༄༅།། བོད་ཀྱི་མདའི་རིག་གནས་སྐོར་རོབ་ཙམ་གླེང་བ།

རྭ་ཡུམ་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-09


 རྭ་ཡུམ་སྐྱབས།
          ཡ་ཐོག་གི་བོད་སྤྱི་ཚོགས་སུ་མདའ་ནི་འཛམ་གླིང་གི་མི་རིགས་གཞན་ཁག་དང་འདྲ་བར་དང་པོ་མཚོན་ཆའི་ཚུལ་དུ་བྱུང་བ་རེད། ལོ་རྒྱུས་ཀྱི་དུས་རིམ་རིང་མོའི་ནང་། ཤེས་རིག་བཀྲ་བའི་བོད་མི་ཚོས་རང་བྱུང་ཁམས་དང་ཡུན་རིང་འཐབ་རྩོད་བྱས་པ་བརྒྱུད་དེ།   ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་སམ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་མདའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད།  དེ་དག་གིས་ཕྱོགས་གཅིག་ནས་བོད་ཀྱི་གདོད་མའི་ཆོས་ལུགས་དང་རིག་གནས་ཀྱི་རང་བཞིན་ནམ་ཁྱད་ཆོས་མཚོན་ཐུབ་པ་མ་ཟད། གནའ་བོའི་ཟ་མན་ཆོས་ལུགས་དང་པར་སིག་རིག་གནས་དག་ལའང་ཤུགས་རྐྱེན་ཐེབས་ཡོད་པ་འདྲ། འདིར་བོད་གངས་ཅན་གྱི་ཡུལ་དུ་དེང་སང་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པའི་མདའི་རིག་གནས་སྐོར་ལ་རོབ་ཙམ་དཔྱད་པ་ལ།
དང་པོ། བོད་ཡུལ་དུ་དང་པོ་མདའ་བྱུང་བའི་སྐོར།
          བོད་ཀྱི་ལོ་རྒྱུས་སྔ་མ་《རྒྱལ་པོ་བཀའ་ཐང་》(པེ་ཅིན་P-113)དུ།  “དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་།།་”ཞེས་མངའ་མཛད་དྲུག་གི་བཞི་པའི་སྐབས་བྱུང་བར་བཤད།  ཡང་ལོ་རྒྱུས་སྔ་གྲས 《ལྡེའུ་རྒྱ་བོད་ཆོས་འབྱུང་》(བོད་ལྗོངས་P-་224)དུ། “དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ།  ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས།  ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། ” ཞེས་འབྱུང་།  གང་ལྟར་ད་ལྟ་ང་ཚོར་མིག་མཐོང་ཡོད་པའི་མངའ་རིས་རུ་ཐོག་གི་བྲག་བརྐོས་རི་མོ་ལས་བྱུང་བའི་རྔོན་པ་མདའ་ཐོགས་དག་ནི། གནའ་རྫས་རྟོག་དཔྱོད་པས་ཡ་ཐོག་གི་དུས་སྐབས་སུ་བྱུང་བར་བཤད། ① ཡ་ཐོག་གི་ལོ་རྒྱུས་དུས་སྐབས་དེ་དབུ་བཪྙེས་ནས་ད་བར་ལོ་བཞི་སྟོང་ལྷག་ཙམ་འགོར་ཡོད། གཞན་1978ལོ་ནས་979ལོར་བྱུང་བའི་ཆབ་མདོའི་“ཁ་རོབ་རྡོ་ཆས་གསར་པའི་སྐབས་ཀྱི་ཤུལ་ཀ་”ནས་མདེའུ་རྩེ་དང་མདུང་སོགས་བུད་ཅིང་།  དེ་དག་གནའ་རྫས་རྟོག་དཔྱོད་པས་སྤྱི་ལོ་སྔོན་གྱི་ལོ་4650ཡར་མར་དུ་བྱུང་བར་ངོས་བཟུང་ནས། བོད་ཡུལ་དུ་ལོ་བཞི་སྟོང་ཡར་སྔོན་ལ་མཚོན་ཆ་མདའ་མདུང་སོགས་དར་བ་ར་སྤྲོད་བྱས།② ནང་པར་“ཨར་ལུ་ཐུའུ་རིག་གནས་”ཞེས་ཧུ་ནན་ཞིང་ཆེན་ཡན་ཧྲི་རྫོང་ཨར་ལུ་ཐུའུ་གནའ་ཤུལ་ནས་ཐོན་པའི་རིག་རྫས་ནང་། ཟངས་ཀྱི་མདེའུ་རྩེ་བྱུང་བ་དེ་ད་བར་ལོ་3200འགོར་ཡོད་སྐད།③  དེ་ལྟར་འཛམ་གླིང་མི་རིགས་གཞན་ལ་མཚོན་ན།  ཞི་པན་ཡའི་ཨལ་ཕོར་གྱི་བྲག་ཕུག་ནས་བཏོན་པའི་རྡོ་ཆས་རྙིང་པའི་དུས་མཇུག་གི་ལྡེབས་རིས་སུ་བྱུང་བའི་རྔོན་པ་མདའ་ཐོགས་དག་ནི་ཆེས་སྔ་ཤོས་རེད། @ དེར་བལྟས་ན་ཡ་ཐོག་གི་བོད་ཡུལ་དུ་མདའ་བྱུང་བའི་དུས་ཀྱང་ཕལ་ཆེར་འཛམ་གླིང་མི་རིགས་ཁག་དང་མཉམ་ནས་ཡོད་པ་མཐོང་ངོ་།།
          བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་མདའ་ནི་འཕེན་བྱའི་མཚོན་གྱི་ཚུལ་དུ་དར་ཞིང་འབྱམས་པ་རེད། དེས་གདོད་མའི་སྤྱི་ཚོགས་ནང་རི་དྭགས་རྔོན་པ་དང་དགྲ་ལ་ཕས་རྒོལ་གཏོང་བའི་ཐད་ནུས་པ་འགངས་ཆེན་བཏོན་ཡོད་སྟབས།  ཡ་ཐོག་གི་མི་ཚོས་“སྐྱེན་མོའི་མདའ་”ཞེས་གཟེངས་བསྟོད་བྱེད་ཅིང་མཚོན་ཆ་མཆོག་ཏུ་བརྩི། དཔེར་ན། ཁོ་ཚོས་མདའ་སྣོད་ལ་“སྟག་དོང་”དང་གཞུ་སྣོད་ལ་“གཟིག་ཤུབས་”ཞེས་མདའ་གཞུ་དེ་དཔའ་གཏུམ་ཆེ་བའི་སྟག་གཟིག་གི་དཔེར་སྦྱར་ནས་ད་བར་རྒྱུན་འབྱམས་བྱུང་།   ཐང་ཡིག་ལས་འབྱུང་བ་ལྟར་གནའ་བོའི་བོད་པ་རྣམས་དམག་བྱེད་ཚེ་གསེར་མདའ་རྫོང་བ་དང་།  