གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྣམ་སྲས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༠༧ཉིན།

༄༅།། དམངས་ཁྲོད་རྩོམ་རིག་གི་འཚོལ་སྡུད་དང་དག་སྒྲིག་སྐོར་གླེང་བ།

རྣམ་སྲས།
གཅིག འཚོལ་སྡུད་དང་དག་སྒྲིག་གི་གལ་ཆེན་རང་བཞིན།
          ཉེ་བའི་ལོ་འགའི་རིང་། མདོ་དབུས་ཁམས་གསུམ་གྱི་རིག་རྩལ་ལས་ཀ་བ་དང་ལྷག་པར་དུ་བོད་རིགས་དམངས་ཁྲོད་རིག་རྩལ་ལས་ཀ་བ་ཚོས་བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་བསྔོག་འདོན་དང་།  འཚོལ་སྡུད། དག་སྒྲིག ཞིབ་འཇུག་བཅས་བགྱིད་པའི་ཐད་ལས་ཀ་མི་ཉུང་བ་ཞིག་བསྒྲུབས་པ་དང་། དེ་བཞིན་གྲུབ་འབྲས་ཀྱང་དགའ་འོས་པ་ཞིག་འཐོབ་ཡོད་པ་སྟེ། བོད་མི་རིགས་ཀྱི་ངག་ཐོག་ནས་བརྒྱུད་པའི་དམངས་ཁྲོད་རྩོམ་རིག་ཉམས་འགྱུར་སྟོང་གི་བག་དང་བཅས་ཏེ་རིག་གཞུང་ལས་རིགས་དགའ་ཚལ་གྱི་སྒོར་ཞུགས་ཤིང་། མཚར་སྡུག་བཀྲ་བའི་མེ་ཏོག་ལྷུག་ལྷུག་ཏུ་དགོད་པར་བྱས། ཡིན་ནའང་། གྲུབ་འབྲས་དེ་ཙམ་ནི་བརྗོད་པས་མཐའ་བྲལ་ཞིང་བསམ་པས་བློར་ཤོང་དཀའ་བའི་དམངས་ཁྲོད་ཀྱི་རྩོམ་རིག་སྣ་ཚོགས་དང་བསྡུར་ན་ང་ཚོའི་ལས་ཀ་ད་དུང་གོམ་པ་གང་ཙམ་ལས་སྤོ་ཐུབ་མེད་པས། ཏང་གི་མི་རིགས་སོ་སོའི་དམངས་ཁྲོད་རྩོམ་རིག་དར་རྒྱས་གོང་འཕེལ་གཏོང་བའི་བླང་བྱ་དང་ཧ་ཅང་ཐག་རིང་བ་རེད། དེར་བརྟེན། ང་ཚོས་ཁྱབ་ཁུངས་སོ་སོར་མི་རིགས་སྲིད་ཇུས་དོན་ཐོག་ཏུ་བབ་ཅིང་འབབ་མུས་སུ་མངའ་བའི་སྐབས་འདིར། གོམ་གང་མདུན་སྤོས་སྒོས་ཕྱོགས་སོ་སོའི་སྟོབས་ཤུགས་དང་། ལྷག་པར་དུ་རྒྱ་ཆེའི་ལས་ཞོར་དམངས་ཁྲོད་རྩོམ་རིག་པ་དག་སྐུལ་སློང་བཏང་ནས། གཏིང་ཟབ་རྒྱ་ཁྱབ་ཀྱིས་སྔོག་འདོན་དང་འཚོལ་སྡུད། དག་སྒྲིག་བཅས་ཀྱི་ལས་ཀ་སྤེལ་རྒྱུ་ནི་ང་ཚོ་བོད་རིགས་དམངས་ཁྲོད་རྩོམ་རིག་ལས་ཀ་བ་རྣམ་པས་ཕྲག་ཏུ་བསྣམས་པའི་འགན་ཁུར་ལྕི་མོ་ཞིག་ཡིན།
          ང་ཚོས་ཀླད་པ་གསལ་བོའི་སྒོ་ནས་བོད་རིགས་དམངས་ཁྲོད་གི་རྩོམ་རིག་གི་མདུན་ལམ་ག་འདྲ་ཞིག་ལ་ཐུག་ཡོད་པར་ངོས་འཛིན་དང་སེམས་ཁུར་གནད་དུ་ཕུག་པ་ཞིག་གནང་དགོས་ཏེ། ངག་ཐོག་རྩོམ་རིག་ལ་བག་ཆགས་ཟབ་པའི་དམངས་ཁྲོད་སྙན་ངག་པ་དང་། གླུ་བ(མ)། སྒྲུང་བ(མ)། གནའ་གཏམ་དང་སྟོན་བཤད། ཁེད་དང་གཏམ་དཔེ་སོགས་ལ་མཁས་པའི་དམངས་ཁྲོད་རིག་རྩལ་པ་ཕལ་མོ་ཆེ་ནི་མི་ལོ་བཞི་བཅུ་ནས་ལྔ་བཅུ་ཡན་ཆད་ཀྱི་མི་ཡིན་ཞིང་། གནའ་རབས་ཀྱི་དམངས་ཁྲོད་རྩོམ་རིག་དག་ནི་ཁ་དཔེར་ཡང་“དྲུག་ཅུ་སྔས་དང་བདུན་ཅུ་གདན་དུ་འདིང་བའི་”རྒས་འཁོགས་རྣམས་ཀྱི་དྲན་པའི་ནང་གསོག་འཇོག་བྱས་ཡོད་པ་དང་། ཁོང་རྣམ་པའི་མི་ཚེ་ལ་ཁའི་ཉི་མའི་ཚོད་དུ་སླེབས་ཟིན་པས། གལ་སྲིད་ནམ་ཞིག་ཕྱིར་མི་ལྡོག་པའི་ལམ་དུ་ཆས་ཙ་ན། ཧ་ཅང་གནའ་བའི་དམངས་ཁྲོད་རྩོམ་རིག་མི་ཉུང་བ་ཞིག་གི་རྒྱུན་ཡང་དེ་དང་མཉམ་དུ་ཆད་འགྲོ་བ་གོར་མ་ཆག དེ་བཞིན་མནའ་བའི་ལྷ་སྒྲུང་ཁ་ཤས་ཀྱང་ཚན་རིག་འཕེལ་རྒྱས་སོང་བ་དང་བསྟུན་ནས་རིམ་བཞིན་ཉམས་སྲིད་པ་དང་། ཆོས་ལུགས་རྨོངས་དད་འདྲེས་པའི་གནའ་གཏམ་དང་ངག་རྒྱུན་ཁག་ཅིག་རྨོངས་དད་སེལ་བ་དང་ཆབས་ཅིག་ལ་ཤུལ་མེད་དུ་ཡལ་སྲིད་ལ། མི་རིགས་གང་ཞིག་གི་གནའ་བོའི་ཡུལ་སྲོལ་དམིགས་བསལ་བ་དག་མཚོན་པའི་དམངས་གླུ་དང་གཞས་སོགས་ཡུལ་སྲོལ་གོམས་འདྲིས་ཀྱི་འདོར་ལེན་དང་སྤོར་རྗེས་བྱས་པ་བརྒྱུད། མི་རྣམས་ཀྱི་དྲན་རྒྱ་ལས་ཤོར་སྲིད་པ་དང་། ཅུང་གནའ་བའི་ལྷ་འབོད་ཀླུ་འབོད་དང་། བླ་འགུག་མཆོད་གསོལ། བྱིས་པ་གཉིད་སྐུལ། དགྲ་ལྷ་དཔུང་བསྟོད། བག་མ་བསྐྱལ་བསུ་སོགས་ཀྱི་གླུའང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིམ་གྱིས་རྒྱུན་ཆད་པར་འགྱུར་སྲིད། ཉམས་འཇིག་དང་བོར་བརླག་གི་གཡང་སར་ཉེ་ཞིང་དམངས་ཁྲོད་དུ་དབུགས་ལྷེམ་ལྷེམ་རྒྱུ་བའི་ངག་རྩོམ་དེ་དག་ནི་བོད་རིགས་དམངས་ཁྲོད་རྩོམ་རིག་གི་ཞིབ་འཇུག་དང་།  ཡང་ན་དམངས་སྲོལ་རིག་པའི་ཞིབ་འཇུག་ལ་རིན་བྲལ་ནོར་བུ་ལྟ་བུའི་རྒྱུ་ཆ་ཡིན་སྲིད་པ་དང་། འགའ་ཞིག་སྤྱི་ཚོགས་དང་། གཉེན་སྒྲིག ཆོས་ལུགས། ལོ་རྒྱུས། མིའི་རིགས་ཀྱི་བསམ་བློ་འཕེལ་འགྱུར་བཅས་ཀྱི་ཞིབ་འཇུག་ལ་མཁོ་བའི་རྒྱུ་ཆ་རྩ་ཆེན་ཞིག་ཏུ་འགྱུར་སྲིད་པས། གལ་ཏེ་ཁྱབ་རྒྱུན་ཆད་ཚེ་ཧ་ཅང་ཕངས་པའི་གནས་འབའ་ཞིག་ཏུ་ཟད་དོ། །
          ང་ཚོའི་བསམ་པར་བོད་མི་དམངས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་ངག་ཐོག་རྩོམ་རིག་ང་ཚོ་མི་རབས་པས་འདིས་བསྔོག་འདོན་དང་། འཚོལ་སྡུད། དག་སྒྲིག ཞིབ་འཇུག དར་སྤེལ་བཅས་བྱས་པ་བརྒྱུད། བོད་ཀྱི་ཚན་རིག་དང་། རིག་གནས། རིག་རྩལ་གསར་རྩོམ་བཅས་ལ་སྐུལ་འདེད་དང་གོང་འཕེལ་དུ་འགྲོ་ཐུབ་པ་བྱེད་དགོས། དམིགས་ཡུལ་དེ་འགྲུབ་ཕྱིར། ཐོར་མར་ངེས་པར་དུ་སྔོག་འདོན་དང་། འཚོལ་སྡུད། དག་སྒྲིག་བཅས་ཀྱི་ལས་ཀ་ཡག་པོ་ཞིག་བསྒྲུབ་དགོས། ཅི་བས་ན། དེ་ནི་དམིགས་བསལ་ཅན་གྱི་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་ཞིག་ཡིན་ལ། དམངས་ཁྲོད་རྩོམ་རིག་ཁྱབ་ཁུངས་ནང་ལས་ཀ་ཁག་གི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ལྟ་བུའང་ཡིན། འདིར་བཤད་པའི་བསྔོག་འདོན་བྱ་རྒྱུ་ནི། བོད་རིགས་དམངས་ཁྲོད་རྩོམ་རིག་ནང་ད་དུང་རྙེད་མེད་པའི་རྩོམ་ལུས་སོ་སོའི་བརྩམས་ཆོས་དང་། ལྷག་པར་དུ་གནའ་བོའི་བོད་རིགས་དམངས་ཁྲོད་རྩོམ་རིག་དཔེར་ན་ལྷ་སྒྲུང་དང་། ལོ་རྒྱུས་རང་བཞིན་གྱི་སྒྲུང་།  