དམངས་ཀྱི་དོན་ཆེན་ལ་མཐོང་ཆུང་བྱེད་མི་རུང་།

ཚའེ་ཅན་ཅོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        《དོན་འདི་ལོ་བཅུར་ནར་འགྱངས་བྱས་པས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁོང་ཁྲོ་གཏིང་ནས་ལངས》ཞེས་པ་འདི་འཕྲིན་སྦྱོར་ཁང་ཞིག་གིས་དོན་རྐྱེན་བརྟོལ་བའི་གསར་འགྱུར་གྱི་ཁ་བྱང་རེད་ཅིང་། ཨན་ཧུའེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཅིན་པིང་གིས་ཉེ་བའི་ཚོགས་འདུ་གལ་ཆེན་ཞིག་གི་སྟེང་དཔེར་བརྗོད་དུ་དྲངས་པའི་རྒྱུ་མཚན་ཡང་ཡིན། ཏང་ཨུའི་ཧྲུའུ་ཅིའི་སྐྱོན་བརྗོད་ནི་རྣག་ཐོག་གཙག་འཁེལ་ཡིན་ཟེར་ཆོག་ལ། སྒྲ་སྐད་ལྷང་ལྷང་བསྒྲགས་པས་བསམ་བློ་གཏིང་ནས་འཁོར་ཏེ་སད་རྟོགས་འབྱུང་དུ་འཇུག་པ་དང་ཀུན་ནས་མཚུངས།

        དོན་ཙག་ཙིག་དང་ལས་ཕྲན་ཚེགས་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་ཞིང་མཐོང་ཆུང་བྱེད་ཀྱང་མི་ཐུབ། ཨན་ཧུའེ་ཞིང་ཆེན་གྱི་གྲོང་ཁྱེར་ག་ག་མོའི་གཞིས་ཁུལ་ཅིག་ཏུ་ལོ་བཅུར་ཁང་ཁོངས་དཔང་ཡིག་བཟོས་མེད་ཅིང་། སྡོད་དམངས་ཀྱིས་གོང་གཏུག་ཡང་ཡང་བྱས་པར་གཏད་དེ་འབྲེལ་ཡོད་སྡེ་ཁག་གིས་སྲིད་གཞུང་གི་ཡིག་ཆ་བསྟན་ནས་མུ་ནས་མུ་རུ་ནར་འགྱངས་བྱས། གྲོང་ཁྱེར་ཨུ་ལྷན་གྱི་མགོ་ཁྲིད་གཙོ་བོས་འབྲེལ་ཡོད་སྡེ་ཁག་ལ་གཅིག་ནས་དཔང་ཡིག་བཟོས་ན་འགྲིག་མིན་དང་གཉིས་སུ་སྐབས་དེར་དཔང་ཡིག་མ་བཟོས་པ་ནི་གཞིས་ཁུལ་སྡོད་དམངས་ཀྱི་ནོར་འཁྲུལ་ཡིན་མིན་འདྲི་དུས"ང་ཚོས་བསམས་ན་དཔང་ཡིག་བཟོ་དགོས་ཤིང་སྡོད་དམངས་ཀྱི་ནོར་འཁྲུལ་ཡིན"ཞེས་ལན་ཡག་པོ་བཏབ། མགོ་ཁྲིད་དེས་ཉན་རྗེས"འོ་ན་ཅི་ཞིག་ལ་སྒུག་བཞིན་ཡོད"ཅེས་གསུངས། དེ་ལྟར། ལོ་བཅུར་ནར་འགྱངས་བྱས་པའི་དོན་དག་ཡུལ་དངོས་ནས་ཐག་གིས་བཅད། དམངས་ཀྱི་འདོད་བློ་བསམ་ཐོག་ལ་མི་འཇོག་ན་དམངས་ཀྱི་འདོད་བློ་ཇི་ལྟར་ཚིམས་སུ་འཇུག་གམ། དམངས་ཀྱི་འདུན་པར་ཁ་གཏད་པ་དང་དམངས་སེམས་ལ་འདྲེས་པར་གནས་ན་མང་ཚོགས་ཀྱིས་ལས་བྱེད་ལ་གདེང་འཇོག་མཐོན་པོ་མི་བྱེད་པ་ག་ལ་ཡོད།

        "སྲིད་སྐྱོང་རྩ་བ་དམངས་ཀྱི་བདེ་བར་ཐུག ། དམངས་ཀྱི་བདེ་བ་དཀའ་རྙོག་སེལ་ལ་ཐུག ། "མི་དམངས་ལ་ཞབས་འདེགས་ཞུ་བ་ནི་གུང་ཁྲན་ཏང་མི་རེ་རེའི་རྟག་བརྟན་ཐེར་ཟུག་གི་བརྩོན་པའི་དམིགས་དོན་ལ་ཐུག