མདའ་གཞུ་ནམ་ཡང་ལུས་དང་མི་འབྲལ་ལོ།། དེ་བཞིན་དུ་གནའ་བོའི་བོད་པའི་སྤྱི་ཚོགས་འཚོ་བའི་ནང་ནའང་ཉག་ཕྲན་མདའི་ཆེ་བ་བརྗོད་པའི་མདའ་བཤད་སྐོར་ནི་གང་མང་མང་ཡོད་ཅིང་། དེ་དག་ནི་མདའི་རིག་གནས་ཁྱབ་སྤེལ་དང་འཕེལ་འགྱུར་འགྲོ་བའི་ཐོག་མའི་རུ་རྩི་ལྟ་བུ་རེད།  ལོ་རྒྱུས་ཀྱི་དུས་རིམ་རིང་མོའི་ནང་།  སྤྱི་ཚོགས་འཚོ་བའི་ཁྲོད་གོ་གནས་ངེས་ཅན་བཟུང་བའི་མདའ་དེ་ཐོག་མའི་མཚོན་ཆ་ཙམ་ལས་བརྒལ་ནས། བོད་ཀྱི་ཆོས་ལུགས་དང་། གདོད་མའི་རིག་གནས་དག་ལ་འབྲེལ་བ་ཟབ་མོ་བྱུང་ཞིང་།    །སྒོས་སུ་མདའ་ཞེས་ཆོས་ལུགས་ཀྱི་ཡོ་བྱད་དམ་འདུ་ཤེས་མཚོན་བྱེད་ཅིག་དང་བཀྲ་ཤིས་པའི་རྟགས་ཤིག་ཏུ་གྱུར་ནས། མདའི་རིག་གནས་ཀྱི་གདོད་མའི་རྣམ་པ་གྲུབ་འགོ་བརྩམས་པ་དང་། བོད་ཀྱི་སྤྱི་ཚོགས་འཚོ་བ་ཉག་ཕྲ་བ་དག་དང་འབྲལ་ཐབས་མེད་པ་ཞིག་ཏུ་སོང་།  དེ་བཞིན་བོད་རང་གི་ཆོས་ལུགས་དང་རིག་གནས་ཀྱི་ཁྱད་ཆོས་འཛོམས་པའི་མདའི་རིགས་ཀྱང་མང་དུ་བྱུང་སྟེ། གཉེན་མདའ་དང་། གཡང་མདའ། བླ་མདའ། མདའ་མོ། མདོས། འཕང་དང་མདའ། མདའ་ཡིག  བསང་མདའ། དེ་མིན་ཚེ་སྒྲུབ་མདའ་དར། རླུང་རྟའི་མདའ་དར། འཇིབ་རྒྱག་པའི་མདའ་སོགས་དང་། དེང་གི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་མདའ་རྩེད་དང་། མདའ་སྟོན། མདའ་བཤད་སོགས་རྣམ་གྲངས་མང་དུ་ཡོད་དོ། །
          དེ་ཡང་གནའ་བོའི་བོད་པའི་མདའ་ཐོན་སའི་ཡུལ་གཙོ་བོ་ནི་ཚ་བ་རོང་དུ་གྲགས་པ་ལྟར།  གླིང་སྒྲུང་ལས་《ཚ་བ་མདའ་རྫོང་》ཞེས་གླིང་བ་རྣམས་ཀྱིས་མདའ་རྫོང་ཕབ་པའི་གནས་ཚུལ་བཀོད་པས་ཀྱང་མཚོན་སྙམ། མདའ་ནི་དགྲ་ལྷའི་གོ་མཚོན་སྣ་དགུའི་གྲས་ཡིན་ཞིང་། བོད་དུ་མདའ་བྱུང་བ་ནས་མདའ་རྩལ་སྦྱོང་བའི་སྲོལ་ཡོད་པ་སྨོས་ཅི་དགོས། དཔེར་ན། བློན་པོ་ལོ་ངམ་རྟ་རྫི་དང་རྒྱལ་པོ་གྲི་གུམ་བཙན་པོ་གཉིས་མདའ་འགྲན་ནས་རྒྱལ་པོ་བཀྲོངས་པ་ལྟ་བུ་དང་།   