ཡ་ཐོག་དམངས་གླུ། གནའ་རབས་དམངས་སྲོལ་སོགས་ཡིན། འཚོལ་སྡུད་བྱེད་པའི་དམིགས་ཡུལ་ནི། བོད་རིགས་མི་དམངས་ངག་ཐོག་གི་རྩོམ་རིག་རྣམས་སྐབས་ཤིག་ལ་ལྡིང་བའི་རླུང་གི་རྒྱུ་བ་ལྟར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཤུལ་མེད་དུ་མི་ཡལ་བར་ཉར་ཚགས་བྱེད་པའི་ཕྱིར་ཡིན་ལ། ཉར་ཚགས་ཡང་བཀོལ་སྤྱོད་ཀྱི་ཆེད་དུ་ཡིན་པ་ལས། ཉར་ཚགས་ཀྱི་ཆེད་དུ་ཉར་ཚགས་བྱེད་པ་མིན། ཡིད་རྟེན་རུང་ཞིང་འཐུས་སྒོ་ཚང་བའི་བོད་རིགས་དམངས་ཁྲོད་ཀྱི་ངག་རྩོམ་རྒྱུ་ཆ་ཨང་དང་པོ་ཁོང་དུ་ཆུད་པ་བྱས་ན། ཚན་རིག་བརྟག་དཔྱད་ཀྱི་བྱ་བ་གོང་འཕེལ་དང་། ཕུལ་དུ་བྱུང་བའི་ངག་ཐོག་བརྩམས་ཆོས་ཁྱབ་སྤེལ། བོད་མིའི་སེམས་དང་བརྩེ་དུང་ལ་རྒྱུས་ལོན། རྩོམ་རིག་བརྩམས་ཆོས་དར་རྒྱས་འོང་བ་བཅས་ལ་ཕན་ནུས་ཆེ་ཙམ་འབྱུང་ངེས་རེད། དེར་མ་ཟད། བོད་རིགས་དམངས་ཁྲོད་རྩོམ་རིག་རང་ངོས་ནས་སྤྱི་ཆོགས་རིག་པ་དང་། ལོ་རྒྱུས་རིག་པ། མི་རིགས་རིག་པ། དམངས་སྲོལ་རིག་པ། མི་རིགས་སེམས་ཁམས་རིག་པ། སྐད་རིགས་རིག་པ་བཅས་ཀྱི་ཐད་རིན་ཐང་གཞལ་གྱིས་མི་ལང་བ་མངའ་གཤིས། ཚན་རིག་བརྟག་དཔྱད་ཀྱི་སྒོ་སོ་སོར་རིན་པོ་ཆེའི་རྒྱུ་ཆ་འདོན་སྤྲོད་བྱེད་ངེས་ཡིན།
          ང་ཚོས་འཚོལ་སྡུད་དང་དག་སྒྲིག་གི་ལས་ཀར་དམངས་ཁྲོད་རྩོམ་རིག་རང་ངོས་ཀྱི་ཁྱད་ཆོས་ལྟར་ངོས་འཛིན་བྱེད་དགོས་ཤིང་།  དམངས་ཁྲོད་རྩོམ་རིག་ནི་ངལ་རྩོལ་མི་དམངས་ཀྱི་ངག་ཐོག་སྒྱུ་རྩལ་ཡིན་ལ།   དེའི་ངག་ཐོག་གི་གསར་རྩོམ་དང་ངག་ཐོག་གི་ལས་སྣོན། ངག་ཐོག་ནས་བརྒྱུད་སྤེལ་བྱེད་པའི་ཁྱད་ཆོས་ཡིག་ཐོག་རྩོམ་རིག་དང་བསྡུར་ན་དེ་བས་མང་ཚོགས་དང་ཐུན་མོང་རང་བཞིན་ལྡན་གཤིས། ཁྱབ་སྤེལ་སླ་ཞིང་གསོན་ཉམས་ལྡན་པའི་ཁྱད་ཆོས་རང་ཆས་སུ་འཛིན་ནོ། ། ཡིན་ནའང་། ཕྱོགས་གཞན་ཞིག་ནས་བོར་བརླག་དང་བརྗེད་ངེས་རྐུན་པོས་ཁྱེར་སླ་བས། དམངས་ཁྲོད་རིག་རྩལ་སྲོལ་རྒྱུན་ལ་སློབ་སྦྱོང་དང་། ཞིབ་འཇུག  རྒྱུན་འཛིན། དར་སྤེལ་བྱེད་པ་ལ་དཀའ་ངལ་བཟོས་པ་རེད།
          དོན་དུ་ང་ཚོས་བོད་མི་ཁྲི་ཚོ་འགའི་ངག་ཐོག་ནས་ཟིན་བྲིས་སུ་འདེབས་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པ་མ་ཟད། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་སྙིགས་འདོར་བཅུད་ལེན་དང་རྫུན་སྤང་བདེན་བླང་གིས་དག་སྒྲིག་ཅིག་མ་བྱས་པར་ཡིག་ཐོག་ཏུ་མཚོན་ན། རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་ཁ་བཤད་ཆུ་ཡི་ཝུ་བའི་སྤུན་དུ་འགྱུར་རོ། དེ་བས་འདིེར་ངེས་པར་ནན་བཤད་ཀྱི་ཚུལ་དུ་འགྲོ་དགོས་པ་ནི། འཚོལ་སྡུད་དང་དག་སྒྲིག་ནི་ལས་སླ་བའི་ཐབས་ཤེས་ཀྱི་གནད་དོན་ཞིག་མིན་པར། བོད་རིགས་དམངས་ཁྲོད་རྩོམ་རིག་ལ་ལངས་ཕྱོགས་དང་ལྟ་ཚུལ་ཅི་འདྲ་ཞིག་འཛིན་རྒྱའི་གནད་དོན་ལ་རག་ལས་ཡོད་ཅིང་། ང་ཚོས་འདས་ཟིན་པའི་འཚོལ་སྡུད་དང་དག་སྒྲིག་གི་ལས་ཀའི་ཁྲོད་ལངས་ཕྱོགས་དང་ལྟ་ཚུལ་འགའ་རེ་འགྲིག་མེད་པའི་ཁར་ཚན་རིག་གི་ཐབས་ཤེས་ཀྱང་མི་ལྡན་པས་ৎ འཚོལ་སྡུད་བྱེད་སྐབས་རི་དྭགས་བརྔོན་པ་ལྟ་བུའི་བསམ་བློ་དང་། ཡང་ན་སྐབས་བབ་ཀྱི་ཆབ་སྲིད་དགོས་མཁོ་ལྟར་མགོ་མེད་མཇུག་ལྡུམ་གྱི་ཚུལ་མང་ཞིང་། མི་རིགས་འདྲེས་སྡོད་བྱེད་པའི་ས་ཆར་རིགས་སོ་སོའི་མཁས་པས་ཐབས་བརྒྱ་ཇུས་སྟོང་གིས་གཞན་མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་རང་མི་རིགས་ལ་འཚོལ་སྡུད་བྱེད་པའང་ཤིན་ཏུ་མང་ངོ་། དག་སྒྲིག་གི་སྐབས་སུའང་ཕྱེ་སྒམ་ནང་དུ་སྦུན་པ་བླུག་པའི་གནས་ཚུལ་བྱུང་ཞིང་འབྱུང་མུས་ཡིན་ལ། ཐ་ན་དམངས་ཁྲོད་རྩོམ་རིག་རྒྱུ་ཆ་བྱས་ནས་རྒྱ་བོད་ཡིག་རིགས་ཟུང་གི་སྒོ་ནས་གསར་རྩོམ་ལ་འཇུག་པའང་མཐོང་རྒྱུ་ཡོད་པ་ཀུན་གྱིས་ཤེས་གསལ་རེད།  དེར་བརྟེན། ང་ཚོས་མཉམ་གཅིག་ཏུ་འཚོལ་སྡུད་དང་དག་སྒྲིག་ཡག་པོ་བྱེད་རྒྱུའི་སྐོར་ལ་བགྲོ་གླེང་གནང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བར་སྙམ།
          ང་ཚོའི་ལས་ཀ་འདི་ལེགས་འགྲུབ་ཡོང་དགོས་ན། ད་དུང་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་རིགས་པའི་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཁྱོངས་སྒོས། གཡོན་ཐལ་ཆེ་བའི་བསམ་བློ་ཡོ་བསྲང་བྱེད་དགོས་ཤིང་། གལ་སྲིད་དེ་ལྟར་བྱེད་མ་ཐུབ་ཚེ། ལོ་ངོ་སྟོང་ཕྲག་དུ་མའི་ནང་བརྒྱུད་སྤེལ་བྱས་འོང་བའི་དམངས་ཁྲོད་རྩོམ་རིག་རྣམས་ལོ་རྒྱུས་ཀྱི་ཁོར་ཡུག་ངེས་ཅན་ཞིག་གི་ནང་བཞག་སྟེ་གནད་དོན་དངོས་ལ། དོན་ངོ་མས་དབྱེ་ཞིབ་གཏོང་མི་ཐུབ་པ་ལས་ལྡོག་སྟེ་དེང་རབས་ཀྱི་མིའི་ཕུགས་བསམ་དང་ཀུན་སྤྱོད། བསམ་ཚུལ་བཅས་ནི་གང་དག་འཚོལ་སྡུད་བྱེད་ཆོག་པ་དང་། གང་དག་བྱེད་མི་ཆོག་པའི་ཚད་འཇལ་བྱེད་ཀྱི་ཐིག་ཤིང་ལྟ་བུ་དང་ཐ་ན་དེང་རབས་ཀྱི་མིའི་སྒྱུ་རྩལ་སྒྲོམ་གཞི་ལ་ཚད་བླངས་ནས་ཚད་གཞིར་ཐོན་ན་བསྡུ་ལེན་དང་།  མ་ཐོན་ན་གཡུགས་བསྐྱུར་བྱེད་པའི་ཉེས་པ་འབྱུང་ངེས་རེད།  འདི་ལྟ་བུའི་“མཁྲིས་ནད་ཅན་གྱི་མིག་ལམ་དུ་གངས་དཀར་རི་ཡང་སེར་བོར་འགྱུར་བ་”དག་གི་སྨྱུག་འོག་ཏུ་རིན་ཐང་ཆེ་བའི་རྒྱུ་ཆ་གང་མང་ཞིག་ཁྱད་གསོད་བྱས་དང་བྱེད་བཞིན་ཡོད་གཤིས། ཀུན་གྱིས་ཐུགས་མཉམ་འཇོག་གནང་རྒྱུ་ཤིན་ཏུ་གལ་ཆེའོ། །
གཉིས། དམངས་ཁྲོད་རྩོམ་རིག་གི་སྙིགས་བཅུད་ལ་ངོས་འཛིན་ཇི་ལྟར་བྱེད་རྒྱུ།
