་གྲིམ་པ་དང་། གྲིམ་ན་ཅུང་ལྕི་བ་སྒྲའི་ཆོས་ཉིད་ལྟ་བུར་འཁུམས། སྒྲའི་གྲིམ་ལྷོད་འདི་ད་ལྟའི་བརྡ་སྤྲོད་ནང་གསལ་པོ་མེད་ཀྱང་། སློབ་དཔོན་ཐོན་མིའི་བརྡ་སྤྲོད་གཞུང་ལུགས་ཐོག་མར་མཛད་པའི་ནང་ཡོད་ངེས་ཏེ། མེད་ཟེར་ན་ཏུན་ཧོང་ཡིག་རྙིང་ནང་འཁོད་པའི་སྒྲ་བསྒྲིམས་པ་དང་ལྷོད་པའི་གི་གུ་ཕྱིར་ལོག་གཉིས་ཇི་ལྟར་འགྲེལ། རྀ་ལྀའི་དབྱངས་འདི་གཉིས་བཀས་བཅད་གཉིས་པའི་བར་དུ་ཡིག་རྙིང་སོགས་སུ་ཡོད་ཅིང་། བཀས་བཅད་གཉིས་པའི་རྗེས་སུ་གཅིག་ཀྱང་མེད་པར་བལྟས་ན་བཀས་བཅད་གཉིས་པའི་སྐབས་སུ་བླངས་བར་མངོན། བོད་ཀྱི་བརྡ་སྤྲོད་ཀྱི་ཐོག་མ་ལྟ་བུར་བརྩི་བའི་སློབ་དཔོན་སྨྲྀ་ཏིའི་《སྨྲ་སྒོ་མཚོན་ཆ་》ལས།
          དྲང་པོ་བསྒྲེང་དང་བཀུག་པ་དང་། །བསྟོད་པ་དང་ནི་སྨད་པ་དང་། །བསྒྲིམས་དང་གློད་པའི་ང་རོ་འབྱུང་། །ཞེས་སྒྲའི་གདངས་ཀྱི་སྒོ་ནས་ཨ་ཨི་ཨེ་ཨོ་ཨུ་རྀ་ལྀ་བདུན་གྱི་རྣམ་བཞག་མཛད་ཡོད་པར་མ་ཟད། དཔེའི་སྒོ་ནས་ཀྱང་བལྟ་སྟངས་བདུན་སྦྱར་ཡོད། སྐད་ཡིག་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་རྀ་ལྀ་གཉིས་ཀྱི་ཁྱད་ཆོས་རིམ་པར་ཉམས་པ་དང་། དབྱངས་བཞི་ལས་ཨེ་དང་ཨུ་ཡི་ནང་ཕལ་ཆེར་བསྒྲིམས་ལྷོད་གཉིས་འདུས་པས་དོར་བར་མངོན། ཡིག་རྙིང་སོགས་ཀྱི་ནང་གི་གུ་གཉིས་ཉེ་བར་ཡོད་པ་ལས་གཅིག་ཕྱིར་ལོག་པར་བལྟས་ན། དབྱངས་ཀྱི་འདེགས་འཇོག་ཐོན་པའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། བརྗོད་དོན་གྱི་ང་རོ་དག་པར་ཐོན་པའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་པའང་ཤེས། གྲིམ་ལྷོད་ཀྱི་སྦྱོར་ལེགས་ན་རྣར་སྙན་བརྗོད་བདེ་ཐོན་པའི་དགེ་མཚན་ཡོད་པ་གདོན་མི་ཟ་ཡང་། དབྱངས་ཀྱི་ཡལ་ག་ལྟ་བུར་འགྲོ་ན་དོར་མི་ཆོག་པ་ཡང་མེད་སྙམ། ཡིན་ན་ཡང་དབྱངས་ཉམས་དོར་མི་རུང་སྟེ། སྒྲའི་དྲག་ཞན་དང་ཕལ་ཆེར་འདྲ་ན་དེ་ལྟར་སྦྱར་མི་ཆོག་པ་ཡང་མེད་སྙམ་མོ། །
          སྒྲའི་དྲག་ཞན་ཚིག་སྦྱོར་ནང་སྤེལ་སྐབས་བརྗོད་དོན་གྱི་བྱེད་ལས་དང་། རང་བཞིན། དགའ་སྐྱོ་ཆགས་སྡང་གི་འགྱུར་བར་འཚམ་དགོས་ལ། ཚིག་གིས་དོན་མཚོན་དགོས་ན། རྩོམ་རིག་ཁྲོད་ཚིག་སྦྱོར་གྱི་དྲག་ཞན་ལས་མི་སྣའི་རྣམ་པའམ་གཤིས་ཀ་མཚོན་དགོས། སྤྱིར་ན་དགག་ཡིག་སོགས་ཀྱི་ནང་དྲག་པ་ཤས་ཆེར་སྦྱོར་ལ། སྐྱིད་གླུ་སོགས་ཀྱི་ནང་ཞན་པ་ཤས་ཆེར་སྦྱོར། ཕོ་སྒྲ་དྲག་ལ་བརྗིད་པ་དང་། མོ་སྒྲ་གསལ་ལ་ངར་བ། མ་ནིང་སྒྲ་ནི་གཉིས་འདུས་ཡིན་པས་ཅུང་བཙུན་པ་སྟེ། ཕོ་དང་རྒན་པོའི་སྒྲ་འཛིན་དབང་པོ་ཅུང་མཐུག་ཅིང་རིང་བ་ཡིན་པས་རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག་ཟེར་བ་ལྟར་འགུལ་སྐྱོད་དལ་ན་སྒྲ་ཡང་ཅུང་དམའ་བ་དང་། མོ་དང་བྱིས་པའི་སྒྲ་འབྱིན་དབང་པོ་ཅུང་སྲབ་ཅིང་ཐུང་བས་ཆུ་ཕྲན་རྟག་ཏུ་ཀུ་ཅོ་སྒྲོག་ཟེར་བ་ལྟར་འགུལ་སྐྱོད་མགྱོགས་ན་སྒྲ་ཡང་ཏོག་ཙམ་མཐོ་བ་ལྟར་གང་ལ་གང་འཚམ་ལྷུ་འགྲིག་པར་སྦྱོར་རྒྱུ་གལ་ཆེའོ། །
          སྒྲའི་མཐོ་དམའ་རིང་ཐུང་ལ་འབྲེལ་ཆེ་ཞིང་། དབྱངས་བཞི་ལས་འགྲེང་བུ་དང་ན་རོ་ཐོབ་པ་སྒྲ་ཅུང་རིང་ལ། ཞབས་ཀྱུ་དང་གི་གུ་ཐོབ་པ་སྒྲ་ཏོག་ཙམ་ཐུང་། གཙོ་བོ་སྒྲ་རླབས་མང་ཉུང་དལ་མགྱོགས་ལས་བྱུང་བར་འདོད་དེ། སྒྲ་རླབས་མང་ན་སྒྲ་རིང་བ་དང་། མང་ཞིང་མགྱོགས་ན་སྒྲ་མཐོ། མཐོ་དམའ་རིང་ཐུང་འདི་དབྱངས་འགྲོས་རླབས་སྒྲ་ཐོན་བྱེད་ཡིན་ན་སྙན་ཆ་ཐོན་བྱེད་གལ་ཆེན་ཡིན། ཨ་མདོའི་སྐད་ནང་ཅུང་གསལ་པོ་མིན་ཡང་། དབུས་གཙང་སྐད་ནང་ཅུང་གསལ་པོ་ཡིན་ལ། ཉན་ན་སྙན་པ་ཡང་འདིར་ཐུག བློ་མཐུན་ཆེ་ཨེ་ཐང་གི་《བོད་སྐད་ཀྱི་དབྱངས་ཡིག་ཞིབ་འཇུག་》 ནང་ལྷ་སའི་སྐད་ཀྱི་དབྱངས་རིང་ཐུང་རྩིས་རྒྱག་འཕྲུལ་ཆས་ནང་ཚོད་ལྟ་བྱས་པ་དཔེར་ན།
          ལྟར་རིང་ཐུང་ཕལ་ཆེར་ཆ་སྙོམས་ཀྱིས་ལྡབ་གཅིག་རྒྱུག འདི་ལྟར་ཕོ་སྒྲ་དང་། མོ་སྒྲའི་རིང་ཐུང་དང་། སྒྲའི་ཆོས་ཉིད་ལས་མངོན་པའི་རིང་ཐུང་གཞུང་ལུགས་ངེས་པར་བྱས་ན། སྒྲའི་སྙན་ཆར་མི་རྨོངས། དཔེར་ན། སྒེའུ་སྟེང་བློ་བཟང་གི་《ཆབ་ཤོག》ལས།
          ཟངས་ཞུན་རྒྱ་སྐྱེགས་ཁུ་བ་བསྲེས་པའི་ཚོན། །ཕྱུགས་རིས་ལང་ཚོའི་སྒེག་ལྡན་རི་བོའི་ཕྲེང་། །ཉི་ཟེར་ཁུ་བས་རབ་མྱོས་ངོ་ཚའི་གོས། །བྲལ་བ་ཡིད་ལ་མཚོན་བྱེད་གདེངས་ཀ་ཉིད། །
          ཅེས་པ་ལྟ་བུའི་ནང་སྒེག་ཅིང་ངོ་མཚར་བའི་སྒྲའི་མཐོ་དམའ་རིང་ཐུང་མཚོ་རླབས་བཞིན་འཁྱུགས་པས། ཀློག་པ་ཙམ་གྱིས་སྙིང་ལ་བདུད་རྩི་སིམ་སིམ་དུ་ཐིམ་པ་དང་། རྣ་དབང་ཕྲ་མོ་དབང་མེད་དུ་འགུགས་ན། སྙན་ཆའི་སྡེབ་སྦྱོར་གྱི་ཀློང་ན་ཐོགས་མེད་འཇའ་འོད་བཞིན་འཇོ་སྒེག་གི་གར་སྟབས་བསྒྱུར་མཁས་ཁོང་འདྲ་ཉིན་སྐར་གྱི་ཟླ་བོར་འཁུམས་སོ། །
