ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཟླ9པའི་ཚེས18ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་སློབ་གསོའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡིག་བསྐུར་ངོ་གཏུག་བྱ་བའི་ཐད་གནང་བའི་དཔྱད་མཆན་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་དང་མཉམ་དུ་གླེང་མོལ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ལ་སློབ་སྦྱོང་བྱས་པ་མ་ཟད། རང་ཞིང་གིས་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

        གྲོས་ཚོགས་ཀྱིས་བསྟན་དོན། རྒྱལ་ཡོངས་ཀྱི་སློབ་གསོའི་གྲོས་ཚོགས་ནི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དེ་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་འཕེལ་རྒྱས་ཀྱི་མཐོ་ས་ནས་འགྲེངས་ཏེ། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། མི་དམངས་ཡིད་ཚིམས་པའི་སློབ་གསོ་ལེགས་སྒྲུབ་བྱེད་པ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་པོར་སྟོན་པ་དང་གཞི་རྩའི་བརྩི་སྲུང་འདོན་སྤྲོད་བྱས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་ཏང་གི་སློབ་གསོའི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རང་ཞིང་གི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། རིམ་པ་སོ་སོའི་སློབ་གྲྭ་ཡོངས་ཀྱིས་སློབ་གསོའི་སྒྲིག་ལམ་བརྩི་སྲུང་བྱེད་པ་དང་། དཔེ་ཁྲིད་བྱས་ཏེ་མི་སྐྱོང་བ། མི་བཟང་སྤྱོད་བཟང་དུ་བསྒྱུར་བ་བཅས་གཞི་རྩའི་ལས་འགན་དུ་འཛིན་དགོས། རིམ་པ་སོ་སོའི་དགེ་རྒན་ཡོངས་ཀྱིས་ཏང་གི་སློབ་གསོའི་ལས་དོན་ལ་བློ་དཀར་བའི་སྒོ་ནས་བློ་གཅིག་སེམས་གཅིག་གིས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ལ་ཞུགས་དགོས། མི་དམངས་ཡིད་ཚིམས་པའི་སློབ་གསོ་ལེགས་སྒྲུབ་བྱེད་དགོས་ན། མཚོ་སྔོན་གྱི་ཁྱད་ཆོས་ལ་དམིགས་པ་དང་ཁག་བགོས་ཁྲིད་སྟོན་བྱེད་པར་དམིགས་ཏེ། སློབ་སྔོན་སློབ་གསོས་བྱིས་པའི་འཚོལ་ཞིབ་ཀྱི་འདོད་མོས་དང་མཚར་སེམས་ལ་དོ་སྣང་ལེགས་པོ་བྱེད་པ་དང་། སློབ་འབྲིང་གི་སློབ་གསོས་རང་གཅུན་དང་ཡིད་རྟོན་ལ་དོ་སྣང་བྱེད་དགོས་ལ། སློབ་ཆེན་སློབ་གསོས་རིག་ནུས་དང་མི་གཤིས་ལ་དོ་སྣང་བྱེད་པ་དང་། ལས་རིགས་སློབ་གསོས་ལས་ཞུགས་དང་ལས་སྐྲུན་ལ་དོ་སྣང་བྱེད་པ། དམིགས་བསལ་སློབ་གསོས་རང་འབད་དང་རང་གཅེས་ལ་དོ་སྣང་བྱེད་པ་བཅས་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་རབས་དང་རིམ་པ་སྐྱེད་སྲིང་བྱེད་དགོས།

        གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡིག་བསྐུར་ངོ་གཏུག་བྱ་བའི་ཐད་གནང་བའི་དཔྱད་མཆན་གྱིས། ང་ཚོས་ཡིག་བསྐུར་ངོ་གཏུག་གི་བྱ་བ་ལེགས་པར་སྒྲུབ་པའི་ཐད་ཁ་ཕྱོགས་གསལ་པོ་བསྟན། ཡིག་བསྐུར་ངོ་གཏུག་ནི་མང་ཚོགས་ཀྱི་ཁེ་ཕན་ཐད་ཀྱི་བདེ་སྡུག་ཡར་ཞུ་བྱས་པ་ཞིག་ཡིན་པས། སྤྱི་ཚོགས་ཀྱི་ཡིད་རྟོན་ལ་ཚད་འཇལ་བའི་ཁྲེ་ཙེ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པའི་མཚོན་རྟགས། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཁ་ཕྱོགས། ལས་བྱེད་པའི་ཀུན་སྤྱོད་ལ་ཚོད་ལྟ་བྱེད་པའི་ཡོ་བྱད་བཅས་ཡིན་པས། གསེད་གྲོལ་གཏོང་བ་དང་བཀག་འགོག་བྱེད་པ། མཛུབ་སྟོན་བྱེད་པ། ཞི་ལྷོད་དུ་གཏོང་བ་བཅས་ཀྱི་སྟེང་དུ་ནུས་ཤུགས་འབུལ་བ་དང་། བརྩེ་བ་དང་ཞིབ་ཚགས། བསམ་བློ། ཁྲིམས་ལུགས་བཅས་ཀྱི་སྟེང་དུ་ནུས་ཤུགས་ཕུལ་ཏེ། མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བསྐྲུན་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས།

        གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་དང་མཉམ་དུ་གླེང་མོལ་བྱེད་པའི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་གུང་གཞོན་ཚོགས་པ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བར་མཛུབ་སྟོན་བྱེད་པའི་ཚན་རིག་གི་ཕྱོགས་སྟོན་ཞིག་ཡིན། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་དུས་རབས་གསར་བའི་ན་གཞོན་གྱི་བྱ་བ་ལེགས་པར་སྒྲུབ་པའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་ཏེ། དུས་རབས་གསར་བའི་གུང་གཞོན་ཚོགས་པའི་འགན་འཁྲི་གཅིག་སྡུད་བྱེད་པ་དང་། གུང་གཞོན་ཚོགས་པའི་བཅོས་བསྒྱུར་དང་ཚོགས་པ་གཟབ་ནན་གྱིས་སྐྱོང་བ་སོགས་ཀྱི་བྱ་བ་སོ་སོར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་མཐུན་སྒྲིལ་གཅིག་སྡུད་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་ཏུ་འཇུག་དགོས།

        གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཡང་བསྐྱར་བཟོ་བཅོས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྒྲིག་ཁྲིམས་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲོལ་ཡིག་སློབ་སྦྱོང་ལེགས་པོ་དང་དྲིལ་སྒྲོག་ལེགས་པོ། ལག་བསྟར་ལེགས་པོ་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ཏང་ཡོངས་ལ་ཁེབས་པ། རྒྱུན་དུ་སློབ་པ་དང་རྒྱུན་དུ་གསར་སྒྱུར་བྱེད་པ། རྒྱུན་དུ་ཉེན་བརྡ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། སྒྲིག་ཁྲིམས་ནན་མོས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཡག་པོ་ཞིག་བསྐྲུན་པར་འབད་དགོས།

        གྲོས་ཚོགས་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པས་མཚོ་སྔོན་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་ཕྱིར་ལྡོག་བསམ་འཆར་ལེགས་བཅོས་དང་དངོས་འབེབས་བྱས་པའི་གནས་ཚུལ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་གཉིས་པའི་ཕྱོགས་བསྡུས་གནས་ཚུལ་ལ་མཉན་ཞིང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐིག་དམར་དབྱེ་མཚམས་དང་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ། ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་དང་གཞུང་སྤྱོད་རླངས་འཁོར་དོ་དམ་བྱེད་སྟངས་སོགས་ལ་ཞིབ་འཇུག་བྱས།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1