          མི་རིགས་གང་ཞིག་གི་དམངས་ཁྲོད་རྩོམ་རིག་ཡིན་ཀྱང་དེས་སྐྱིད་ལུག་བག་ཁུམ་དང་། མ་རབས་ཞེན་ཆགས།  རྩ་ཐོར་ཉགས་དམས་སུ་འགྲོ་བའི་རིགས་དང་ཐ་ན་ལོག་སྤྱོད་ཀྱི་རྩོམ་རིག་གང་དང་གང་ལ་འཐབ་རྩོད་བགྱིད་པའི་ནང་འཚར་ལོངས་བྱུང་བ་ཡིན་སྟབས།           ཉིང་བཅུད་དང་སྙིགས་མའི་གནད་དོན་ཐག་གཅོད་ཚེ་གང་ལ་ཅི་འོས་བྱེད་དགོས་པ་མ་ཟད། གཟབ་ནན་དང་ཚན་རིག་གི་རྣམ་འགྱུར་ཡང་འཛིན་དགོས་ཏེ། བློ་མཐུན་ཅ་ཀྲིས་ཀྲུང་གོ་དམངས་ཁྲོད་རིག་རྩལ་ལས་ཀ་བའི་འཐུས་མི་ཚོགས་ཆེན་ཐངས་གཉིས་པའི་སྟེང་གནང་བའི་སྙན་སྒྲོན་ནང་བསྟན་དོན་“དམངས་ཁྲོད་རྩོམ་རིག་གི་ཤུལ་བཞག་ལ་ལྟ་ཚུལ་ཇི་འདྲ་ཞིག་འཛིན་རྒྱུ་དང་།  དམངས་ཁྲོད་རྩོམ་རིག་གི་ཉིང་བཅུད་དང་སྙིགས་རོ་དབྱེ་འབྱེད་ནན་མོ་ཞིག་གནང་རྒྱུ་ནི་དམངས་ཁྲོད་རྩོམ་རིག་གི་ལས་ཀའི་ཁྲོད་གལ་ཆེ་བའི་གནད་དོན་ཞིག་ཡིན། ”ཞེས་དང་། ཁོང་གིས་ད་དུང་“སྔོན་ཆད་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱི་བསམ་བློས་དམངས་ཁྲོད་རྩོམ་རིག་ལ་ལྡོག་མེད་ཀྱི་ཤན་ཐེབས་པ་ང་ཚོས་སྦ་གསང་དང་འཛེས་བག་བྱེད་མི་འོས་ཤིང་། དེ་ཙམ་ལ་བརྟེན་ནས་དམངས་ཁྲོད་རྩོམ་རིག་གི་‘སྙིགས་རོའི’ཕྱོགས་འུད་བརྗོད་བྱེད་པ་ནོར་འཁྲུལ་ཤ་སྟག་གོ། ཆ་རྐྱེན་ངེས་ཅན་ཞིག་གི་འོག་འཚོ་ཞིང་རོལ་བའི་གནའ་མི་དང་། བྲན་གཡོག ཞིང་པ་རྣམས་རང་ཉིད་ཀྱི་སྒྱུ་རྩལ་གསར་རྩོམ་རང་གི་གྲལ་རིམ་དང་ལོ་རྒྱུས་ཀྱི་གནང་བར་བཀག་རྒྱ་དེ་དག“སྙིགས་རོར”བརྩིས་ཏེ་དམངས་ཁྲོད་རྩོམ་རིག་གི་རིན་ཐང་དང་གོ་གནས་ཇེ་དམའ་དང་ཁས་མི་ལེན་པ་ནི་ནོར་འཁྲུལ་ཡིན་པ་སྨྲས་ཅི་དགོས།” ཞེས་བཤད་པ་དང་། ལར་ཉིང་བཅུད་དང་སྙིགས་རོའི་གནད་དོན་ཐད། ཐོག་མཐའ་བར་གསུམ་གྱི་བྱེད་ཐབས་ནི། དམངས་གཙོའི་ཉིང་བཅུད་བསྡུ་ལེན་དང་བཀས་བཀོད་རྒྱུད་འཛིན་གྱི་སྙིགས་རོ་འདོར་སྤང་བྱེད་ཐབས་ནི་ཡིན། བོད་རིགས་དམངས་ཁྲོད་རྩོམ་རིག་ལའང་ང་ཚོས་རིག་གནས་མཆིས་སོ་ཅོག་གི་ཤུལ་བཞག་རྒྱུན་འཛིན་བྱེད་པ་ལྟར་ཚན་རིག་གི་ལྟ་ཚུལ་རྒྱུན་འཁྱོངས་སྒོས་གནད་དོན་དངོས་ལ་དོན་ངོ་མས་དབྱེ་ཞིབ་བྱས་ནས་ཡོངས་རྫོགས་ཁས་ལེན་པ་མི་བྱེད་ལ། ཡོངས་རྫོགས་ཁས་མི་ལེན་པའང་མི་བཤད་པར་གཟབ་གཟབ་ནན་ནན་གྱིས་གཙང་བཤེར་དང་དག་སྒྲིག་གི་ལས་ཀ་ཡག་སྒྲུབ་གནང་དགོས། ལས་དང་པོ་བ་རྣམས་ཀྱིས་གལ་འགངས་ཆེ་བའི་ལས་ཀ་འདི་གོ་རིམ་གཉིས་པ་སྟེ་དག་སྒྲིག་གི་སྐབས་སུ་རྩོམ་དགོས་ཤིང་། སྡུད་གནང་བཞིན་པའི་བྱ་རིམ་ནང་“སྙིགས་རོ་འདོར་སྤང་” གི་ཁ་གཡང་འབོད་པ་སྔ་དྲགས་ན་ཕན་པ་ལས་གནོད་པ་ཆེ་བ་མཁྱེན་དགོས་ཀྱི། གསལ་བོར་སྨྲས་ན།“ ཕྱོགས་ཡོངས་ནས་འཚོལ་སྡུད་བྱེད་”བྱེད་པའི་རྩ་དོན་དང་རྒྱབ་ཀྱིས་ཕྱོགས་སྲིད་ལ། སྟབས་བདེར་བཟོ་བའི་བསམ་བློའི་མངོན་ཚུལ་ཞིག་ཀྱང་ཡིན། རྟག་པར་སྙིགས་རོའི་ཕྱི་གོས་འོག་ཏུ་ཉིང་བཅུད་ཀྱིས་ཕྱུག་པའི་བརྩམས་ཆོས་རིན་ཐང་ཅན་མངའ་གཤིས།  ཚང་མས་དོ་སྣང་བྱེད་དགོས་ཤིང་འདོར་ལེན་གནང་སྐབས་རང་སྣང་གིས་ཁ་མཚོན་མི་གཅོད་པ་བྱེད་དགོས།
གསུམ། འཚོལ་སྡུད་བྱེད་ཐབས་སྐོར།
          སྤྱིར་འཚོལ་སྡུད་བྱེད་ཐབས་ལ་རིགས་གཉིས་མཆིས་ཏེ། དང་པོ་ནི་ཐད་ཀར་འཚོལ་སྡུད་བྱེད་པ་སྟེ། འཚོལ་ཞིབ་བཅར་འདྲི་ལ་བརྟེན་ནས་མི་དམངས་ཀྱི་ངག་ཐོག་ཏུ་བརྒྱུད་པའི་དམངས་ཁྲོད་རྩོམ་རིག་ཟིན་བྲིས་སུ་འགོད་པ་དང་། གཉིས་པ་ནི་བརྒྱུད་མས་འཚོལ་སྡུད་བྱེད་པ་སྟེ། ཚགས་པར་དང་དུས་དེབ་སོ་སོའི་སྟེང་སྤེལ་འགོད་གནང་ཟིན་པའི་བརྩམས་ཆོས་ཕྱོགས་སྡུད་བྱེད་རྒྱུ་དེ་ཡིན། དམངས་ཁྲོད་རྩོམ་རིག་ལ་ཞིབ་འཇུག་གནང་མཁན་ཞིག་ལ་མཚོན་ན། ཐབས་དེ་གཉི་ག་བསྟེན་དགོས་ཤིང་། གཤམ་དུ་འཚོལ་སྡུད་བྱེད་པའི་གནད་དོན་སྐོར་བཤད་རྒྱུ།
          ཆེད་ལས་མི་སྣ་དང་ཁུལ་དང་རྫོང་སོ་སོའི་རིག་གནས་ཁང་དང་། ཞང་རིག་གནས་ས་ཚུགས་དང་སློབ་གྲྭ་ལ་སོགས་པར་མཚོན་ན། གཏན་སྡོད་ཀྱིས་འཚོལ་སྡུད་བྱེད་རྒྱུ་ནི་ཅུང་ལེགས་པའི་ཐབས་ལམ་ཞིག་ཡིན་ལ། དེ་ནི་མི་སྒེར་དང་རུ་ཁག་ཆུང་བ་གང་རུང་སྡེ་ཚན་རེ་བྱས་ནས་ས་ཆ་ཞིག་གམ། ཞང་དང་ཡང་ན་རུ་ཆེན་ཞིག་ལ་གཏན་སྡོད་བྱས་ནས་དུས་ཡུན་རིང་བ་དང་ཆ་རྐྱེན་གང་ཡང་མེད་པར་བློ་གཅིག་སེམས་གཅིག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་འཚོ་བ་རོལ་ཞིང་། ཁོ་ཚོ་དང་མཉམ་སྡོད་མཉམ་འགྲོགས་སྒོས་ཁོ་ཚོའི་གཤིས་རྒྱུད་དང་སེམས་ཁམས། ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས་དང་ཡུལ་སྐད་ཆ་ལུགས་ལ་སོགས་པ་འདྲིས་སུ་བཅུག་པའི་རྨང་གཞི་སྟེང་།  འཚོལ་སྡུད་ཀྱི་ལས་ཀ་རྩོམ་དགོས་ཤིང་། ཐབས་ལམ་ནི་སྣ་ཚོགས་པ་སྟེ། ཁྱིམ་སྒོ་འགྲིམས་ནས་རྩད་འདྲི་གཏོང་བ་དང་། མཚན་མོར་སེམས་གཏམ་ལབ་པ། ཇ་ཁ་ཆང་ཁ་ནས་གླུ་ལེན་ཤག་འགྱེད་གཏོང་བ།  ཁོམ་དུས་གནའ་གཏམ་དང་སྒྲུང་བཤད་པའི་འདུ་ཚོགས་བསྡུ་བ། ཁེད་དང་མཚར་གཏམ་འགྲན་པ་བཅས་ཀྱི་རྣམ་པས་བསྡུ་ཆོག་ལ། གཞན་ཡང་ལམ་བར་དང་ངལ་རྩོལ་གྱི་ཁྲོད། ། ཞིང་གཉེར་ཕྱུགས་རྗེས་སོགས་སུའང་རྒྱུན་མི་ཆད་པར་འཚོལ་སྡུད་གནང་ཆོག་པ་རེད། ས་ཆ་དང་མིར་འདྲིས་པའི་རྐྱེན་གྱིས་ཕན་ཚུན་གྱི་སེམས་ནང་དོགས་འཛེམ་གང་ཡང་མེད་ཅིང་ལེན་མཁན་གྱི་གདོང་འཛུམ་གྱིས་ཁེངས་ཤིང་། བཤད་མཁན་ལ་སྤོབས་པ་ཆེ་ཆེར་རྒྱས་པས་སྙན་ངག་དང་གནའ་གཏམ་གང་ཡིན་ཡང་ལྷག་པར་གསོན་ཉམས་ལྡན་ལ། འཚོལ་སྡུད་བྱས་པའི་བརྩམས་ཆོས་ཀྱི་སྤུས་ཚད་རང་ཤུགས་ཀྱིས་མཐོ་བ་སྨྲས་ཅི་དགོས། གཏན་སྡོད་པ་དེ་འབྲོག་ལས་དང་ཞིང་ལས་ཕྱི་དང་ནང་གི་ལས་ཀ་ཁྱད་མེད་པར་ཞུགས་ཆོག་ཅིང་། ཆུང་བྱིས་པ་ནས་རྒན་དབུ་དཀར་བར་འབྲེལ་གཏུག་བྱེད་རྒྱུ་གལ་ཆེ་སྟེ། ཁོ་ཚོའི་ལོ་ཚད་དང་། ཕོ་མོ། ལས་བགོས། མྱོང་བརྒྱུད། སྐྱེས་ཁུངས་སོགས་མི་གཅིག་པའི་དབང་གིས་ཁོ་ཚོའི་ངག་ཐོག་ཏུ་བརྒྱུད་པའི་རྩོམ་རིག་བརྩམས་ཆོས་ཀྱང་གཅིག་མཚུངས་མིན་པ་རེད། དེ་བས་ལྷག་པར་ཁྱབ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་རིགས་མི་གཅིག་པའི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་རྒྱུ་ཆ་བསྔོག་འདོན་དང་བསྡུ་སྒྲིག་གནང་ཐུབ་ཀྱི་རེད།
