བོད་ལྗོངས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བསྟུད་མར་ལོ་བཅོ་ལྔའི་རིང་ལ་གྲངས་གནས་གཉིས་འཕར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        གསར་འགོད་པས་ཉེ་ཆར་ལྷ་ས་ནས་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ནས་རྒྱུས་ལོན་བྱས་པ་ལྟར་ན། 2017ལོར་བོད་ལྗོངས་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་སྤྱད་ཆོག་ཆ་སྙོམས་ཡོང་སྒོ་སྒོར10330ལ་སླེབས་ཏེ།  13.6%འཕར་སྣོན་བྱུང་ཡོད།  དེས་བོད་ལྗོངས་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་བསྟུད་མར་ལོ15རིང་ལ་གྲངས་གནས་གཉིས་འཕར་བ་རྒྱུན་སྲུང་བྱས་པར་མ་ཟད། ད་དུང་ལོ10རིང་ལ་དཔལ་འབྱོར་འཕར་ཚད་ལས་བརྒལ་བ་རེད།

        ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་བརྒལ་གྱི་འཕེལ་རྒྱས་བྱུང་ཞིང་། ལྷག་པར་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་བསྟུད་མར་མགྱོགས་མྱུར་ངང་འཕར་བ་རེད། སྡོམ་རྩིས་ལས་མངོན་པ་ལྟར་ན།  2017ལོར་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར1310.6ལ་སླེབས་པ་དང་།   10%ཡི་འཕར་སྣོན་བྱུང་ནས་བསྟུད་མར་ལོ25རིང་ལ་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་སྲུང་བྱས།

        རོང་འབྲོག་མང་ཚོགས་ཀྱིས་བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་བཅུ་ཆའི་བརྒྱད་ཡན་ཟིན་ཡོད།  ཉེ་བའི་ལོ་འགའི་རིང་ལ།  དམིགས་བསལ་རང་བཞིན་གྱི་ཡོང་སྒོ་འཕར་སྣོན་ཆེན་པོ་བྱུང་བ་ལས་གཞན།  བོད་ལྗོངས་ཀྱི་ནས་དང་ནོར།  གཏེར་ཆུ་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་གནས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས།  ན་ནིང་ལོ་གཅིག་གི་རིང་ལ་བོད་ལྗོངས་ཀྱི་ནས་ཀྱི་སོན་བཟང་འདེབས་འཛུགས་རིམ་རྩིས་བྱས་ན་ཁྱབ་སྤེལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི185ལ་སླེབས་ནས། ཐེངས་དང་པོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི100ལས་བརྒལ་བ་རེད། ནོར་གྱི་དུས་ཐུང་ཚོ་གསོ་དཔེ་སྟོན་རྫོང7འཛུགས་སྐྲུན་བྱས་པ་དང་།  ཞིང་ཞོར་ཐོན་རྫས་ལས་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར36ལ་སླེབས་ནས།  ལོ5ཡི་རིང་ལ་གནས་སྐོར་ཡོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར1300ལས་བརྒལ་ཡོད།

        བོད་ལྗོངས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་མགྱོགས་མྱུར་ངང་འཕར་བ་དེས་བོད་ལྗོངས་ཀྱིས་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་བཟང་པོ་བཏིང་བ་རེད།  མིག་སྔའི་བར་དུ་བོད་ལྗོངས་ཀྱི་སྒྲིག་གཞི་ཚང་བའི་སྡེ་བ99%ལ་གཞུང་ལམ་ཡོད་པ་དང་།  སྤོ་སྒུལ་བརྡ་རྟགས་ཁེབས་ཡོད་པ། ལམ་ཡངས་དྲ་རྒྱ་ཐོན་ཚད85%ལ་སླེབས་ཡོད་པ་དང་། སྨན་བཅོས་འགན་སྲུང་ལམ་ལུགས་རོང་འབྲོག་མང་ཚོགས་ཡོངས་ལ་ཁེབས་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1