          གོང་གི་སྒྲའི་མཐོ་དམའ་རིང་ཐུང་དྲག་ཞན་སོགས་ཀྱིས་སྒྲའི་ཁྱད་ཆོས་གཙོ་བོ་ལྕི་ཡང་གྲུབ་ལ། ཚིག་སྦྱོར་གྱི་ཉམས་འགྱུར་ཐོན་བྱེད་གཙོ་བོ་ཡང་ལྕི་ཡང་ལས་མངོན་པས། ལྕི་ཡང་སྤེལ་ལེགས་ན་ཚིག་གསལ་ཞིང་གོ་བདེ་བའི་ཁར་སྒྲའི་འདེགས་འཇོག་ལེགས་པོ་ཐོན་པས་ལྕི་ཡང་གི་དབྱེ་བ་འབྱེད་པ་གལ་ཆེ། འོ་ན་ལྕི་ཡང་གི་དབྱེ་བ་གང་ལྟར་ཡིན་ཞེ་ན། དབྱངས་འགྲེང་བུ་དང་ན་རོ་ཐོབ་པ་ཅན་དང་། སྔོན་འཇུག་བ་ཡིག་ཐོབ་པ་ཅན། བརྩེགས་འདོགས་ཅན། ཙ་རྟགས་ཅན། ཀྱང་སྒྲ་ཐོབ་པ་ཅན། དང་སྒྲ་ཐོབ་པ་ཅན། ཅིང་ཞིང་ཤིང་གསུམ་ཅན། བཞིན་སྒྲ་ཅན་བཅས་ལྕི་བ་ཡིན་ལ། གཞན་རྣམས་ཡང་བར་རིག་པས་གྲུབ། དཔེར་ན། ཚེ་ཏན་ཞབས་དྲུང་ཚང་གི་《གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས་》ལས། གཞན་ཡང་ཁུངས་ལྡན་ལོ་རྒྱུས་གཏམ་གྱི་རྒྱུན། །(ལྕི་ལྕི་ཡང་ལྕི་ལྕི་ལྕི་ཡང་ཡང་ལྕི།) 
          འབེལ་གཏམ་གླིང་རྗེའི་རྣམ་ཐར་སྒྲུང་གི་གཙོས། །(ལྕི་ཡང་ལྕི་ལྕི་ལྕི་ཡང་ལྕི་ཡང་ལྕི།) 
          གང་ལ་གང་མོས་ཡོན་ཏན་མེ་ཏོག་གི། །(ཡང་ཡང་ཡང་ལྕི་ལྕི་ཡང་ལྕི་ལྕི་ཡང་།)
          ཡིད་འོང་རྒྱན་ཕྲེང་སྟོང་ལྡན་བགྲང་ལས་འདས། །(ཡང་ལྕི་ལྕི་ལྕི་ལྕི་ལྕི་ཡང་ཡང་།) 
          ཞེས་པ་ལྟར་མི་མཉམ་པའི་བྲྀ་ཏའི་ཁྱད་ཆོས་བཞིན་རྐང་པ་རེ་རེའི་ནང་ལྕི་ཡང་སྦྱོར་བ་མི་འདྲ་བ་རེ་བསྐོར་ཡོད་ཀྱང་། སྒྱུ་རྩལ་གྱི་ཐབས་རྩལ་གསར་གཏོད་ལ་བརྟེན་ནས་ཡིད་ལ་མཛེས་ཚོར་ཁྱད་པར་ཅན་བསྐྱེད་པའི་བྱེད་ལས་ལྡན་ལ། ལྕི་ཡང་གི་འགྲོས་གསལ་བས། ཀློག་པ་ཙམ་གྱིས་ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་པའི་ཁྱད་ཆོས་ཐོན་སྣང་ངོ་། །
          བཞི།  ཆ་ཡའི་སྡེབ་སྦྱོར།
          ཆ་ཡའི་སྡེབ་སྦྱོར་མ་བཤད་གོང་ཚེག་བར་སྦྱོར་ཚུལ་དང་། ཚིག་རྐང་གི་སྦྱོར་བ་བཤད་དགོས་ལ། ཚིགས་བཅད་ལས་རྩོམ་ལུས་གཞན་ལ་ཆ་ཡ་སྦྱོར་ཚུལ་མི་འཕྲོད། རྒྱ་གར་གྱི་ཡི་གེའི་དབང་དུ་བྱས་ན་ཡི་གེ་སོ་གཉིས་ཀྱང་ཚིག་རྐང་གཅིག་ཏུ་འཇོག་སྲོལ་ཡོད་ཀྱང་། བརྗོད་བདེའི་དབང་གིས་བོད་ཡིག་ལ་ཚེག་བར་ཉེར་བརྒྱད་ཚིག་རྐང་གཅིག་ཏུ་འཇོག  