          ཡིན་ནའང་། ལས་ཀའི་སྒྲུབ་གནས་ཀྱི་དབང་གིས། གྲོང་གསེབ་ཏུ་ཡུན་རིང་བསྡད་དེ་འཚོལ་སྡུད་ཀྱི་ལས་ཀ་བསྒྲུབ་མི་འཚམ་ན། དུས་ཡུན་ཐུང་ངུར་མར་སོང་ནས་འཚོལ་སྡུད་བྱེད་དགོས་ལ། འཚོལ་ཞིབ་བྱེད་ཐབས་དེར་མི་སྒེར་དང་རུ་ཁག་གང་རུང་ལ་སོང་ཆོག་ཅིང་། མ་སོང་བའི་ཡར་སྔོན་ཕྱོགས་གཉིས་ཙམ་ལ་སྟ་གོན་གང་ལེགས་གནང་དགོས་རྒྱུ་སྟེ།
          1.ཡུལ་དང་ས་ཆ་གང་ལ་འགྲོ་ནའང་། ཐོག་མར་ཡུལ་ཕྱོགས་དེར་ལོ་རྒྱུས་མི་སྣའམ་དཔའ་བོ་དཔའ་མོ། ཡུལ་ལྗོངས་གྲགས་ཅན། གནས་རྟེན་ཁྱད་པར་ཅན། སྡེ་དཔོན་མཁས་ཅན། གནའ་བོའི་གཡུལ་འགྱེད་སོགས་ཀྱི་ངག་རྒྱུན་མངའ་མིན་ལ་བློ་གདེང་ཡོད་པ་བྱས་ན། དམིགས་ཡུལ་གསལ་ཞིང་བྱེ་བྲག་ཏུ་སྣང་བ་དང་། ལྷག་པར་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་དང་། གཉེན་བཤད་སྟོན་བཤད་སོགས་ནི་ཁྱོད་ཀྱིས་བརྔོན་པའི“རི་དྭགས”གཙོ་བོ་ཡིན་ཕྱིར། སྔ་མོ་ནས་འབེན་མཐོང་བར་བྱེད་དགོས།
          2.གང་ཞིག་འཚོལ་སྡུད་བྱེད་རྒྱུ་གཏན་འཁེལ་བྱུང་ཚེ། གོ་སྐབས་དམ་འཛིན་བྱེད་རྒྱུ་སྟེ། དཔེར་ན། དམངས་གླུ་(ཨ་མདོའི་ལ་གཞས)འཚོལ་སྡུད་གནང་བསམ་ན། མཚོ་སྔོན་ཕྱོགས་སུ་མཚོན་ན་ཁྱོད་ཀྱིས་ངེས་པར་ཁུལ་སོ་སོའི་ཁུལ་སྟོན་དང་ཁྲི་ཀའི་ལྷ་རྩེ། གཅན་ཚའི་མ་ཎི། རེབ་གོང་ཀླུ་རོལ་སོགས་ལ་གཞས་སྐོར་འཐེན་(ལེན) བྱེད་པའི་ཚོགས་དབུས་སུ་སོང་ནས་སྔོན་བརྡ་བརྒྱབ་སྟེ། དེང་རབས་འཕྲུལ་ཆས་སོགས་ལ་བརྟེན་ནས་བསྡུ་དགོས། དེ་བཞིན་གནའ་བོའི་ལྷ་སྒྲུང་དང་ངག་རྒྱུན། མོ་ཚིག་སྲོལ་གླུ་སོགས་འཚོལ་སྐབས་ལྷ་བ་དང་མོ་བ། ཨ་མཆོད། འཇིག་རྟེན་རྒད་པོ་(མོ་) བཅས་བཙལ་ན་ཆ་ཚང་རྒྱུར་ཕན་ཆེ་ཞིང་།   འདིར་ལོ་ཚད་དང་སྐྱེས་ཁུངས་སོགས་ཀྱང་འདང་རྒྱག་ས་གལ་ཆེན་ཞིག་ཡིན་ཏེ། སྤྱིར་བཏང་དུ་ལྷ་སྒྲུང་དང་ངག་རྒྱུན། གནའ་བའི་ཡུལ་སྲོལ་སོགས་རྒས་འཁོགས་རྣམས་ལས་བསྡུས་ན་ལེགས་ཤིང་། ལ་གཞས་དང་རོགས་འཐེན་སོགས་དར་མ་དང་ན་གཞོན་ཕོ་མོ་རྣམས་ལས་བསྡུ་འོས་ཤིང་། བྱིས་གླུ་དང་བྱིས་སྒྲུང་། གཉིད་འགུག་གི་གླུ་དབྱངས་ནི་རྒན་མོ་དང་མ་མ་རྣམས་ལས་བསྡུ་རྒྱུ་དང་། མཚར་གཏམ་དང་ཟུར་ཟའི་གནའ་གཏམ་ནི་གཡོག་པོ་གཡག་མོ་དང་ཞིང་འབྲོག་དབུལ་བོ་རྣམས་ལས་བསྡུས་ན་འབྲས་བུ་མི་དམན་པ་ཞིག་ཐོབ་བོ། །
          གཞན་ཡང་འཚོལ་སྡུད་ཁྲོད་མཉམ་འཇོག་བྱེད་དགོས་པའི་གནད་དོན་འགའ་མཆིས་པ་ནི།
          དང་པོ། འཚོལ་སྡུད་བྱས་པའི་བརྩམས་ཆོས་ཀྱི་རྒྱུན་ཁྱབ་པའི་ས་ཆ་དང་བཤད་མཁན་གྱི་མིའམ་གླུ་བའི་(མ)རུས་མིང་དང་། ལོ་ཚོད། ཕོ་མོ། སྐྱེས་ཡུལ། ལོ་རྒྱུས་མདོར་བསྡུས་དང་། དམངས་ཁྲོད་རྩོམ་རིག་ལ་འབྲེལ་བ་ཡོད་པའི་ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས། ལོ་རྒྱུས་རྒྱུ་ཆ་ལ་སོགས་གསལ་འགོད་གནང་དགོས་ཤིང་། ཆ་རྐྱེན་གྱིས་རུང་ན་བརྩམས་ཆོས་གཙོ་བོ་རྒྱུན་ཁྱབ་བྱེད་པའི་ལོ་ཚིགས་ལ་རྟོག་ཞིབ་བྱས་ནས་ཟིན་བྲིས་སུ་བཀོད་ན་ལྷག་པར་བཟང་ངོ་། །
          གཉིས་པ། གོ་བ་ལེན་ཐུབ་མེད་པ་དང་ཡང་ན་གོ་བ་གཏིང་མི་ཟབ་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་། གླུ་ཚིག་དམ་དུམ། ཕལ་སྐད་ལུང་སྐད་སོགས་ལ་ངེས་པར་དུ་གཟབ་ནན་ཏན་ཏིག་གིས་རྩད་འདྲི་དང་བརྟག་དཔྱད་ཡག་པོ་བྱས་ནས་ཟུར་བཀོད་ཟིན་བྲིས་སྦྱོར་དགོས།
          གསུམ་པ། ཅུང་རིང་བའི་ལྷ་སྒྲུང་དང་ལོ་རྒྱུས་སྙན་ངག དཔའ་བོའི་རབས་དང་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག ཕོ་མོའི་བརྩེ་མགུར་སོགས་ས་ཆ་གཅིག་ནས་བཤད་མཁན་གཅིག་གིས་བཤད་པ་ཁ་མི་ཚང་ཚེ། “མི་ཤེས་ན་མིར་ཕྲིས། མི་རིག་ན་སྒང་ལ་བུད་”ཅེས་པ་ལྟར། ས་གཞན་དང་མི་གཞན་བཙལ་ནས་ཐབས་བརྒྱ་ཇུས་སྟོང་གིས་ཆ་ཚང་དུ་འཇུག་དགོས།
          བཞི་པ། གཏམ་རྒྱུད་གཅིག་ལ་བཤད་ཚུལ་སྣ་མི་འདྲ་བ་དུ་མ་མངའ་བ་དག སྣ་ཁ་ཚང་མ་ཟིན་བྲིས་སུ་འགོད་དགོས་ཤིང་། བྱུང་རིམ་འགའ་ཤས་ལ་ཆད་ལྷག་གི་ཧེ་བག་ཅི་འདྲ་ཆེ་ཡང་དེ་ལྟར་དུ་ཟིན་བྲིས་སུ་འགོད་ཐུབ་པ་བྱེད་རྒྱུ་ནི་ཕྱོགས་བསྡུས་དག་སྒྲིག་སྐབས་སུ་བསྡུར་བའི་ཞིབ་འཇུག་ལ་མེད་མི་རུང་བ་ཞིག་ཡིན།
          ལྔ་པ། གལ་སྲིད་གྲོང་གསེབ་ཏུ་འགྲོ་བའི་ཆ་རྐྱེན་ལྡན་ན། ཟིན་བྲིས་རྒྱག་པ་དང་། སྒྲ་ལེན་པ། པར་རྒྱག་པ། རི་མོར་འབྲི་བ་བཅས་འཚོལ་ཞིབ་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལེན་མཁན་དང་བཤད་མཁན་གྱི་གོན་པ་དང་རྣམ་འགྱུར་སོགས་ཇི་བཞིན་དུ་བསྡུ་ཐུབ་ན་དེ་བས་ལེགས་སོ། །
          དྲུག་པ།  མི་རིགས་གཞན་པའི་འཚོལ་སྡུད་པས། གལ་ཏེ་མི་རིགས་དེའི་སྐད་ཆ་མི་གོ་ན། ལོ་ཙཱ་ལ་མཁས་པ་ཞིག་གྲོགས་སུ་བསྟེན་རྒྱུ་ཧ་ཅང་གལ་ཆེ་སྟེ། ལས་ཀ་འདི་རང་སྣང་གིས་ཧུར་བརྩོན་ལ་བརྟེན་ནས་འགྲུབ་དཀའ་བར་བརྟེན།  ངེས་པར་དུ་ས་དེའི་རིག་གནས་སྡེ་ཁག་གི་རྒྱབ་སྐྱོར་འོག་ཁོ་ཚོས་ལོ་ཙཱ་ཁྱེར་ཐུབ་པའི་འགྲོ་གྲོགས་ཤིག་ངོ་སྤྲོད་གནང་འོང་རྒྱུ་བྱེད་དགོས།
          མདོར་ན། འཚོལ་སྡུད་ཀྱི་ལས་ཀ་ནི་བོད་རིགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་ལས་ཀ་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་རིག་གནས་དར་སྤེལ་དང་དམངས་ཁྲོད་ངག་ཐོག་གསར་རྩོམ་སྐུལ་འདེད་གཏོང་བའི་ལས་ཀ་གལ་ཆེན་ཞིག་ཀྱང་ཡིན། དེའི་རྩ་བའི་དོན་སྙིང་ནི་ངལ་རྩོལ་མི་དམངས་ལ་སློབ་སྦྱོང་དང་། ངལ་རྩོལ་མི་དམངས་ལ་ཞབས་འདེགས་ཞུ་བ། ཁོ་ཚོའི་མགྲིན་ཚབ་པ་རྣམ་དག་ཅིག་བྱས་ནས་ངལ་རྩོལ་མི་དམངས་ཀྱི་གསར་རྩོམ་ང་ཚོའི་ལག་པ་བརྒྱུད་དེ་དར་སྤེལ་གཏོང་བ་བྱེད་རྒྱུ་དེ་ཡིན།
བཞི། ཟིན་བྲིས་རྣམ་དག་ཡིན་དགོས།