        ཏང་གི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན། འདི་ལྟར་དམངས་དང་དམ་དུ་འབྲེལ་ཅིང་སེམས་པ་གཏད་དེ་དཀའ་ལས་མཉམ་དུ་བརྒྱབ། ལས་ཀ་མཉམ་དུ་བྱས། འཚོ་བ་མཉམ་དུ་རོལ་ནས་མི་དམངས་མང་ཚོགས་ཀྱི་བློས་བཀལ་བ་དང་བརྩི་བཀུར་ཐོབ་སྟེ་ཐོགས་ཐུག་མེད་པའི་སྟོབས་ཤུག་གཅིག་ཏུ་བསྡུས་པའི་ཕུལ་བྱུང་ཏང་མི་ཅི་འདྲ་ཡོད་ཨང་།

        སྤྱོད་སྟངས་ཀྱི་གནད་དོན་དོན་ཆུང་ཞིག་གདོད་ནས་མིན། དེང་སྐབས་མང་ཚོགས་མི་ཉུང་བ་ཞིག་གིས་མགོ་ཁྲིད་ལས་བྱེད་ལ"དཔོན་པོ"ཞེས་འབོད་ལོབས་སུ་གྱུར་ཡོད། འོན་ཀྱང་གལ་སྲིད་དངོས་གནས་རང་ཉིད་ལ་དཔོན་པོའི་སྣང་བ་བཟུང་ཞིང་མི་དྲག་མཐོན་པོའི་རིགས་འཚོལ་ཅིང་སྙེག་ན་མགོ་ཁྲིད་ལས་བྱེད་རིགས་དེར"དཔོན་པོའི་འདུ་ཤེས"བྱུང་བ་ཡིན། དགག་བཞག་གཏོང་ཐབས་ལར་ནས་མེད་པ་ཞིག་ལ། ཚུལ་མིན་སྤྱོད་སྟངས་ལ་ལས་དམངས་རྣམས་གོལ་ལམ་དུ་འདེད་པ་དང་། ཁེངས་པའི་གཏམ་རིང་ལ་ཤས་ཀྱིས་དམངས་ལ་ཁོང་ཁྲོ་གཏིང་ནས་སྐྱེས་སུ་འཇུག གཡོལ་མེད་འགན་འཁྲི་ལ་ལས་དམངས་ལ་གནས་ལུགས་ལྡན་ཡང་བཤད་ས་མེད་པར་གཏོང་། དཔོན་པོ་ལ་ལ་ཁོང་ཁྲོ་མེ་ལྟར་ཚ་ཞིང་དམངས་དོན་བརྙས་བཞག་ཅི་འདོད་དུ་ཕབ་ཆོག་བསམ་ཡོད། སེམས་སུ་མི་དམངས་མི་བསམ་པ་དང་དགོངས་པར་འགལ་ཞིང་དམངས་བརྗེད་པར་གྱུར་ཏེ"དཔོན་པོའི་འདུ་ཤེས"འཕོས་པའི་སྡུག་གི་འབྲས་བུ་བསགས་ན་མི་དམངས་ཀྱིས་ཅིས་ཀྱང་ལོགས་སུ་འདེད་ངེས་ཡིན།

        ལྟོགས་པའི་འཁུན་སྒྲ་བར་མེད་གསན་པ་བཞིན། ། སེམས་སུ་རྨོ་འདེབས་དཀའ་བ་བརྗེད་དུ་མེད། ། "ལིག་ཧྲོ་ཆི་ཡིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཆེད་དུ་རི་ལྡེབས་སུ་ཕྱིན་ནས་རྐང་པས་སྐྱག་པ་སྐམ་པོར་བཞུས་ཏེ་ལྟ་དུས་གྲུབ་རྒྱུ་ཕལ་ཆེར་ཚི་རྒྱུ་རགས་པ་ཡིན་པས་འབྲུ་རིགས་ཟོས་པ་ཉུང་ཞིང་སྔོ་ཚལ་མང་དུ་ཟོས་པ་རྟོགས་ཏེ་ཡིད་སེམས་མུག སྐབས་ཐོག་སྨན་ཁང་ནང་འཚོ་བཅུད་ཀྱིས་མ་འདང་པར་ཞག་སྡོད་བྱས་པའི་ནད་པ་ཤིན་ཏུ་མང་བ་དང་སྒོས་སུ་གཞོན་ནུ་དར་མ་ཡང་ཡོད་པ་མཐོང་བས་མིག་ཆུ་སྲོན་མ་ཐུབ་པར"མི་དམངས་ཀྱིས་སྡུག་འདི་འདྲ་མྱངས་པས་ང་ཚོས་དཀའ་སྡུག་སེལ་རོགས་བགྱི་དགོས། དེ་མིན་མི་དམངས་མང་ཚོགས་ལ་གུང་ཁྲན་ཏང་གིས་ཅི་བྱེད"ཅེས་གསུངས།