ཚེག་བར་བདུན་མ་དང་། དགུ་མ། བཅུ་གཅིག་ཅན་ཅུང་རྒྱུགས་ཆེ་བར་བལྟས་ན། ཚེག་བར་བཅོ་ལྔ་ཡན་མ་སྦྱར་ན་གོ་བདེ་འདོན་བདེའི་སྙན་ཉམས་ཐོན། ངག་ཐོག་སྙན་ངག་གི་ཐོག་མ་སྤུ་དེ་གུང་རྒྱལ་གྱིས་དུས་རབས་གསུམ་པའི་ནང་བཞེངས་པའི་མགུར་རྐང་པ་བདུན་མ་དེ་ཡིན་ཞིང་། རྐང་པ་དང་པོར་ཚེག་བར་དྲུག་དང་། གཉིས་པ་དང་གསུམ་པར་དགུ་རེ། བཞི་པ་དང་ལྔ་པར་གཉིས་རེ། དྲུག་པ་དང་བདུན་པར་ཚེག་བར་གསུམ་རེ་ཡོད་པས་ཚེག་བར་མང་ཉུང་ཅི་རིགས་ཡོད། སྟག་རི་གཉན་གཟིགས་སྐབས་ཚེག་བར་བདུན་མ་དང་དྲུག་མ་བྱུང་ཡོད་པར་མ་ཟད། ཁྱད་གཞི་ཁྱད་ཆོས་དགར་བའི་ནི་སྒྲ་རྐང་པ་རེའི་བར་དུ་བསྣན་ཡོད། སྲོང་བཙན་སྐབས་སྔོན་མ་རྒྱུན་འཛིན་སྟེང་ཚེག་བར་ལྔ་མ་བྱུང་ཡོད་ལ། ཐོན་མིའི་ཡིག་ཕུད་སོགས་སུ་ཚེག་བར་བརྒྱད་མ་དང་། དགུ་མ། བྱ་དཀའ་བའི་སྙན་ངག་སོགས་བྱུང་ཡོད། (ཁོང་གི་གསུང་རྩོམ་ཡིན་མིན་བརྟག་) དེ་ནས་ས་པཎ་བར་ཕལ་ཆེར་མཚུངས་ཤིང་། ས་པཎ་སྐབས་ནས་བཟུང་སྙན་གཞུང་མེ་ལོང་གི་ཤུགས་རྐྱེན་ལས་ཚེག་བར་ཅི་རིགས་བྱུང་བར་མངོན། རྐང་བཞི་ཅན་དུ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡོངས་སུ་འཕེལ་ཡང་། དམངས་གཞས་དང་། མགུར་སོགས་ཀྱི་ནང་རྐང་པ་ལྔ་མ་ཅན་དང་། དྲུག་མ་ཅན་རྒྱུན་འཛིན་བྱས་ཡོད་པ་མང་། ཚིགས་བཅད་ཅེས་པའི་མིང་རང་ངོས་ལ་དཔྱད་ན། ཚིགས་ཀྱི་རྐང་པས་བཅད་པ་ལ་གོ་ན། ཚིག་རྐང་བཞི་མ་ཏག་ཏག་ཡིན་དགོས་པའི་ངེས་པ་མེད་མོད། ཕལ་མོ་ཆེའི་མཛེས་ཁམས་ལྟ་ཚུལ་ལ་བསྟུན་རྒྱུ་གལ་ཆེ། ཆ་ཡའི་སྡེབ་སྦྱོར་ཟེར་བ་ནི་ཚིགས་བཅད་ཁྲོད་ཚེག་བར་ཆ་ཅན་དང་ཡ་ཅན་སྦྱོར་ཚུལ་ལ་ཟེར་ཞིང་། ཆ་ཡ་བསྡེབས་ལེགས་ན་སྙན་ཆ་འབྱུང་། རྒྱ་གར་ལ་མཚོན་ན་རྐང་པ་བཞི་པོ་སོ་སོར་ཆ་ཡ་བསྡེབས་ཚུལ་མི་འདྲ་བ་ཡང་ཡོད་ཀྱང་། སྤྱིར་ཆ་ཡ་བསྡེབས་མཚུངས་ན་འདོན་བདེ་ཉན་བདེའི་དགེ་མཚན་ཡོད་ལ། རྒྱ་ནག་ལ་ཡང་ཕེན་ཙི་རིག་པ་བསྡེབས་ཚུལ་ཡོད་དེ། ཁོ་ཚོར། གཉིས་བཞི་དྲུག་ལ་མི་བལྟ་བར། གཅིག་གསུམ་ལྔ་ཞིབ་ཕྲ་དབྱེ་དགོས། ཟེར་སྲོལ་ཡོད། བོད་སྐད་དུ། ཚེག་བར་ལྔ་མར་ཆ་ཆ་ཡའི་སྡེབ་ཚུལ་དང་། ཡ་ཆ་ཆ། ཆ་ཡ་ཆ་གསུམ་ལས་མེད་ལ། ཚིག་བར་བཞི་མ་ལ་སྦྱོར་ཚུལ་རེ་རེ་ལས་མེད། ཚེག་བར་དྲུག་མར། ཆ་ཡ་ཆ་ཡ་དང་། ཆ་ཆ་ཆ། ཡ་ཆ་ཆ་ཡ་གསུམ་ཡོད་པ་དང་། ཚེག་བར་བདུན་མ་ལ། ཆ་ཆ་ཆ་ཡ་དང་། ཆ་ཆ་ཡ་ཆ། ཆ་ཡ་ཆ་ཆ། ཡ་ཆ་ཆ་ཆ་བཞི་ཡོད་པ་དང་། ཚེག་བར་བརྒྱད་མ་ལ། ཆ་ཆ་ཆ་ཆ་དང་། ཡ་ཆ་ཆ་ཆ་ཡ་གཉིས་ལས་མེད་པ་དང་། དགུ་མ་ལ། ཆ་ཆ་ཆ་ཆ་ཡ་དང་། ཆ་ཆ་ཆ་ཡ་ཆའི་བསྡེབས་ཚུལ་གཉིས་ལས་མི་འཕྲོད། བཅུ་གཅིག་ལ་མཚོན་ན། ཆ་ཆ་ཆ་ཆ་ཡ་ཆ་དང་། ཆ་ཆ་ཆ་ཆ་ཆ་ཡའི་སྦྱོར་ཚུལ་གཉིས་ལས་རྒྱུགས་མི་ཆེ། ཚེག་བར་བཅོ་ལྔ་ནས་ཆ་མང་པོའི་མཐའ་རུ་ཡ་ཐོབ་པ་ལས་དབུས་སོགས་ལ་སྦྱོར་མི་ཐུབ་ལ། བཅུ་དྲུག་བཅོ་བརྒྱད་ཅན་རྣམས་ལའང་ཆ་རྐྱང་རྐྱང་སྦྱོར་ཚུལ་ཡང་མེད་པ་རྟོགས་དགོས་ཤིང་། བཙན་སྦྱོར་བྱས་ན་སྙན་ཆར་གནོད་པས། ཆ་ཡའི་ཆོས་ཉིད་ལྟར་སྦྱོར་རྒྱུ་གལ་ཆེའོ། །