སྒོས་སུ་རྩལ་པོ་ཆེ་མི་བདུན་གྱི་ཡ་གྱལ་དབས་རྒོད་ལྡོངས་བཙན་ནི་བོད་དུ་མདའ་རྩལ་ལ་ནང་བྱན་ཆུབ་པ་ཞིག་རེད།   དེང་སང་གི་མདའ་འགྲན་ནམ་མདའ་རྩེད་ནི་གནའ་བོའི་དམག་མི་དག་གིས་མདའ་རྩལ་སྦྱོང་བརྡར་བྱས་པ་ལས་འཕྲོས་ནས་བྱུང་བ་ཞིག་རེད།  བར་སྐབས་མཚོ་སྔོན་གྱི་རོང་ཕྱོགས་གཙོ་བྱས་བོད་ཀྱི་ཡུལ་ཕྱོགས་ལ་ལར་དགུན་ཟླ་ར་བའི་ནང་མདའ་རྩེད་འགྲན་སྲོལ་ཡོད་ལ། ད་དུང་མདའ་དཔོན་བསྐོ་བ་དང་། མདའ་རྔ་གཞག་སྟེ་གཟབ་རྒྱས་དོད་པོས་མདའ་སྟོན་རྒྱ་ཆེར་བཀྱགས་ནས་ཕན་ཚུན་བར་མདའ་བཤད་རྒྱག་རེས་བྱེད། སྤྱིར་མདའ་རྩེད་ཀྱང་བོད་ཀྱི་སྲོལ་རྒྱུན་རྩེད་མོ་རྟ་རྒྱུག་དང་འཇུ་རེས་སོགས་ཇི་བཞིན།  དམངས་ཁྲོད་རང་བཞིན་ལྡན་ཞིང་རྒྱུན་རིང་བའི་ལུས་རྩལ་ལམ་རྩེད་རིགས་རིག་གནས་ཀྱི་རྣམ་པ་ཞིག་ཏུ་ཆགས་ཏེ་བོད་ཡུལ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད།  དཔེར་ན།  ཁམས་ཡུལ་ཤུལ་སོགས་སུ་“གོ་བ་”ཞེས་ཆེད་དུ་ཟློ་སྐེད་ལ་སྟག་དོང་ཐོགས་ཤིང་ལག་གཡས་པས་རལ་གྲི་དང་གཡོན་པས་གཞུ་གཡུག་རེས་བྱས་ནས་འཆམ་པའི་གནའ་བོའི་དཔའ་ཉམས་ལྡན་པའི་དམངས་ཁྲོད་ཞབས་བྲོ་ཞིག་འཁྲབ་སྲོལ་ཡོད།   ཡང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མདས་བགྲོངས་པའི་ལོ་རྒྱུས་རྐྱེན་བྱས་ནས།  བོད་དུ་རྒྱལ་པོའི་སྨོན་ལམ་གྱི་ལྷ་མོའི་འཆམ་གྱི་སྐབས།   འཆམ་པ་ཚོའི་ཕུ་རུང་དེ་གཟས་ནས་མདའ་གཞུ་སྐོང་ཐུབ་པ་ལྟར་བཅོས་ཡོད་པ་ལྟ་བུ་རེད།
          གོང་སྨྲས་བཞིན་ལོ་རྒྱུས་ཐོག་མདའ་ནི་དགྲ་ཕན་ཚུན་བར་གཡུལ་བཤམས་དུས་ཙམ་དུ་མ་ཟད།  རྟགས་དང་རྩེད་རིགས། སྟོན་མོ་དག་གི་སྐབས་དང་ཡང་འབྲལ་ཐབས་མེད། ཡིན་ཡང་དེང་སང་ས་ཆ་ལ་ལར་བོའུ་སྣ་ཚོགས་ཀྱིས་མདའི་ཚབ་བགྱིས་ནས་གནའ་བོའི་“རྟ་ཐོག་གཞུ་འཐེན་”ནམ་“རྟ་རྒྱུག་མདའ་འཕེན་”དེ་“རྟ་རྒྱུག་བོའུ་འཕེན་”སོགས་སུ་འགྱུར་ནས་མདའ་རྩེད་འགྲན་སྡུར་རམ་རྩེད་རིགས་ལ་ལ་རྒྱ་ཆུང་དུ་ཕྱིན་ཀྱང་།  