        "ཆུང་དུ་མ་འཛིན། ། རྐྱེན་ངན་དུ་འགྱུར། ། ཆུང་ལ་མ་བསམ། ། གྱོང་རག་པ་ཆེ། ། "མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པས་བྱ་དངོས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གྲངས་ཀྱི་འགྱུར་བ་ནི་སྤུས་ཀའི་འགྱུར་བའི་ངེས་མཁོའི་གྲ་སྒྲིག་དང་སྤུས་ཀའི་འགྱུར་བ་ནི་གྲངས་ཀའི་འགྱུར་བའི་བཟློག་མེད་མཇུག་འབྲས་ཡིན་པ་ང་ཚོར་བསྟན། "གལ་སྲིད་ཆོས་གང་ཞིག་གིས་ང་ཚོ་མེད་བརླག་ཏུ་གཏང་སྲིད་ཚེ་དེ་ནི་འདི་ཉིད་ཡིན་ངེས། " ལེ་ཉིན་གྱིས་བསྟན་པའི"འདི་ཉིད"ཞེས་པ་ནི"གུང་ཁྲན་ཏང་མི་དཔོན་ཉམས་རིང་ལུགས་པར་གྱུར"ཏེ"མང་ཚོགས་རྒྱབ་ཀྱིས་ཕྱོགས་ཤིང་མང་ཚོགས་ཀྱི་མགོ་ཐོག་ནས་འགྱིང་བའི་ཁྱད་དབང་ཅན"སྐོར་ཞིག་བྱུང་བ་དེ་ཡིན།

        "མི་ཡི་སྲོག་རྩ་ཟུངས་ལ་ཐུག ། རྒྱལ་ཁབ་སྲོག་རྩ་དམངས་ལ་ཐུག ། "དུས་རབས་ནི་རྒྱུགས་འདོན་པ་དང་ང་ཚོ་ནི་རྒྱུགས་སྤྲོད་པ། མི་དམངས་ནི་རྒྱུགས་བཤེར་པ་ཡིན། རྒྱང་སྐྱོད་ཀྱི་ལམ་བུར་བརྩོན་པས་ཞུགས་ཤིང་འགན་འཁྲི་གསར་བ་ཁུར་དུ་ཁྱེར་ཏེ། མི་དམངས་མང་ཚོགས་ཀྱིས་ལས་བྱེད་སྤྱོད་སྟངས་ཀྱི་རྒྱུགས་ཤོག་བཤེར་དུས་འགྲིག་རྟགས་དང་འདྲི་རྟགས་འགོད་པའམ་ཕུལ་བྱུང་དང་ཚད་ལ་ལོངས་པ་གང་ཡིན་འགོད་པ་ནི་ཏང་ཡོན་མགོ་ཁྲིད་ལས་བྱེད་ཀྱིས་ངེས་པར་གདོང་གཏད་དགོས་པའི་རྒྱུགས་གཞི་ཡིན།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དོན་ཙག་ཙིག་དང་ལས་ཕྲན་ཚེགས་ནི་མེ་ལོང་ཞིག་ཡིན་ཏེ། དེའི་ཁྲོད་དུ་ཏང་གཤིས་དང་རྩ་དོན། མི་གཤིས་འདྲེས་ཡོད་པར་བསྟན། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སེམས་སུ་མི་དམངས་བསམ་དགོས་པ་དང་བརྩེ་བ་དམངས་ལ་ཕུལ་ན། གཞི་ནས་མང་ཚོགས་དང་འབྲེལ་བའི་སྐྱེ་རྒ་ན་འཆིའི་གནས་ཚུལ་དང་ཇ་མར་བུལ་ཚྭ་སོགས་དོན་ཙག་ཙིག ཟས་གོས་འགྲོ་སྡོད་སོགས་ལ་དོ་སྣང་གང་ལེགས་དང་ལེགས་པར་གྲུབ་སྟེ་འབད་པ་ལྷོད་མེད་ཀྱིས་རང་གི་དཀའ་སྡུག་གིས་མི་དམངས་ཀྱི་ཡིད་རྟོན་འཐོབ་རྒྱུ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