          དམངས་ཁྲོད་རྩོམ་རིག་གང་ཡིན་ཀྱང་ངག་ཐོག་རང་བཞིན་དང་། ཐུན་མོང་རང་བཞིན། གཞན་འགྱུར་རང་བཞིན་བཅས་ཀྱི་ཁྱད་ཆོས་མངའ་སྟབས། འཚོལ་སྡུད་གནང་སྐབས་ངེས་པར་ཟིན་བྲིས་རྣམ་དག་ཡིན་དགོས་ཏེ། རྣམ་པར་དག་པའི་གནའ་བོའི་ཟིན་བྲིས་ནི། ཚན་རིག་ཞིབ་འཇུག་གི་གོམ་རིམ་དང་པོ་ཡིན་པ་མ་ཟད། དམངས་ཁྲོད་རྩོམ་རིག་བརྩམས་ཆོས་རྒྱ་ཆེར་སྤེལ་བའི་རྟེན་གཞིའང་ཡིན།
          བོད་རིག་དམངས་ཁྲོད་རྩོམ་རིག་ཀྱང་དམངས་ཁྲོད་རྩོམ་རིག་གཞན་དང་འདྲ་བར་ངག་ཐོག་དང་སྙན་ལམ་ནས་བརྒྱུད་པའི་སྒྱུ་རྩལ་ཞིག་ཡིན། སྔོན་ཆད། རིག་གནས་ཀྱི་དབང་ཆ་དབང་བསྒྱུར་གྲལ་རིམ་གྱིས་སྒེར་སྡེམ་དང་མི་མང་ཆེ་བ་ཡིག་རྨོངས་སུ་ལུས་རྐྱེན་སོགས་ཀྱིས་མི་དམངས་ཀྱི་ངག་རྩོམ་ཚང་མ་ཧ་ལམ་དྲན་པ་ལ་བརྟེན་ནས་ཉར་ཚགས་བྱེད་དགོས་པའི་ཚོད་དུ་སྣང་ཞིང་། ཁོ་ཚོའི་རྩོམ་རིག་གཙུག་ལག་ཀྱང་མིའི་ཀླད་པ་ལས་མ་འདས་སོ། ། ངག་གི་རྒྱུན་ཡང་དོན་དུ་མི་འདིའི་དྲན་པ་མི་དེ་ལ་བརྒྱུད་པ་དང་།  ས་འདིའི་ངག་རྒྱུན་ས་དེ་ལ་བརྒྱུད་པའམ།  ཡང་ན་མི་རིགས་འདིའི་ངག་རྒྱུན་མི་རིགས་དེ་ལ་བརྒྱུད་པ་ཚང་མ་ངག་ཐོག་དང་སྙན་ལམ་ལ་བརྟེན་དགོས་ཤིང་། ཉར་ཚགས་ཀྱི་བང་མཛོད་ལྟ་བུ་ནི་དྲན་པ་ཁོ་ན་ཡིན། བོད་རིགས་ངལ་རྩོལ་མི་དམངས་ཁྲོད་མི་ཁ་ཤས་ཤིག་དུས་ཡུན་རིང་བོའི་སྦྱོང་བརྡར་བྱས་པ་བརྒྱུད་ཁོ་ཚོར་དྲན་ཤེས་ཀྱི་ནུས་པ་ཧ་ལས་དགོས་པ་ཡོད་དེ། མི་ལ་ལས་《གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་》པོད་སུམ་བཅུ་ལྷག་ཚིག་དང་ཡིག་འབྲུ་རེ་རེ་བཞིན་བློ་ཐོག་ནས་འདོན་ཐུབ་པ་རེད། ཚུལ་དེར་བལྟས་ན། དྲན་པའི་ནང་ཉར་ཚགས་བྱས་ཡོད་པའི་དམངས་ཁྲོད་རྩོམ་རིག་ལ་ཚད་ངེས་ཅུཅན་ཞིག་ནས་ཡིད་རྟོན་གནང་ཆོག་ཅིང་། གལ་སྲིད་དེར་ཁས་མ་བླངས་ན། དམངས་ཁྲོད་རྩོམ་རིག་དྲན་ཤེས་ལ་བརྟེན་ནས་ཉར་ཚགས་བྱེད་ཐུབ་པའི་དོན་དངོས་ལ་བསྙོན་བཙུགས་པ་དང་ཁྱད་མེད་དོ། །
          ཡིན་ནའང་།  ཕྱོགས་གཞན་ཞིག་ནས་དྲན་པ་ནི་ཡི་གེ་པར་ལ་བརྐས་པ་ལྟ་བུ་ཞིག་ཡིན་སྲིད་པས། ཚིག་དང་ཡིག་འབྲུ་ཇི་མ་ཇི་བཞིན་བློ་ནས་བརྒྱུད་རྒྱུ་ནི་ཧ་ཅང་གིས་དཀའ་བ་རེད། སྤྱིར་བཏང་དུ་གླུ་དང་། ལ་གཞས། གཏམ་དཔེ། བྱིས་སྒྲུང་། ཁེད་སོགས་ཅུང་བློར་འཛིན་བདེ་བའི་གྲས་མ་གཏོགས། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་དང་། ལོ་རྒྱུས་སྙན་ངག གཏམ་རྒྱུད་རིང་གྲས་སོགས་ཚིག་འབྲུ་རེ་རེ་བཞིན་བློར་ངེས་པའི་མི་ཉུང་ཤས་ནང་གི་ཉུང་ཤས་ཡིན་གཤིས། མི་མང་ཤས་ཀྱི་བློར་ཡོད་ནའང་བྱུང་རིམ་དང་གཏམ་རྒྱུད་ཀྱི་སྤྱི་ཁོག་ཙམ་ལས། དེའི་སྐད་ཆ་དང་སྣང་བརྙན་གྱི་ཕྱོགས་མ་ལུས་པར་ངེས་དཀའ་བ་རེད། དེ་བས་དྲན་ཤེས་ཁོ་ནར་བརྟེན་ནས་ཉར་ཚགས་བྱེད་པ་འདིས་བརྩམས་ཆོས་ཅི་འདྲ་མང་བ་ཞིག་མིའི་ན་ཚོད་རྒས་པ་དང་། ཤི་འདས་བྱེད་པ། སྤྱི་ཚོགས་ཀྱི་འཕོ་འགྱུར་བཅས་དང་བསྟུན་ནས་འཐོར་བརླག་དང་བརྗེད་ངེས་ལ་ཁྱེར་དུ་བཅུག་པ་སུ་ཞིག་གིས་ཤེས་ཐུབ། དེར་བརྟེན་ང་ཚོས་ཚན་རིག་གི་བྱེད་ཐབས་སྤྱད་དེ་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་སྒོས་དྲན་ཤེས་ཀྱི་ཉར་ཚགས་ཤོག་ངོས་སྟེང་སྤོར་རྒྱུ་དང་། ལས་ཀའི་ཁྲོད་“བང་མཛོད་”དེ་དག་དང་གདོང་གཏུག་བརྒྱབ་སྟེ་ཡིག་འབྲུ་རེ་རེ་བཞིན་ཟིན་བྲིས་སུ་འགོད་དགོས།
          མི་རིགས་མི་གཅིག་པ་དང་སྐད་ཆ་མི་གཅིག་པའི་གནས་ཚུལ་འོག་ཟིན་བྲིས་རྣམ་དག་ཅིག་འགོད་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད། དཔེར་ན། བོད་སྐད་མི་གོ་བ་ཞིག་གིས་སྒྲུང་བའི་ངག་གི་རྣམ་པ་ཇི་མ་ཇི་བཞིན་ཟིན་བྲིས་རྣམ་དག་ཅིག་འགོད་འདོད་པ་ནི་མོས་པ་ལེགས་པ་ཙམ་ལག་ལེན་དུ་དཀའ་བའི་གནས་འབའ་ཞིག་ཏུ་ངེས་བ་མ་ཟད། ལོ་ཙཱ་ལ་བརྟེན་ནས་ཟིན་བྲིས་རྣམ་དག་ཅིག་འགོད་རྒྱུ་ཞེསཔའང་དོན་ལ་མི་གནས་པའི་ཧམ་གཏམ་དུ་ཐལ་བས་ན། མི་རིགས་རང་གི་དམངས་ཁྲོད་རྩོམ་རིག་ལས་ཀ་བ་གསོ་སྐྱོང་གནང་རྒྱུ་ནི་རང་རེ་བོད་ལ་མཚོན་ན་འཕྲལ་དུ་སྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་རེད། འོ་ན། ཟིན་བྲིས་རྣམ་དག་ཅིག་འགོད་པའི་གཞི་རྩའི་བླང་བྱ་གང་ཡོད་ཅེ་ན། རྣམ་པར་དག་པའི་ཟིན་བྲིས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི། མ་རྩོམ་དང་ཇི་མ་ཇི་བཞིན་མཐུན་དགོས་པ་དང་། བདེན་པའི་སྒོ་ནས་མ་རྩོམ་མཚོན་པའི་ཐོག་ཕྱོགས་ཐམས་ཅད་ཀྱི་རྣམ་པ་མི་ཤོར་བ་བྱེད་ཏེ། སྒྲུང་བ་དང་གླུ་བ་སོགས་ཀྱི་ངག་སྒོ་དང་ཡོངས་སུ་མཐུན་པ་བྱེད་རྒྱུ་དེ་རེད།  མ་རྩོམ་གྱི་བསམ་བློའི་ནང་དོན་དང་། སྒྱུ་རྩལ་རྣམ་པ། སྐད་ཆའི་ཁྱད་ཆོས་བཅས་ལ་འདོར་ལེན་མེད་པའི་སྒོ་ནས་ཟིན་བྲིས་སུ་འགོད་དགོས་ཤིང་། འདིར་སྐད་ཆའི་གནད་དོན་ནི་ལྷག་པར་གཅིགས་ཆེ་བ་སྟེ། སྒྲུང་བ་སོགས་ཀྱི་སྐད་ཆ་ནི་མ་རྩོམ་གྱི་བསམ་བློའི་རྣམ་པ་མཚོན་པའི་གཞི་རྩའི་རྒྱུ་ཆ་ཡིན་གཤིས། ལས་དང་པོ་བ་རྣམས་ཀྱིས་ཡུལ་དེའི་མང་ཚོགས་ཀྱི་ཡུལ་སྐད་ཐད་ཀར་ངག་ཐོག་གསར་རྩོམ་ནང་ཐོན་ཚེ། དེས་ནང་དོན་མཚོན་ཐུབ་པ་མ་ཟད། ཉམས་དང་འགྱུར་བའང་མཚོན་བཞིན་ཡོད་པས་ཡུལ་སྐད་ནི་མཐོང་ཆུང་བྱེད་ས་ཞིག་ཡེ་ནས་མིན་ནོ། ། དེ་ལ་སྐུ་ཞབས་ལོ་ཧྲིས་ཀྱང་“ཉམས་མྱོང་དེའི་སྟེང་ནས། ངས་གོ་བདེ་བའི་རིག་རྩལ་ལ་གལ་སྲིད་དེའི་ས་གནས་རང་བཞིན་ཤོར་བ་ན།། སྐད་ཆ་དང་བྲོ་བ་གང་གི་ཐད་ནས་ཀྱང་དེའི་གྲུང་ཤ་དོད་ཅིང་ཡིད་འགུགས་པའི་ནུས་ཤུགས་ཉམས་འགྲོ་བ་རྟོགས་པར་བརྟེན། ང་ལ་དམངས་ཁྲོད་ཀྱི་བསམ་པའི་རྒྱགས་ཕྱེ་ས་གནས་ཤིག་གི་ཡུལ་སྐད་ཀྱིས་འབྲི་བ་དང་། དེ་ནས་ས་གནས་སོ་སོའི་ཕལ་སྐད་ལ་བསྒྱུར་ན། གཞི་ནས་དེའི་རིག་རྩལ་གྱི་རང་བཞིན་འཛིན་ཐུབ་པར་སྙམ་པའི་ཚོར་བ་བཅོས་མིན་དུ་སྐྱེས། དེ་ལས་ལྡོག་སྟེ། ཚིག་རེངས་ཤིང་གྱོང་བ་དང་སྐྱེ་སྟོབས་བྲལ་བའི་སྣག་ཤོག་ལ་བསྟེན་ན། ས་ཆ་སོ་སོའི་མིས་ཨུ་ཚུགས་ཀྱིས་གོ་ཐུབ་ནའང་། སེམས་འགུལ་ཐེབས་པའི་ནུས་པ་ཆེར་མི་ལྡན་པ་རེད།”ཅེས་གསུངས་པར་གཞིགས་ན། ཡུལ་སོ་སོའི་ཕལ་སྐད་ལ་ཞིབ་འཇུག་གནང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་གྱི་གནས་སུ་འཇོག་དགོས།  