མདའ་དང་འབྲེལ་བའི་རིག་གནས་གཞན་དག་ནི་སྔར་བས་ཀྱང་བོད་རོང་འབྲོག་བྱིངས་ཀྱི་འཚོ་བའི་ཁྲོད་དུ་ཁྱབ་ནས་ཡོད་དོ།།
གཉིས་པ། གཉེན་མདའ།
          བོད་དུ་མདའ་ནི་གཉེན་འབྲེལ་གྱི་མཚོན་རྟགས་ཤིག་ཏུ་སོང་བ་རེད། གདོད་མའི་སྤྱི་ཚོགས་ནང་གི་གཉེན་མདའི་བྱུང་བ་དང་། དེའི་རྣམ་པ། འཕེལ་འགྱུར་བཅས་ནི་མདའི་རིག་གནས་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་རེད། ཀུན་གྱིས་མཁྱེན་གསལ་ལྟར། འཕྲུལ་བློན་མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོར་ལྷ་མདའ་དར་གྱིས་བརྒྱན་པ་ཞིག་བཙུགས་ནས། བོད་རྗེའི་བཙུན་མོར་མངའ་གསོལ་བའི་གཉེན་སྦྲེལ་གྱི་དུས་སྟོན་ཕྱེ་བ་དང་། དེ་བཞིན་དེང་སང་ད་དུང་བོད་ཀྱི་ཡུལ་ཕྱོགས་ཁ་ཤས་སུ་བུ་མོ་གནས་ལ་འགྲོ་དུས་རྒྱབ་ལ་མདའ་གཅིག་འདོགས་སྲོལ་ཡོད།   མདོ་སྨད་ཀྱི་འབྲོག་ཕྱོགས་སུ་མང་ཆེ་བས་བག་མ་གནས་ལ་འགྲོ་དུས།  ཡིན་གཅིག་མིན་གཉིས་ཀྱིས་རྒྱབ་ལ་ཁ་བཏགས་དཀར་པོ་ཞིག་འདོགས་སྲོལ་ཡོད་པ་དེའང་ཕལ་ཆེར་དང་མའི་མདའ་འདོགས་སྲོལ་གྱི་ཚབ་ཏུ་བྱུང་བ་འདྲ།   ཨ་མདོའི་རོང་ཡུལ་ཁ་ཤས་དང་ལྷག་པར་དུ་ལྷ་སའི་མོན་ཡུལ་ཕྱོགས་སུ་སྐྱེས་པ་ཚོས་ཁྱིམ་ནས་མདའ་ཡག་ཤོས་རེ་ཉར་ཞིང་།  དེ་དར་ཚོན་སྣ་ལྔ་དང་མེ་ལོང་སོགས་ཀྱིས་བརྒྱན་ནས་གཉེན་ཚན་ནང་བུ་ཞིག་སྐྱེས་ན། ཞང་པོས་མདའ་རབ་ཅིག་ཚ་བོ་དེར་སྟེར་ཞིང་དེ་མཆོད་མདུན་དུ་བཀུར་བའི་སྲོལ་ད་བར་འདུག གནའ་བོའི་བོན་པོའི་བསྟན་བཅོས་ལ་ལར།  རང་གི་ཆུང་མར་བུ་སྐྱེས་ན་བུའི་སྔས་ཐོག་ལ་མདའ་སྒྲོན་པ་དང་བུ་མོ་སྐྱེས་ན་འཕང་འཇོག་པའི་སྲོལ་ཡོད་པ་འབྱུང་། འོན་ཀྱང་དེང་སང་བོད་པས་མོ་སྐྱེས་པར་འཕང་འཇོག་པའི་སྲོལ་དེ་བོར་བ་འདྲ།    