སའི་གོ་ལ་ཧྲིལ་པོ་ཇེ་དྲོར་གྱུར་པས་ཞིང་ལས་ལོ་ཏོག་གི་སྤྲི་དཀར་འདུས་ཚད་ཇེ་ཉུང་དུ་སོང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        དབྱིན་ཇིའི《ཉིན་རེའི་ཡིག་ཟམ་ཚགས་པར》དུ་གསར་འགྱུར་བཀོད་པ་ལྟར་ན།  སའི་གོ་ལ་ཧྲིལ་པོ་ཇེ་དྲོར་གྱུར་པ་ལས་བྱུང་བའི་དབྱང་གཉིས་ཐཱན་འགྱུར་གྱི་གར་ཚད་ཇེ་ཆེར་འཕར་བས། འབྲས་དང་གྲོ་སོགས་ཞིང་ལས་ལོ་ཏོག་གི་སྤྲི་དཀར་འདུས་ཚད་ཇེ་ཉུང་དུ་སོང་དང་འགྲོ་བཞིན་འདུག་ཟེར། ཆེད་མཁས་པས་སྔོན་དཔག་བྱས་པ་ལྟར་ན། སྣང་ཚུལ་དེ་ཡིས2050ལོར་སླེབས་པ་ན་སའི་གོ་ལ་ཧྲིལ་པོའི་མི་དུང་ཕྱུར1.5ལ་འཚར་སྐྱེ་མི་བཟང་བའི་ནད་འབྱུང་ཉེན་ཆེ་བ་དང་སྔ་མོ་ནས་འཆི་བའི་ཉེན་ཁ་ཡོད།

        ཧ་ཧྥོ་སློབ་ཆེན་གྱིས་མགོ་ཁྲིད་བྱས་པའི་ཞིབ་འཇུག་དེས་སའི་གོ་ལ་ཧྲིལ་པོ་ཇེ་དྲོར་གྱུར་ནས་ལོ་ཏོག་གི་སྤྲི་དཀར་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་མཚན་ལ་ཚད་འཇལ་དབྱེ་ཞིབ་བྱས།  ཞིབ་འཇུག་དེས་དངོས་ཡོད་ཀྱི་ཚོད་ལྟའི་གྲངས་ཀ་ལ་བརྟེན་ནས་ལོ་ཏོག་ལ་དབྱང་གཉིས་ཐཱན་འགྱུར་གྱི་གར་ཚད་ཆེ་བའི་ཁོར་ཡུག་ནང་དུ་སྐྱེ་རུ་བཅུག

        མཉམ་འབྲེལ་རྒྱལ་ཚོགས་སའི་གོ་ལ་ཧྲིལ་པོའི་བཟའ་བཏུང་ཆ་འཕྲིན་གྱིས་སྔོན་ཆད་སྤྲི་དཀར་འདུས་ཚད་ཀྱིས་མི་ལ་ཐེབས་པའི་ཤུགས་རྐྱེན་ཞིབ་རྩིས་བྱས་མྱོང་། སྤྲི་དཀར་མེད་ན། སྐྱེ་འཕེལ་ཇེ་དལ་དུ་འགྱུར་བ་དང་།  ཐ་ན་ནད་སྣ་ཚོགས་འབྱུང་བ་དང་ཤི་ཚད་ཇེ་མང་དུ་འགྱུར་ཉེན་ཆེ་བར་འདོད། དབྱང་གཉིས་ཐཱན་འགྱུར་ནི་རྡོ་འགྱུར་འབར་རྫས་འབར་བའི་ཁྲོད་ཀྱི་ཞོར་བྱུང་ཐོན་རྫས་ཡིན་པས། སའི་གོ་ལའི་ཕྱི་ངོས་ཀྱི་དྲོད་ཚད་གཏོང་མི་ཐུབ། གལ་ཏེ་ནུས་ལྡན་གྱི་བྱེད་ཐབས་མ་བཀོལ་ན།  ཐཱན་ལོ་བཅུ་ཕྲུག་བར་དུ་འཕར་རྗེས། མཚོ་རྒྱས་པ་དང་། གནམ་གཤིས་སྔར་བས་ཇེ་དྲོར་འགྱུར་ཞིང་། གནམ་གཤིས་ཐལ་དྲགས་ཇེ་ངན་དུ་འགྱུར་ངེས།

        ཚང་མས་ཁས་ལེན་པའི་ཚོད་དཔག་ནི། དབྱང་གཉིས་ཐཱན་འགྱུར་གྱིས་ལོ་ཏོག་གི་སིང་ཕྱེ་ཇེ་མང་དུ་འཕར་བ་དང་། སྤྲི་དཀར་དང་འཚོ་བཅུད་གཞན་དག་གི་འདུས་ཚད་ཇེ་ཉུང་དུ་གཏོང་ངེས་པ་དེ་རེད།

        སྤྲི་དཀར་ནི་ཤུགས་རྐྱེན་ཐེབས་པའི་འཚོ་བཅུད་ཁོ་ན་མིན་པར། ཞིབ་འཇུག་གཞན་དག་ལས་མཚོན་པ་ལྟར་ན། དབྱང་གཉིས་ཐཱན་འགྱུར་གྱི་གར་ཚད་འཕར་བའི་དབང་གིས།  ལོ་ཏོག་གི་ལྕགས་དང་ཏི་ཚ་སོགས་གཏེར་རྒྱུ་ཇེ་ཉུང་དུ་འགྲོ་བ་ཡིན། དེ་ལས་སའི་གོ་ལ་ཧྲིལ་པོའི་འཚོ་བཅུད་དཀོན་པའི་གནད་དོན་ཡང་ཇེ་སྡུག་ཏུ་འགྱུར་ཉེན་ཆེ།  གསར་འགྱུར་བཀོད་པ་ལྟར་ན། "གལ་ཏེ་དབྱང་གཉིས་ཐཱན་འགྱུར་མུ་མཐུད་དུ་ཇེ་མང་དུ་འཕར་ན། འབྲས་དང་གྲོ་སོགས་ལོ་ཏོག་གི་འཚོ་བཅུད་རིན་ཐང་མར་ཆག་པས། 2050ལོར་སླེབས་དུས་རྒྱལ་ཁབ18ཀྱི་མིའི་བཟའ་བཏུང་ནང་གི་སྤྲི་དཀར་འདུས་ཚད5%མར་འབབ་ངེས།"སའི་གོ་ལ་ཧྲིལ་པོར་བསྡོམས་པས་མི་གྲངས76%ཉིན་རེར་ལོ་ཏོག་སྣ་ཚོགས་ཀྱི་སྤྲི་དཀར་ལ་བརྟེན་བཞིན་ཡོད་ལ། ལྷག་པར་དབུལ་ཕོངས་ས་ཁུལ་གྱི་མི་རྣམས་ནི་དེ་འདྲ་ཡིན།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1