གཞན་ད་དུང་ཟིན་བྲིས་རྣམ་དག་ཅིག་འགོད་དགོས་ན། ལོ་རྒྱུས་ཀྱི་དུས་རིམ་སོ་སོར་སྐབས་དེའི་དབང་བསྒྱུར་མི་སྣའི་མིང་འབོད་སྲོལ་སོགས་ལ་དོ་སྣང་བྱེད་དགོས་ཏེ། གཏམ་རྒྱུད་བཤད་མཁན་གྱིས་ཇི་ལྟར་བོས་ན།  ཁྱོད་ཀྱིས་དེ་ལྟར་འབྲི་དགོས་པ་ལས། ཆབ་སྲིད་སྟེང་གི་དོགས་སྣང་ཁ་ཤས་རྐྱེན་དུ་བསམ་ནས་འབོད་ཚུལ་དེ་དག་དེང་སྐབས་ཀྱི་ལྟ་ཚུལ་ལྟར་བསྒྱུར་མི་ཆོག་པ་དང་།  དེའི་དམིགས་ཡུལ་ནི་དམངས་ཁྲོད་རྩོམ་རིག་ཆེ་གེ་མོ་ཞིག་ནམ་ཐོན་པའི་ལོ་རབས་དང་དུས་རབས་ཀྱི་གནས་ཚུལ་བཅས་ལ་རྟོག་དཔྱོད་གཏོང་བར་ཕན་པ་འབྱུང་བའི་ཆེད་དུ་ཡིན།
ལྔ། གཟབ་ནན་གྱིས་དག་སྒྲིག་བྱེད་དགོས།
          དག་སྒྲིག་ནི་བོད་རིགས་དམངས་ཁྲོད་རྩོམ་རིག་ལ་སྙིགས་འདོར་བཅུད་ལེན་དང་རྫུན་སྤང་བདེན་འཛིན་བྱེད་པའི་བྱེད་ཐབས་དམིགས་བསལ་བ་དེར་བརྗོད་པ་ཡིན་ལ། ཡང་གཅིག་བཤད་ན། ངལ་རྩོལ་མི་དམངས་ཀྱི་ངག་ཐོག་གསར་རྩོམ་གྱི་སྔོན་འགྲོའི་ཆ་རྐྱེན་འོག ཕྱོགས་ཡོངས་ནས་འཚོལ་སྡུད་དང་ཟིན་བྲིས་རྣམ་དག་གི་རྨང་གཞི་སྟེང་། དར་སྤེལ་དང་ཁྱབ་གདལ་དུ་གཏོང་ཕྱིར་རྨང་གཞི་ཅུང་ལེགས་པའི་བརྩམས་ཆོས་ཁག་ཅིག་ལ་ལེགས་སྒྲིག་དང་ཁ་བསྣོན་བྱས་ཏེ་མཐར་ཡི་གེའི་གཟུགས་སུ་བཀོད་དེ་གཏན་འབེབས་བྱེད་པ་དེ་ཡིན། མིག་སྔར། དམངས་ཁྲོད་རྩོམ་རིག་གི་དག་སྒྲིག་ལ་ལྟ་ཚུལ་གཉིས་ཡོད་པ་ལས། གཅིག་ནི་ཆད་ལྷག་ལ་ཁ་བསྐོང་དང་འཕྲི་འཐེན་མི་བྱེད་པ་སྟེ། དམངས་ཁྲོད་རྩོམ་རིག་གང་ཞིག་ཡིན་ཡང་ལོ་རབས་རྒྱང་ཐག་རིང་བའི་སྟབས་ཀྱིས་དམ་དུམ་ཐ་ཐོར་གྱི་ཚུལ་དུ་ལུས་ཤིང་ཆ་མི་ཚང་མོད། དེའི་རིན་ཐང་ངོ་མ་མི་ཤོར་བའི་ཕྱིར། དག་སྒྲིག་གནང་མཁན་གྱིས་དེའི་ཆད་ལྷག་ལ་འོལ་ཚོད་ཀྱིས་ཁ་བསྐོང་མ་གནང་ན་ལེགས་བསམ་པ་དང་། གཞན་ཞིག་ནི་དམངས་ཁྲོད་རྩོམ་རིག་ས་འོག་ནས་ཐོན་པའི་རིག་དངོས་དང་མཚུངས་པར་དེའི་སྟེང་འབྱར་འདུག་པའི་འདམ་ལ་སོགས་པ་འབྲད་དགོས་ཤིང་།  ལྷུ་ལག་འགའ་རེར་ཆག་སྐྱོན་ཤོར་བ་ལག་རྩལ་མཐོན་པོས་བཟོ་བཅོས་གནང་སྟེ།  སྔོན་གྱི་འོད་སྟོང་འབར་བའི་རྣམ་པ་སླར་གསོ་དང་།  ཡང་སྐྱར་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་འབུལ་བའི་བསམ་བློ་རིགས་གཉིས་བྱུང་བར་གུ་ཡངས་དོག་གི་དབྱེ་བ་མཆིས་ནའང་། གཟབ་ནན་གྱིས་དག་སྒྲིག་གནང་དགོས་རྒྱུའི་འདོད་ཚུལ་འདྲ་མཚུངས་ཡིན་ལ། དེས་དག་སྒྲིག་བྱེད་མཁན་རྣམས་ལ་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རྩ་དོན་བརྩི་སྲུང་སྒོས། རྣམ་འགྱུར་ནན་མོ་དང་ཚན་རིག་གི་བྱེད་ཐབས་སྤྱད་དེ་རགས་འདོར་ཞིབ་ལེན་དང་། རྫུན་སྤང་བདེན་འཛིན་བཅས་ཀྱིས་མ་རྩོམ་གྱི་ཁྱད་ཆོས་ཇི་བཞིན་མཚོན་པའི་དམིགས་ཡུལ་ལ་སླེབས་རྒྱུའི་བླང་བྱ་བཏོན་པ་རེད། ཡིན་ནའང་། དམངས་ཁྲོད་རྩོམ་རིག་དག་སྒྲིག་གི་ལས་ཀའི་ཁྲོད་གང་འདོད་འདོད་བཟོ་བཅོས་རྒྱག་པ་དང་རྫུན་མས་བདེན་ཚབ་བྱེད་པ་བཅས་ཀྱིས་དང་ཐོག་གི་དམངས་ཁྲོད་བརྩམས་ཆོས་ཀྱི་རྣམ་པ་དང་གཏན་ནས་མི་གཅིག་པར་བཟོས་ཤིང་། འདི་ལྟ་བུའི་ནོར་འཕྲུལ་ཕྱོགས་ལྷུང་གི་རླུང་ཡན་གཡུགས་ནས་ཡུན་རིང་སོང་གཤིས། དམངས་ཁྲོད་རྩོམ་རིག་གི་ལས་ཀར་གནོད་པ་ཧ་ཅང་ཆེ་བ་རེད།  ང་ཚོས་ཟིན་བྲིས་ལ་བློ་མི་དཀར་ཞིང་རང་སྣང་གང་ཤར་གྱིས་སྒྲིག་བཟོ་བྱེད་པར་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་ཐུབ་པ་དང་ཡུན་རིང་བོར་བརྒྱུད་འོང་བའི་དམངས་ཁྲོད་བརྩམས་ཆོས་ལ་གཟབ་ནན་གྱི་རྣམ་འགྱུར་བཟུང་ནས་ཞིབ་འཇུག་གང་ལེགས་གནང་དགོས། དམངས་ཁྲོད་གསར་རྩོམ་གྱི་སྒྱུ་རྩལ་བྱེད་ཐབས་དང་སྐད་ཆའི་ཁྱད་ཆོས་སོགས་ལའང་བརྩི་སྲུང་དང་དགའ་གཅེས་བྱེད་པ་ལས། བབ་ཅོལ་དུ་“དག”ཕུད་མི་རུང་ངོ་། ། གཞན་ད་དུང་པར་སྐྲུན་ལས་ཁུངས་ཀྱི་རྩོམ་སྒྲིག་པ་སེམས་བཟང་འགའ་རེས་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་དང་སྒྱུ་རྩལ་ཆོས་ཉིད་ལ་མི་ལྟ་བར། སྤྱིར་བཏང་གི་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་བླང་བྱ་ལྟར་དམངས་ཁྲོད་རྩོམ་རིག་ལ་གང་འདོད་འདོད་དག་འཕྲི་དང་ལས་སྣོན་བརྒྱབ་ནས་དམངས་ཁྲོད་རྩོམ་རིག་དང་ཐོག་གི་རྩོམ་གཤིས་ལ་གཏོར་སྐྱོན་ཐེབས་པ་དང་། དེ་ལས་ཀྱང་ཚབས་ཆེ་བ་ནི་མི་ལ་ལས་ལོ་རྒྱུས་གླུ་གཞས་དང་། ཡུལ་གཞས་རྫུན་བཟོ་བྱས་ཏེ་ངལ་རྩོལ་མི་དམངས་ལོ་རྒྱུས་ཀྱི་བདེན་ངེས་རང་བཞིན་འཁྱོག་བཤད་དང་དམངས་ཁྲོད་རྩོམ་རིག་གི་རིན་ཐང་ལ་རྡོག་བརྫིས་གཏོང་བཞིན་ཡོད་པར་བརྟེན། ང་ཚོས་ཐོག་མར་དག་སྒྲིག་དང་། བཅོས་སྒྲིག་ཡང་སྐྱར་གསར་རྩོམ་བཅས་ལ་རྩ་བའི་ཐོག་ངོས་འཛིན་བྱེད་དགོས་ཤིང་། ལས་ཀའི་ངོ་བོར་དབྱེ་བ་གསལ་བོ་ཕྱེ་སྟེ་བཅོས་སྒྲིག་དང་ཡང་སྐྱར་གསར་རྩོམ་གྱིས་དག་སྒྲིག་གི་ལས་ཀའི་ཚབ་བྱེད་མི་ཆོག འོ་ན། དག་སྒྲིག་དང་བཅོས་སྒྲིག ཡང་སྐྱར་གསར་རྩོམ་གསུམ་པོའི་འབྲེལ་བ་དང་ཁྱད་པར་ཇི་ལྟར་དབྱེ་ཞ་ན།