ཡིན་ཡང་། མདོ་སྨད་ཀྱི་ཡུལ་ཕྱོགས་རེ་འགར་“ཕ་གསུམ་འཛོམས་པའི་མདའ་”དང་“མ་གསུམ་འཛོམས་པའི་འཕང་”ཞེས་ཁྱིམ་གཅིག་ལ་སྤོ་བོའམ་སྤོ་མོ་ནས་ཡང་ཚའམ་ཡང་ཚ་མོ་སྟེ་མི་རབས་བཞི་བྱུང་ན།  ཕ་གསུམ་འཛོམས་པའི་བུ་ལ་མདའ་དང་མ་གསུམ་འཛོམས་པའི་བུ་མོར་འཕང་ཞེས་བཀྲ་ཤིས་རྟེན་འབྲེལ་དུ་མདའ་དང་འཕང་དངོས་སུ་སྟེར་བའི་སྲོལ་ད་བར་ཡོད་དོ།།  བོན་གྱི་ཡིག་རྙིང་ཞིག་⑤ལས་ལྷ་མོ་ཞིག་དང་ཡུལ་གྱི་མགོ་དཔོན་གཉིས་གཉེན་དུ་བསྡེབས་ཤིང་།  ཡབ་སངས་པོ་ཁྲི་འབུམ་གྱིས་མགོ་དཔོན་ལ་བུ་མོའི་རྫོང་བ་སློང་བའི་ནང་། གསེར་དང་། གཡུ། སྐྲ་རྒྱན། གོས། རྟ་ནོར་ལུག་གསུམ་སོགས་ལས་གཞན་མདའ་ཞིག་དགོས་པར་བསྟན།  ད་དུང་མི་ཡུལ་དུ་བག་མར་འགྲོ་ཁར་ཡབ་ཀྱིས་བུ་མོར་མདའ་ཞིག་རྟེན་དུ་གནང་བ་དང་། ཡུམ་གྱིས་འཕང་ཞིག་བསྩལ་བ་རེད། གནས་ཚུལ་འདིའི་ཐོག་ནས་ང་ཚོས་མདའ་དེས་གནའ་བོའི་བོད་ཀྱི་གཉེན་འབྲེལ་ནང་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་རང་ཤུགས་ཀྱིས་རྟོགས་ཐུབ། ཡང་གོང་གི་དེབ་དེའི་ནང་གཉེན་སྒྲིག་གི་ཆོ་ག་སོགས་ཀྱང་བྲིས་འདུག་སྟེ། མག་པས་རྨུ་ཐག་ཉག་ཅིག་ཐོད་ལ་བཅིངས་ནས་ལག་ཏུ་མདའ་ཞིག་འཛིན་པ་དང་། བག་མས་བལ་ཐིག་(བལ་དཀྲིས་ཏེ་ཕྱྭའི་རྟགས་)སྔོན་པོ་རྐང་གཅིག་ཐོད་ལ་བཅིངས་ནས་ལག་ཏུ་འཕང་ཞིག་བཟུང་ནས་འགོ་བའི་ལྷ་དག་ལ་ནས་ཆང་དང་ཕྱེ་མར་གྱིས་མཆོད་པ་དང་མཉམ་དུ།  མག་པ་དང་བག་མ་གཉིས་གཡུང་དྲུང་གི་རིས་ཕབ་པའི་གདན་དཀར་དུ་བསྡད་ནས། “ལྷ་གསེར་(ཕོ་)དང་ལྷ་གཡུ་(མོ)”ཞེས་བོས་ཏེ། མག་པའི་སྲོག་ཤིང་གསེར་མདའ་བརྟན་རྒྱུ་དང;བག་མའི་གཡུ་འཕང་ཁ་མདོག་འཚེར་རྒྱུ་སོགས་རྨུ་ཐག་དང་བལ་དཀྲིས་ཡར་ལྷ་ལ་འཐེན་བཞིན།   མདའ་འཕང་གཉིས་རྟག་ཏུ་འབྲལ་མེད་ཡོང་བའི་མཆོད་ཚིག་དང་སྨོན་ལམ་རྒྱག་པ་རེད།   