          ལྔ། ཚིག་ཕྲད་སྦྱོར་ཚུལ།
          རྣམ་པར་དབྱེ་ཞིང་ཕྲད་པར་བྱེད་པའི་ཚིག་ཕྲད་རང་ངོས་ནས་བརྗོད་བྱ་སྟོན་པའི་ནུས་པ་མེད་ཀྱང་། ཚིག་སྦྱོར་སྣ་ཚོགས་འགྲུབ་པར་བྱེད་པའི་རྐྱེན་ཡིན་པས། ཚིག་གི་བར་དང་འཇུག་གི་སྙན་ཆ་ཐོན་བྱེད་གཙོ་བོ་ཞིག་ཡིན། དེ་ལ་དབྱེ་ན་རྗེས་འཇུག་དང་ཡང་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་དང་། རྗེས་འཇུག་ཡང་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་གཉིས་ཡོད། སྔ་མ་བོད་སྐད་འཕེལ་འགྱུར་གྱི་ཆོས་ཉིད་ལྟར་ངང་གིས་གྲུབ་པའི་སྦྱོར་ཚུལ་བླངས་པ་ཡིན་གྱི། སྒྲ་རིག་མཁས་པ་ག་གེ་མོ་ཞིག་གི་བློ་བཟོ་མིན་ཏེ། དཔེར་ན། བྱེད་འབྲེལ། གི་གྱི་ཀྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་ལ་ས་མཐའ་སྦྱར་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི། །འ་དང་མཐའ་མེད་འི་དང་ཡི། །ཞེས་པ་ལས། མ་ནིང་ན་ར་ལ་དང་མོ་མ་ལ་གྱི་དང་གྱིས་སྒྲ་ཉེ་དང་རྟགས་མཚུངས་དྲངས་པ་དང་། ཕོ་ག་ད་བ་ས་དང་མོ་ང་ལ་ཀྱི་དང་གི་རྟགས་མཚུངས་དང་སྒྲ་ཉེ་དྲངས་པ་དང། མོ་འ་དང་མཐའ་མེད་འི་ཞུགས་ཅན་ལ་འི་དང་ཡི་རྟགས་མཚུངས་དྲངས་ཡོད། འབྱེད་སྡུད་ལ་མཚོན་ན། གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །ད་དྲག་ཏམ་དང་མཐའ་མེད་འམ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱོར། །ཞེས་པ་ལྟར་ན་མང་ཆེ་ཤོས་ཀྱིས་རྟགས་མཚུངས་དྲངས་པ་དང་། ད་དྲག་ཏམ་ཞེས་གནས་མཚུངས་དྲངས་ཡོད། རྒྱན་སྡུད། ག་ད་བ་ས་དྲག་མཐར་ཀྱང་། །ང་ན་མ་འ་ར་ལ་ཡང་། །འ་དང་མཐའ་མེད་འང་ངམ་ཡང་། །ཞེས་ཕོ་ཡིག་བཞིའི་རྗེས་རྟགས་མཚུངས་ཀྱང་དང་། མོ་དང་མ་ནིང་དྲུག་གི་རྗེས་རྟགས་མཚུངས་སམ་སྒྲ་མཚུངས་ཉེའི་ཡང་དྲངས་པ་དང་། འ་དང་མཐའ་མེད་རྗེས་རྟགས་མཚུངས་ཡང་ངམ་འང་དྲངས་ཡོད་དོ། །སླར་སྡུར་མཚོན་ན། གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་རྫོགས་ཚིག་སྟེ། །སླར་བསྡུ་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱོར། །ཞེས་པ་ལྟར། མང་ཆེ་ཤོས་རྟགས་མཚུངས་འདྲེན་ཚུལ་ཡིན་ཀྱང་ད་དྲག་རྫོགས་ཚིག་ཅན་གྱི་རྗེས་སུ་སྒྲའི་མཇུག་བསྡུའི་ཁྱད་ཆོས་སམ་འདས་ཚིག་གི་ཆེད་གནས་མཚུངས་ཕོ་ཡིག་ཏོ་འབྲིའོ། ། བདག་སྒྲ། སྐྱེས་པ་མཚོན་བྱེད་པ་པོ་ནི། །ག་ད་བ་ས་ན་མར་སྦྱར། །བ་བོ་ང་འ་ར་ལ་དང་། །མཐའ་མེད་རྣམས་ལ་འཇུག་པ་ཡིན། །ཞེས་པ་ལྟར། རྗེས་འཇུག་ཕོ་ཡིག་ག་ད་བ་ས་ན་མར་པ་པོ་རྟགས་མཚུངས་དང་སྒྲ་མཚུངས་དྲངས་པ་དང། ང་འ་རྗེས་སུ་མོ་ཡིག་བ་བོ་དང་ར་ལའི་རྗེས་སུ་སྒྲ་མཚུངས་བ་བོ་དྲངས་སོ། །ཅིང་ཞིང་ཤིང་གསུམ་ལ་མཚོན་ན། ག་ད་བ་དང་ད་དྲག་མཐར་རྟགས་མཚུངས་ཅིང་ཅེས་ཅེའོ་ཅེ་ན་ཅིག་དྲངས་པ་དང་། ང་ན་མ་འ་ར་ལ་མཐར་རྟགས་མཚུངས་དང་སྒྲ་མཚུངས་ཞིང་ཞེས་ཞེའོ་ཞེ་ན་ཞིག་འདྲེན་ལ། ས་མཐའ་དམིགས་བསལ་ཅན་གྱི་རྗེས་སུ་རྟགས་མཚུངས་ཞེས་མ་གཏོགས། སྒྲ་མཚུངས་ཤིང་ཤེས་ཤེའོ་ཤེ་ན་ཤིག་ཐོབ་བོ། །ལྷག་བཅས། དེ་ཏེ་སྟེ་གསུམ་ལྷག་བཅས་སྒྲ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་རྣམས་དང་། །མཐའ་མེད་རྣམས་ལ་ས་སྟེ་ཐོབ། །ཅེས་པ་ལྟར། ད་ཡི་རྗེས་སུ་སྒྲ་མཚུངས་དེ་སྦྱོར་བ་དང་། ན་ར་ལ་སའི་རྗེས་སུ་སྒྲ་མཚུངས་སམ་རྟགས་མཚུངས་ཏེ་སྦྱོར་ལ། ག་ང་བ་མ་འ་རྣམས་ཀྱི་རྗེས་སུ་རྟགས་མཚུངས་སམ་སྒྲ་མཚུངས་སྟེ་སྦྱོར་བ་མ་ཟད། མཐའ་མེད་ཀྱི་རྗེས་སུ་ལྕི་བའི་ཡི་གེའམ་ནན་ཚིག་སྟེ་སྦྱར་ནས་ལྷག་མ་གལ་ཆེར་སྟོན། ལ་དོན་གྱི་ཕྲད་ལ་མཚོན་ནའང་རྟགས་མཚུངས་དང་སྒྲ་མཚུངས། གནས་མཚུངས་དྲངས་ཡོད། སྤྱིར་ན་ཕྲད་གཞན་དབང་ཅན་རྣམས་ལ་སྒྲ་མཚུངས་དང་། གནས་མཚུངས། རྟགས་མཚུངས་འདྲེན་ལུགས་ཀྱི་ཆོས་ཉིད་ཡོད་ལ། ཆུ་དང་འོ་མ་འདྲེས་པ་ལྟ་བུའི་མཚམས་སྦྱོར་ལུགས་རྟོགས་པའི་སྟེང་། ཚིག་སྦྱོར་སྐབས་ཕྲད་སོ་སོའི་བྱེད་ནུས་ལེགས་པར་བཀོལ་རྒྱུ་གལ་ཆེའོ། །
          ཕྲད་རང་དབང་ཅན་ནི། འཇུག་ཡུལ་ལ་བལྟ་མི་དགོས་པར་མིང་གང་ཡིན་གྱི་ཐོག་མཐའ་བར་གསུམ་དུ་རང་དབང་དུ་སྦྱར་ཆོག་ཅེས་སྔ་འགྲེལ་ཕལ་ཆེ་ཞལ་མཐུན་ཡང་། བདག་གི་དགེ་རྒན་དོར་ཞི་མཆོག་གིས་“ རང་དབང་དེ་ཡང་མཐའ་མེད་པའི་རང་དབང་ཞིག་མིན་པ་འདྲ། དཔེར་ན། དགག་སྒྲའི་འཇུག་ཚུལ། མ༷་མི༷་གཉིས་ནི། མིང་གང་ཡང་རུང་བའི་ཐོག་མར་སྦྱར་ཆོག་ཅེས་བཤད་ཀྱང་། དོན་ལ་ཆོས་བརྗོད་པའི་ཐ་སྙད་དང་བྱ་བ་བརྗོད་པའི་ཐ་སྙད་ཀྱི་ཐོག་མར་སྦྱར་བ་ལས། ཆོས་ཅན་བརྗོད་པའི་ཐ་སྙད་དང་། གྲངས་བརྗོད་པའི་ཐ་སྙད་ཀྱི་ཐོག་མར་སྦྱོར་མི་གཏུབ་སྟེ”ཞེས་དང་། “ཕྲད་གཞན་དག་ལ་ཡང་སྒྲའི་ཐོབ་ཁུངས་ཡོད་དམ་མེད་ཀྱང་རུང་། དོན་གྱི་ཐོབ་ཁུངས་འདི་དག་ལ་ཉམས་འཇོག་མ་བྱས་ན། ཕྲད་ཀྱི་རང་བཞིན་ཡང་དཔྱིས་ཕྱིན་པར་རྟོགས་དཀའ་འོ།།”ཞེས་དཔྱད་སྟོབས་རིག་པའི་བཀའ་མོལ་ལེགས་བཤད་གསེར་ཞུན་ལྟ་བུ་གནང་བ་ལྟར། རིག་པའི་མེ་འོད་ལ་བརྟེན་ནས་གང་ལ་གང་འཚམ་ལྟར་སྤེལ་རྒྱུ་ལས། རི་བོང་ཅལ་འགྲོགས་ཀྱི་རྣམ་ཐར་བསྐྱངས་ན་སྙན་ཆ་ཕར་ཞོག ཐ་ན་གཞུང་དུ་བསྟན་པའི་ཕྲད་ཀྱི་བྱེད་ནུས་ཀྱང་ཉམས་པར་མ་ཟད། བྱིས་པ་བསམ་མེད་ཀྱི་བརྗོད་པ་ལྟར་ཚིག་སྦྱོར་ཉམས་པའི་སྐྱོན་ལག་པས་མི་ཁེབས་པ་ལྟར་འབྱུང་བའི་ཕྱིར་རོ། །
          དྲུག སྒྲ་རྒྱན་གྱི་སྦྱོར་ཚུལ།
          ཚིག་སྦྱོར་ནང་ཡི་གེའི་གཟུགས་དང་། སྐྱེ་གནས་སོགས་མཚུངས་པའི་རྗོད་བྱེད་སྒྲ་གདངས་ཀྱི་སྦྱོར་བ་ལ་བརྟེན་ནས་ཚིག་བཅད་ལྷུག་སྤེལ་གསུམ་མཛེས་པར་བྱེད་པ་ལ་སྒྲ་རྒྱན་ཟེར། དེ་ལ་དབྱེ་ན་ཟུང་ལྡན་གྱི་རྣམ་བཞག་དང་། བྱ་དཀའ་བའི་ཁྱད་པར་གཞན་བསྟན་པ། དབྱངས་སོགས་ངེས་པའི་བྱ་དཀའ་བ་གསུམ་ནང་འདུ། བྱ་སླ་བའི་ཟུང་ལྡན་ལ་ཞིབ་ཕྲའི་དབྱེ་བ་ཤིན་ཏུ་མང་ལ། སླ་མོར་བཤད་ན་ཟུང་ལྡན་གྱི་ཡི་གེ་བསྐོར་ཚུལ་ཏེ། མཛུབ་མོས་རི་སྟོན་གྱི་ཚུལ་དུ་དཔེ་ཞིག་དྲངས་ན།
          སྣུམ་ནག་སྐྲ་ལོ་རྒྱ་མཚོའི་རླབས་བཞིན་འཕྱུར། ། 
          འདོད་པའི་མྱོས་བུམ་པདྨའི་ཏོག་ལྟར་འབུར། །
          ཆགས་པའི་སྒྲ་སྟོན་མིག་ཟུང་ཀེམ་ཀེམ་གཡོ། །
          མ༷ཛེས་མ༷ཛེས་ཞལ་ཟླའི་འོ་ཞོ་སྙིང་དུ་བསིལ།།
          ལྟ་བུ་རྐང་པ་བཞི་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན་ཡིན་པ་དང་། གཞན་རྣམས་རིགས་འགྲེ་ན་རྟོགས་སླའོ། །
          བར་པ་བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན་རྐང་བཞིའི་དབུས་བར་ཐོག་མཐའ་ཅི་རིགས་སུ་བསྐོར་བས། ཅུང་བྱ་དཀའ་ཡང་། སྦྱོར་ལེགས་ན་སྙན་རོའི་ཞིང་ཁམས་སུ་ཡིད་དབང་ཕྲ་མོ་དབང་མེད་དུ་འདྲེན་ཐུབ་སྟེ། རྗེ་ཙོང་ཁ་པ་དང་། སྐྱབས་མགོན་ཚོགས་དྲུག་རང་གྲོལ་སོགས་རེ་གཉིས་ཀྱི་ཟུང་ལྡན་ལ་སྒྱུ་རྩལ་གྱི་རོ་མངར་ཐོན་ཡོད་པས། ཟུང་ལྡན་ཡིག་འབྲུ་རེ་རེས་དོན་མི་འདྲ་བ་རེ་སྟོན་ཐུབ་བོ། །དཔེར་ན།
          དུང་དཀར་ཚང་གིས།