          གོང་ནས་སྨྲས་ཟིན་པ་ལྟར། དག་སྒྲིག་ནི་སྤྱིར་བཏང་གི་རྩོམ་རིག་གསར་རྩོམ་དང་ཁྱད་པར་ཡོད་ཅིང་། ངག་ཐོག་གི་རྩོམ་རིག་བརྩམས་ཆོས་དེ་ངག་ཐོག་ནས་ཡིག་ཐོག་ཏུ་ཕབ་པའི་ཐུན་མོང་མ་ཡིན་པའི་ལས་ཀའི་གོ་རིམ་ཞིག་སྟེ། དང་ཐོག་གི་རྒྱུ་ཆ་རྣམས་དག་སྒྲིག་བྱས་པ་བརྒྱུད་ནང་དོན་གསལ་ཞིང་གོ་རིམ་ལྡན་པ་ཞིག་ཏུ་སྒྲིག་དགོས་ཕྱིར། དག་སྒྲིག་ལའང་སྙིགས་འདོར་བཅུད་ལེན་དང་རྫུན་སྤང་བདེན་བླང་གི་གནད་དོན་མངའ་བ་རེད། དེར་བརྟེན། དམངས་ཁྲོད་རྩོམ་རིག་གང་རུང་ལ་དག་སྒྲིག་གི་སྨྱུགས་རྩེ་མ་བཙུགས་གོང་ཕྲ་ཞིང་ཞིབ་པའི་སྒོ་ནས་ཐོག་མའི་ཟིན་ཐོ་དང་དེའི་ཟུར་བཀོད་བཅས་ལ་ཞིབ་འཇུག་ནན་ཏན་གནང་སྟེ་ཡིད་རྟོན་རུང་མིན་ལ་དཔྱད་པ་འཕེན་དགོས་ཤིང་། ཐོག་མའི་ཟིན་ཐོ་ནང་གང་དག་གཙོ་བོ་དང་གང་དག་ཕལ་བ། གང་དག་དེའི་སྟེང་གི་ས་རྡུལ་ལྟ་བུ་དང་།  གང་དག་དེ་སྔ་བཟོ་བཅོས་བྱས་པ་དང་། གང་དག་དེའི་དང་ཐོག་གི་རྣམ་པ་ཡིན་པ་དང་། གང་དག་དར་ཁྱབ་ཁྲོད་འགོས་འོང་བ་ཡིན་པ་བཅས་ལ་ཤེས་རྟོགས་དང་། ལྷག་པར་དུ་གཏམ་རྒྱུད་ཀྱི་རྩ་བའི་མཚོན་སྟངས་དང་། བརྗོད་དོན་འགོད་ཚུལ། རྩོམ་གཤིས་དང་ཚིག་སྦྱོར་སྤེལ་ཚུལ། སྐད་ཆའི་ཁྱད་ཆོས་བཅས་ལ་དོ་སྣང་བྱེད་དགོས་པ་རེད། དེ་ལྟར་དག་སྒྲིག་བྱེད་སྐབས། ངག་ཐོག་གསར་རྩོམ་ལ་ཁྱད་དུ་མངའ་བའི་དོན་བྱ་རྗོད་པའི་རྣམ་པ་དང་། སྒྱུ་རྩལ་སྒྲིག་གཞི། ཉམས་དང་འགྱུར་བ་བཅས་རྒྱུན་འཁྱོངས་བྱེད་པ་ལས། རང་ཉིད་ཀྱི་གསར་རྩོམ་གང་ཡང་བསྣན་མི་ཆོག་གལ་སྲིད་བརྩམས་ཆོས་ཀྱི་བརྗོད་དོན་དང་བྱུང་རིམ། སྐད་ཆ། ཡིག་འབྲུ་ཙམ་ལའང་སྣོན་འཕྲི་དང་རྗེས་སྤོར་ཐེབས་ཡོད་ན་ངེས་པར་ཟུར་བཀོད་ལས་གསལ་བཤད་གནང་དགོས།
          བཅོས་སྒྲིག་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ལ་ལས་བསྣོན་ཚད་ངེས་ཅན་ཞིག་བརྒྱབ་སྟེ། བཅོས་སྒྲིག་མཁན་གྱི་དགོངས་པ་ཕྱིར་མངོན་བྱེད་པ་དེ་ཡིན། ཡང་སྐྱར་གསར་རྩོམ་ནི་དམངས་ཁྲོད་རྩོམ་རིག་བརྗོད་བྱའི་ས་བོན་ནན་རྒྱུ་ཆར་བཀོད་དེ་ས་བོན་དེ་ལ་བཟོ་བཅོས་ཆེན་པོ་སྒོས་རྩོམ་པ་པོས་གསར་རྩོམ་གྱི་རྣམ་པ་ལྟར་བྲིས་པ་དེ་ཡིན།
          དམངས་ཁྲོད་རྩོམ་རིག་དག་སྒྲིག་བྱེད་སྐབས། ད་དུང་གནད་དོན་འགའ་ལྷག་པར་མཉམ་འཇོག་བྱེད་དགོས་པ་ནི།
(1)སྔར་གྱི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་པ།
          མི་རིགས་སོ་སོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་གཅིག་མཚུངས་མིན་པར་བརྟེན། རིགས་སོ་སོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་དང་། སྤྱི་ཚོགས་གནས་ཚུལ། བསམ་པའི་འཆར་ལུགས་སོགས་ལའང་ཁྱད་པར་ཆེན་པོ་མངའ་བ་དང་། ལོ་ངོ་སྟོང་ཕྲག་དུ་མར་བརྒྱུད་པའི་དམངས་ཁྲོད་རྩོམ་རིགས་ལ་མི་རིགས་རང་གི་ཉམས་འགྱུར་ལྡན་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མས་ཕྱུག་པ་སྨྲས་ཅི་དགོས། ལྷག་པར་དུ་ལྷ་སྒྲུང་དང་ངག་རྒྱུན་ལ་མཚོན་ན་ལྷ་ཡུལ་དང་ཀླུ་ཡུལ། ནམ་མཁའ་དང་བར་སྣང་། ས་གཞི་དང་རི་རབ་ཚང་མ་ཕར་འགྲོ་ཚུར་འོང་དང་གཡུལ་འགྱེད་དམག་འཐབ་བྱེད་པའི་ངོ་མཚར་ཞིང་ཚད་མཐོ་བའི་རྟོག་པའི་ཀློང་བརྡོལ་བའི་ཚུལ་ལ། དེང་རབས་ཀྱི་མིའི་མིག་ཟུང་གིས་བལྟས་ན། དེ་ལྟར་དགོད་བྲོ་ཞིང་ལུགས་དང་མི་མཐུན་པར་སྣང་བ་དེ་རིགས་ཏན་ཏན་དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་རིན་པོ་ཆེའི་གསེར་ལྟ་བུ་རེད། ཝུན་ཡིས་ཏོ་ཡི་《ལྷ་སྒྲུང་དང་སྙན་ངག》ལས་“གདོད་མའི་ངག་རྒྱུན་ནང་དུ། ཤོད་ཚུལ་ཇི་ལྟར་ལུགས་དང་མཐུན་ན། དེ་ལྟར་གདོད་མའི་རྣམ་པ་དང་རྒྱང་རིང་བ་རེད། ”ཅེས་པས། གལ་སྲིད་དུས་རབས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་འཆར་ཡན་རིང་ལུགས་རྩོམ་སྟངས་ཀྱིས་ལེགས་པར་བརྒྱན་པའི་ལྷ་སྒྲུང་དག་དེང་རབས་ཀྱི་མིའི་ལྟ་ཚུལ་ལྟར་བཟོ་བཅོས་བྱས་ན། དག་སྒྲིག་གི་ཁྱབ་ཁུངས་ལས་བརྒལ་ཟིན་པ་མ་ཟད། མ་རྩོམ་གྱི་གཏམ་རྒྱུད་བྱུང་རིམ་དང་། དུས་རབས་ཀྱི་མདངས་རིས། མི་རིགས་ཀྱི་གཤིས་ཀ་བཅས་ཤོར་འགྲོ་བ་དང་། རྩོམ་རིག་གི་ཐད་ནས་སྨྲས་ནའང་། དམངས་ཁྲོད་རྩོམ་རིག་གི་འཆར་ཡན་རིང་ལུགས་ཀྱི་སྲོལ་རྒྱུན་རྩོམ་སྟངས་ཁྱད་གསོད་དང་། རྟོག་འཕྲུལ་གྱིས་ཕྱུག་ཅིང་ཡིད་དུ་འོང་བའི་ལྷ་སྒྲུང་དེ་བྲོ་མེད་ཆོ་མེད་ཀྱི་“དངོས་ཡོད་རིང་ལུགས་”ཀྱི་གཏམ་རྒྱུད་ཧྲེང་བོ་ཞིག་ཏུ་འགྱུར་སྲིད།
(2) སྐད་ཆའི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ།
          སྐད་ཆས་རྩོམ་རིག་བརྩམས་ཆོས་ཀྱི་ཉམས་འགྱུར་ལ་ཕན་ནུས་ཆེན་པོ་འབྱུང་བཞིན་ཡོད་དེ། ཀོར་ཅིས“རྩོམ་རིག་གི་རྒྱུ་རྐྱེན་ཨང་དང་པོ་ནི་སྐད་ཆ་ཡིན།”ཞེས་དང་། “རྩོམ་རིག་ནི་སྐད་ཆ་བཀོལ་ནས་འཇིམ་བཟོ་ཞིབ་འབྲི་བྱས་པའི་སྒྱུ་རྩལ་ཞིག་ཡིན།”ཞེས་གསུངས་པ། ང་ཚོས“རྒྱུ་རྐྱེན་ཨང་དང་པོ་”དེ་ལ་མཐོང་ཆེན་གནང་དགོས་པ་དང་། ངེས་པར་དུ་མི་རིགས་དེའི་སྐད་ཆ་འདྲིས་ཤིང་བློ་ཁོག་ལ་ཆུད་པ་བྱེད་དགོས། མི་རིགས་གཞན་གྱི་དམངས་ཁྲོད་རྩོམ་རིག་དག་སྒྲིག་བྱེད་པ་ན་སྐད་རིགས་གང་ཡིན་ཡིན་གྱི་ལམ་ལ་བསྟེན་མི་རུང་སྟེ། དམངས་ཁྲོད་རྩོམ་རིག་རང་ངོས་ནས་ཡུལ་སྐད་དང་ཕལ་སྐད་ཤུགས་ཆེ་ཞིང་། མི་རིགས་སོ་སོའི་ཕལ་སྐད་ལ་རང་རང་གི་ཁྱད་ཆོས་མངའ་སྟབས། ཡིག་བསྒྱུར་གྱི་ལམ་ནས་འགྲོ་སྙམ་པ་ནི་དོན་དུ་ལག་ལེན་ལ་མ་ཞུགས་པའི་འོལ་ཚོད་ཀྱི་ཁ་ཕོ་རེད། བློ་མཐུན་ཀྲོའུ་ཡང་གིས་“སྐད་ཆ་ནི་མི་རིགས་རྣམ་པའི་མཚོན་རྟགས་ཨང་དང་པོ་ཡིན།”ཞེས་གསུངས་པ་དང་། གལ་སྲིད་དག་སྒྲིག་གི་ལས་ཀའི་ཁྲོད་མི་རིགས་སོ་སོའི་སྐད་ཆའི་ཁྱད་ཆོས་ལ་དམིགས་བསལ་མ་བྱིན་ན་མི་རིགས་རྣམ་པ་དང་མི་རིགས་ཉམས་འགྱུར། གོམས་གཤིས་སོགས་ལ་གནོད་པ་བསྐྱལ་འོང་བ་གོར་མ་ཆག་གོ། དེ་བས། ང་ཚོ་བོད་རིགས་དམངས་ཁྲོད་རིག་རྩལ་པ་རྣམས་ཀྱིས་སྐད་ཆའི་ཚིག་ཉུང་ཞིང་ཉག་ཉོག་མིན་པའི་སྒོ་ནས་གསོན་ཉམས་ལྡན་པའི་ཕལ་སྐད་རང་བཞིན་དང་ཕུན་སུམ་ཚོགས་པའི་སྣང་བརྙན་སོགས་རྒྱུན་འཁྱོངས་དང་། དེའི་མཚུངས་སུ་སྐད་ཆ་ཚད་ལྡན་དང་བརྡ་སྤྲོད་ཚིག་རྒྱན་ལའང་མིག་གིས་ནོན་ཅི་ཐུབ་བྱེད་དགོས།