        སྤྱོད་སྟངས་ལེགས་པོ་ནི་རང་བཞིན་ལྷུན་གྱིས་གྲུབ་པ་ཞིག་མིན་པར་སྦྱོང་བརྡར་ལྷོད་མེད་བྱས་པའི་འབྲས་བུ་ཡིན། དོན་ཙག་ཙིག་དང་ལས་ཕྲན་ཚེགས་ནི་སྤྱོད་སྟངས་སྦྱོང་བརྡར་བྱེད་སའི་སྟེགས་བུ་བཟང་ཤོས་ཡིན། མིག་སྔར། རང་རྒྱལ་ནི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མཁྲེགས་གཏོར་དུས་སྐབས་དང་འགལ་ཟླ་མངོན་དོད་དུས་སྐབས། འཕེལ་རྒྱས་ཀྱི་སྟབས་འཁེལ་དུས་སྐབས་སུ་གནས་ཤིང་། མི་རྣམས་ཀྱི་རིན་ཐང་ལེན་ཕྱོགས་སྣ་མང་བ་དང་སྤྱོད་སྟངས་རྣམ་པ་མང་བ། བསམ་གཞིག་བྱེད་སྒོར་འགྱུར་ལྡོག་ཆེ་བ་ཡིན། གནས་བབ་གསར་བ་དང་ལས་འགན་གསར་བར་གདོང་གཏད་དེ། མང་ཚོགས་ཀྱི་ཁེ་ཕན་རྩ་བ་རུ་འཛིན་པ་དང་མང་ཚོགས་ཀྱི་བསམ་ཕྱོགས་གནད་དུ་འཛིན་པ། མང་ཚོགས་ཀྱི་དགོས་མཁོའི་གདམ་ག་ཐོག་མར་འཛིན་པ། མང་ཚོགས་ཀྱི་བློ་ཡིད་ཚིམས་པ་ཚད་གཞི་དང་པོར་བཞག་ན"ལས་བྱེད་པའི་སྤྱོད་སྟངས་ལེགས་པོ"གཞི་ནས་སླར་ཡང་མི་ཡུལ་དུ་འབྱུང་བ་དང་གུང་ཁྲན་ཏང་མིའི་སྣང་བརྙན་ཡང་མི་དམངས་ཀྱི་སེམས་སུ་ལེགས་པར་འཛིན་ཐུབ།

        སྤྱོད་སྟངས་ནི་དོན་ཙག་ཙིག་དང་ལས་ཕྲན་ཚེགས་ཀྱི་སྦྱོང་བརྡར་ལས་བྱུང་ཞིང་གཏམ་སྤྱོད་རེ་རེ་དང་བྱ་ལུགས་བྱེད་སྟངས་ཀྱི་ཞུན་བརྡར་ལས་བྱུང་། བློ་སེམས་དཀར་པོས་དམངས་ཀྱི་ཆེད་དུ་བསམ་པ་དང་གུང་ཁྲན་ཏང་མིའི་འོད་དུ་འཚེར་བའི་མིང་བྱང་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ནམ་ཡང་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བསྒྲགས་གཏམ་གསང་པོ་ཡིན། ལིག་ཧྲོ་ཆི་མཆོག་གིས་གསུངས་མྱོང་སྟེ། ཏང་ཡོན་བཟང་པོ་ཞིག་དང་མགོ་ཁྲིད་བཟང་པོ་ཞིག་གི་མཚོན་རྟགས་གལ་ཆེ་ཤོས་དེ། མི་དམངས་ཀྱི་འཚོ་བའི་གནས་ཚུལ་དང་ངལ་རྩོལ་གྱི་གནས་ཚུལ་ཤེས་པ། མི་དམངས་ཀྱི་དཀའ་ས་ཁག་སར་དོ་སྣང་བྱེད་པ། མི་དམངས་ཀྱི་བསམ་པའི་འདོད་བློ་ཤེས་མིན་གྱི་ཐད་དུ་གནས།

        འཕེལ་རྒྱས་ཀྱི་དམིགས་ཡུལ་མཐར་ཐུག་པ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན། "གནམ་འོག་སྐྱེ་འགྲོ་ལྟོ་གོས་འཛོམ་གྱུར་ན། ། སོལ་བ་ནགས་ནས་དོན་མེད་ཕྱུང་དོགས་མེད། ། " ལས་བྱེད་ཀྱིས་དངོས་སྒྲུབ་ལ་མཐོང་ཆེན་བཟོས་ནས་དོན་ཆུང་ནས་བསྒྲུབ་མགོ་ཚུགས་དགོས། "ཀྲུང་གོའི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན"མཚོན་པའི་ང་ཚོའི་སྲིད་ཏང་འདིས་དམངས་འཚོའི་དོན་རྩས་ཁེངས་པའི"ཀྲུང་གོའི་གཏམ་རྒྱུད"ལོ་ཡི་འཁོར་མོར་བརྐོས་ཏེ་མཚར་སྒྲུང་གསར་བ་འབྲི་དགོས་སོ། །

རྩོམ་པ་པོའི་ལས་ཁུངས། ཧའེ་ལུང་ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུའུ། བསམ་གྲུབ་ཀྱིས་བསྒྱུར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1