          གང༷ས་རིས་ཡོངས་བསྐོར་གང༷ས་ལྗོངས་མཁའ་དབྱིངས་སུ། །
          རིག༷་པའི་འོད་འཕྲོ་རིག༷་གནས་སྲིད་པའི་མིག།།
          སྔོན༷་མེད་འདྲེན་མཁས་སྔོན༷་བྱོན་ལོ་ཙཱ་བ། །
          དྲིན༷་ཆུང་མ་ཡིན་དྲིན༷་ལན་གཞལ་བར་དཀའ། །
          ལྟ་བུར་མཚོན་ན། ཅུང་ཐག་མི་རིང་བར་ཡི་གེ་གཟུགས་གཅིག་པ་བསྐོར་ཡོད་པས། ངག་ལ་འགུག་བདེ་བ་དང་། སྐྱེ་གནས་དྲག་ཞན་ལྕི་ཡང་སྤེལ་ལེགས་པས། འདོན་བདེ་དང་། རྣར་སྙན། འཛིན་སླ་སོགས་ཀྱི་ཁྱད་ཆོས་ཐོན་ཡོད་དོ། །
          མཐའ་མ་དབྱངས་སོགས་ངེས་པའི་བྱ་དཀའ་བའི་ནང་སྐྱེ་གནས་དང་། དབྱངས། གསལ་བྱེད་སྦྱོར་ཚུལ་གསུམ་འདུས་ཀྱང་། ངག་གི་དབང་ཕྱུག་རྣམ་པ་མ་གཏོགས་གསལ་བྱེད་རྐྱང་རྐྱང་སྦྱོར་ཚུལ་ལེགས་པོ་འཁྱོངས་དཀའ་བས་མ་སྦྱར་ན་བཟང་ངམ་སྙམ་ཞིང་། དབྱངས་དང་སྐྱེ་གནས་སྦྱོར་བར་བྱང་ན་སྙན་ཆ་ངང་གིས་གྲུབ། སྤྱིར་བཤད་ན་སྒྲ་རྒྱན་ཟེར་བ་ཟུང་ལྡན་ཙམ་དང་། དབྱངས་གསལ་སྐྱེ་གནས་བསྐོར་བ་ཙམ་དུ་གོ་མི་རུང་སྟེ། ཡི་གེའི་སྐྱེ་གནས་བསྡེབས་ཚུལ་དང་། མིང་གི་དྲག་ཞན་སྦྱོར་ཚུལ། ཚིག་གི་ལྕི་ཡང་དང་། ཆ་ཡ། རླུང་ཤུགས། ཕྲད། གྲིམ་ལྷོད་འཇམ་རྩུབ། སྒྲ་ལྡན་སྒྲ་མེད་སྦྱོར་ཚུལ་ཚང་མ་སྒྲ་རྒྱན་གྱི་ཁོངས་སུ་གཏོགས་ལ། དབང་བྲལ་གྱི་གསལ་བྱེད་བརྗོད་དུ་མེད་ན། སྒྲ་རྒྱན་ཡང་གཙོ་བོ་དབྱངས་ལས་མངོན་པས། གསལ་བྱེད་བསྐོར་བའང་དབྱངས་བསྐོར་བ་ལས་ལོག་པ་མ་ཡིན་པའི་ཕྱིར་རོ། །          མདོར་ན་གོང་དུ་བརྗོད་པའི་ཁྱད་ཆོས་ལྔ་ནི་སྒྲའི་སྙན་རོ་ཐོན་བྱེད་གཙོ་བོ་དྲུག་སྟེ། སྲོག་ཆེ་ཆུང་སྦྱོར་ལེགས་ན་ངལ་གསོ་གཅོད་མཚམས་གསལ་བ་དང་། སྐྱེ་གནས་འབྱུང་ཁམས་འཕྲོད་ན་ངག་ལ་བདེ་བ་དང་། ལྕི་ཡང་འཚམ་ན་དབྱངས་འགྲོས་ཡོད་པ་དང་། ཚིག་ཕྲད་སྤེལ་ལེགས་ན་ལྷུ་ཚིགས་འབྱོར་བ་དང་། སྒྲ་རྒྱན་སྤེལ་ལེགས་ན་སྙན་ཆ་ཐོན་པ་དང་། ཆ་ཡ་བསྡེབས་ལེགས་ན་རྣར་འཇེབས་པ་སོགས་ཀྱི་དངོས་གྲུབ་འབྱུང་བས། རྩོམ་རིག་ལ་འཇུག་པའི་ལས་དང་པོ་བ་རྣམས་ཀྱིས་ཐོག་མར་སྒྲའི་ཉམས་ཐོན་པའི་ཕྱོགས་ལ་འབད་པ་ལྷོད་མེད་བྱ་དགོས་པ་དང་འབྲེལ། མར་དྲི་རྩམ་དྲི་བྲོ་བ་དང་། དངོས་ཡོད་འཚོ་བའི་དགའ་སྐྱོ་ཆགས་སྡང་གི་སྣང་བརྙན་དངོས་སུ་མཚོན་ཐུབ་པའི་རྩོམ་རིག་གསར་པ་རྩོམ་པའི་ལས་ལ་བརྩོན་དགོས་པར་སྙམ་མོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1