(3) བྱུང་རིམ་གྱི་གནད་དོན།
          དམངས་ཁྲོད་རྩོམ་རིག་དག་སྒྲིག་བྱེད་སྐབས། བརྩམས་ཆོས་རྩ་ཆེན་དག་གི་བྱུང་རིམ་གཙོ་བོར་བྱུང་རྒྱལ་དུ་བཟོ་བཅོས་རྒྱག་མི་ཆོག་ཅིང་། སྤྱིར་བཏང་དུ་བརྩམས་ཆོས་གང་ཞིག་གི་བྱུང་རིམ་གང་དག་སོར་བཞག་དང་གང་དག་ལེན་རྒྱུའི་ཐད་ངེས་པར་དུ་ཕྲ་ཞིབ་དང་གཟབ་ནན་གྱི་རྣམ་འགྱུར་བཟུང་ནས་གཤམ་གྱི་གནད་དོན་བཞིའི་ཕྱོགས་ནས་བསམ་བློ་གཏོང་དགོས།
          ཀ བཀས་བཀོད་རྒྱུད་འཛིན་རྨོངས་དད་བསམ་བློ་དང་། འདོད་ཆགས་དམར་རྗེན་དུ་མངོན་པའི་མ་རབས་ཐ་ཤལ་གྱི་ཞིབ་འབྲི་སོགས་སྤོང་དགོས།
          ཁ། དཔོན་ངན་འགོ་གཙོ་དང་ཆོས་ལུགས་མགོ་བསྐོར་མཁན་ཉུང་ཤས་ཀྱིས་གཡོ་བཅོས་བརྒྱབ་པ་མར་སྤྱུགས་ཏེ་དམངས་ཁྲོད་རྩོམ་རིག་དང་ཐོག་གི་ངོ་བོ་སླར་གསོ་བྱེད་དགོས།
          ག སྒྲུང་བའམ་གླུ་མ་སོགས་ཀྱི་དྲན་ཤེས་ཀྱིས་དབང་གིས་བཟོས་པའི་གཏན་ཚིགས་ལ་མི་མཐུན་ས་དང་། ཡང་ན་ཆད་པའམ་ལྷག་པ་བྱུང་བ་སྣོན་འཕྲི་བྱས་ནས་ཆ་ཚང་ཞིག་ཡོང་བ་བྱེད་དགོས།
          ང་། ལོ་རྒྱུས་སྟེང་མི་རིགས་བར་འགལ་བ་དང་དམག་འཐབ་སོགས་རབས་དང་རིམ་པར་བྱུང་ཞིང་དེ་བཞིན་བརྩམས་ཆོས་གཅིག་ལ་མ་ཡིག་དུ་མ་ཐོན་པར་ནང་དོན་དང་མི་སྣ། ས་མིང་ཀྱང་གཅིག་མཐུན་མིན་པ་འབྱུང་བ་ལོ་རྒྱུས་ཀྱི་སྤྱན་གྱིས་གཟིགས་ཐུབ་པ་བྱས་ནས་དོན་དངོས་ལ་བརྩི་འཇོག་བྱེད་པའི་བྱེད་ཕྱོགས་ལྟར་སྤང་བླང་འཕྲི་སྣོན་རྒྱག་དགོས་པ་ལས། མི་རིགས་ཀྱི་ཕྱོགས་ལྷུང་འཁྱེར་བ་ནི་ཤིན་ཏུ་མི་རིགས་སོ། །
          འདིར་ལྷག་པར་མཉམ་འཇོག་ས་གཉིས་མཆིས་པ་ནི། དང་པོ་དམངས་ཡོངས་ཀྱིས་ཆོས་ལུགས་གཅིག་ལ་དད་པའི་མི་རིགས་ཁྲོད། རྟག་པར་རྨོངས་དད་ཀྱི་བྱུང་རིམ་རེ་གཉིས་ཡོད་པ་དང་།  གལ་སྲིད་ཇི་མི་སྙམ་པར་བྱུང་རིམ་དེ་གསུབ་པ་བྱས་ན་གཏམ་རྒྱུད་ཀྱི་འཕེལ་རྒྱས་ལ་གཏན་ཚིགས་རང་བཞིན་ཇེ་ཞན་དུ་འགྲོ་གཤིས། འདི་ལྟ་བུའི་བྱུང་རིམ་རེ་གཉིས་ཤིག་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་གི་ནང་ངལ་རྩོལ་མི་དམངས་ཀྱི་ཆོས་ལུགས་འདུ་ཤེས་ལ་འབྱུང་ངེས་པ་ཞིག་དང་། ཐད་ཀར་མིའི་བསམ་བློ་རུལ་སུང་དུ་འགྲོ་བ་མི་བྱེད་པ་ཞིག་ཡིན་ཕྱིན། བྱུང་རིམ་དེ་རིགས་སོར་བཞག་གནང་ན་སྐྱོན་མེད་པ་རེད། གཉིས་པ་ཆོས་ལུགས་ཀྱི་བྱ་འགུལ་དང་མཛད་སྒོ་འགའ་རེ་མི་རིགས་དེའི་དམངས་ཡོངས་ཀྱིས་ཆོས་དད་བྱེད་སྟབས་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཤིག་ཏུ་གྱུར་ཡོད་པ་དང་། དེས་དེང་རབས་ལ་ལོག་སྤྱོད་རང་བཞིན་གྱི་ནུས་པ་མི་འབྱུང་ན་བྱུང་རིམ་དེ་ཡང་མུ་མཐུད་དུ་རང་སར་བཞག་ཆོག་སྟེ། དཔེར་ན། དགུ་བའི་སྨོན་ལམ་དང་། རེབ་གོང་ཀླུ་རོལ།  ཁྲི་ཀའི་ལྷ་རྩེ། གཅན་ཚའི་མ་ཎི་ལྟ་བུའི་ཆོས་ལུགས་ཀྱི་དུས་ཆེན་དང་བྱ་འགུལ་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་སུ་ཆགས་ཤིང་། མི་རིགས་རང་བཞིན་གྱི་དུས་ཆེན་ལ་གྱུར་ཡོད་པས་དག་སྒྲིག་བྱེད་མཁན་གྱིས་འདི་ལྟ་བུར་དོ་སྣང་བྱེད་དགོས།
(4) བསམ་བློའི་ནང་དོན་གྱི་གནད་དོན།
          མི་འགའ་ཤས་ཤིག་གི་བསམ་པར། དམངས་ཁྲོད་རྩོམ་རིག་དག་སྒྲིག་བྱེད་ཚེ་དེའི་སྒྱུ་རྩལ་རང་བཞིན་ལ་ལས་སྣོན་བྱེད་པ་མ་གཏོགས། བསམ་བློའི་རང་བཞིན་ལ་ལས་སྣོན་དང་མཐོར་འདེགས་བྱེད་མི་འོས་པར་སྙམ་བཞིན་ཡོད་མོད། དོན་དུ་ང་ཚོས་“གཟབ་ནན་གྱིས་དག་སྒྲིག་བྱེད་པའི་”རྩ་དོན་འོག་ཕྱོགས་དེ་གཉི་ག་མཐོང་ཐུབ་པ་བྱས་ན་ཤིན་ཏུ་ལེགས་པ་དང་། དང་ཐོག་གི་རྒྱུ་ཆས་འདོན་སྤྲོད་བྱས་པའི་བརྗོད་དོན་གཙོ་བོ་དང་མ་ཡིག་གཞན་པ་ཞིབ་བསྡུར་བྱས་པ་བརྒྱུད་བསམ་བློའི་རང་བཞིན་གྱི་ཚད་མཐོ་བའི་སྐོར་བསྡུ་ལེན་དང་འདེམ་སྒྲུག་བྱེད་པ་མ་གཏོགས། སྒྲུང་བའམ་གཏམ་རྒྱུད་བཤད་མཁན་གྱི་བཞིན་མདངས་དང་རྣམ་འགྱུར། སྟངས་སྟབས་ལ་ཟུར་ལྟ་སྒོས་བརྩམས་ཆོས་ནང་བྱུང་ཡོད་པའི་ཡུལ་སྲོལ་དང་རིག་དངོས། སྤྱི་ཚོགས་རྒྱུ་རྐྱེན་བཅས་ལ་ཞིབ་འཇུག་གནད་དུ་ཕུག་པ་གནང་སྟེ་དང་ཐོག་གི་སྣང་བརྙན་ཆགས་ཚུལ་ལྟར་དེའི་དཔེ་མཚོན་གྱི་དོན་སྙིང་ཇེ་མཐོར་གཏོང་ཐུབ་པ་བྱེད་དགོས། མ་རྩོམ་གྱིས་དུས་རབས་གང་ཞིག་མཚོན་བཞིན་ཡོད་ན། ལོ་རྒྱུས་ཀྱི་ཁོར་ཡུག་དེའི་ནང་བཞག་སྟེ་དག་སྒྲིག་དང་དེའི་བསམ་བློ་རང་བཞིན་ལ་ཡང་དག་པའི་ལས་སྣོན་རྒྱག་པ་ལས། གྲལ་རིམ་དབྱེ་ཞིབ་གཏོང་ཐབས་སྤྱད་དེ་བརྩམས་ཆོས་ནང་གི་མི་སྣ་གཙོ་བོའི་སྐྱེས་ཁུངས་དང་ལས་རིགས། ལོ་རྒྱུས་ཀྱི་གནས་ཚུལ་བཅས་ལ་བཟོ་བཅོས་གང་ཡང་བྱེད་མི་རུང་སྟེ། མ་རྩོམ་གྱི་བསམ་བློ་རང་བཞིན་ནི་མེད་པ་སྒྲོ་འདོགས་བྱེད་དགོས་པ་ཞིག་མིན་པར་མ་རྩོམ་ནང་སྔར་ནས་ཡོད་པའི་འབྲེལ་ཡོད་བྱུང་རིམ་དང་མི་སྣའི་གཤིས་ཀར་ལས་སྣོན་བརྒྱབ་སྟེ། བྱུང་རིམ་དང་མི་སྣའི་གཤིས་ཀ་སྔར་ལས་ཀྱང་ཀྱག་ཀྱོག་དང་འགལ་བའི་རང་བཞིན་ཅན་དུ་གྱུར་པ་དང་ཛ་དྲག་ཆེ་བའི་ངང་འགལ་བ་འཕེལ་རྒྱས་སུ་འགྲོ་བ་སྤྱི་ཚོགས་གནད་དོན་གྱི་སྣང་ཚུལ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།
          མདོར་ན། ཚན་རིག་གི་བྱེད་ཐབས་ཀྱིས་དག་སྒྲིག་གནང་བའི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ལ་ཚན་རིག་གི་སྒོ་སོ་སོའི་ཚད་ལྡན་ཡིག་ཆའི་རིན་ཐང་མངའ་ལ། རྩོམ་རིག་གི་རིན་ཐང་ཡང་ལྡན་པས་ན། ང་ཚོས་ངེས་པར་དུ་དམངས་ཁྲོད་རྩོམ་རིག་གི་བདེན་ངེས་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། སྔོག་འདོན་དང་འཚོལ་སྡུད། དག་སྒྲིག་བཅས་ཀྱི་ལས་ཀ་ཚན་རིག་ལྡན་པ་དང་བདེན་འཛིན་སྐྱོན་བྲལ་གྱི་ལམ་དུ་འགྲོ་ཐུབ་པ་བྱེད་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1