འདིའི་ནང་གི་མདའ་ནི་ཕོ་རྟགས་ཡིན་ལ་འཕང་ནི་མོ་རྟགས་རེད།   བོན་པོའི་བསྟན་བཅོས་གཞན་ཞིག་གི་ནང་ཡང་དེ་མཚུངས་ཀྱི་བཤད་སྲོལ་འདུག་སྟེ།  སྟེང་གི་ལྷ་ལྷ་མོ་གཉིས་བཤོས་པར་སྒོ་ང་མཚར་ཆེ་བ་གསུམ་བྱུང་ཞིང་།  གསེར་སྒོང་དེ་གས་ནས་གསེར་མདའ་ཞིག་བྱུང་བ་དང་།  གཡུ་སྒོང་དེ་གས་ནས་གཡུ་མདའ་དང་དུང་སྒོང་དེ་གས་ནས་དུང་འཕང་ཞིག་བྱུང་བར་བཤད་ལ། འདི་ནས་གསེར་མདའ་སྟེ་ཕོ་རྟགས་དང་གཡུ་མདའ་དང་དུང་འཕང་ནི་མོ་རྟགས་སུ་བཤད་དོ།།  དེ་ལྟར་《ལྡེའུ་ཆོས་འབྱུང་》(བོད་ལྗོངས་P-115)དུ།    “རྒྱལ་མོ་ཨོང་ཚུང་གིས་ཕོ་ལ་མདའ་གཞུ་མོ་ལ་འཕང་ཆ་གཏད།” ཅེས་འབྱུང་ཞིང་།  མཁས་དབང་ནམ་མཁའི་ནོར་བུའི་ལྗགས་རྩོམ་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》(P-357)དུ། “ནམ་རྒྱུན་དུ་མདོས་ཆོག་གི་མདོས་ཆས་སུ་‘མདའ་བཀྲ་’དང་‘འཕང་བཀྲ་’ཞེས་པ་མདའ་དང་འཕང་གི་གཟུགས་རིས་ཡོད་པ་དེ་དག་གིས་སྐྱེ་བོ་ཕོ་མོ་གཉིས་མཚོན་པ་སྟེ།”ཞེས་འབྱུང་པ་ལྟར། དང་པོའི་མཚོན་མདའ་ཆ་དེ་གདོད་མའི་བོད་སྤྱི་ཚོགས་སུ་གཉེན་སྒྲིག་གི་མཚོན་བྱེད་ཅིག་ཏུ་ཡོད་པ་གོར་མ་ཆག་སྟེ། བོད་སྲིད་པ་རྒད་པོའི་ཁ་དཔེར་“ཀི་ལི་གསལ་མོའི་མདའ།  བུ་མོ་འབོད་པའི་བརྡ་”ཞེས་གྲགས་པའང་དོན་ལ་གནས་སོ།། དེ་ཡང་རྒྱ་གར་རིག་བྱེད་གཏམ་རྒྱུད་དུ་འདོད་ལྷ་ཞེས་འདོད་པའི་མདའ་ལྔ་ཅན་ཞིག་ཡོད་པ་དང་།   གཞན་གནའ་བོའི་རོབ་མའི་ལྷ་སྒྲུང་དུའང་“རྗི་པེ་ཐུར་(Jupiter) ”ཞེས་པའི་འདོད་པའི་ཁྱུའུ་འདོད་པའི་མདའ་ཐོགས་པ་ཅན་ཞིག་ཡོད་པ་ཀུན་གསལ་ལྟར།  དེང་སང་ཕོ་མོའི་མཛའ་འབྲེལ་སྟོན་པའི་བརྡ་རུ་འདུག འདི་དག་བར་དུས་ཀྱི་ཧེ་བག་ཆེར་མེད་པར་མངོན་ཏེ། དེ་ནི་གནའ་བོའི་ཨེ་ཤེ་ཡ་གླིང་དཀྱུས་མའི་དར་རྒྱས་ཆེ་བའི་ཞང་ཞུང་ཤེས་རིག་དང་།  ཨེ་ཤེ་ཡ་གླིང་ལྷོ་མའི་རྒྱ་གར་བྲམ་ཟེའི་ལུགས།   ཀུ་རི་ཁ་མི་རིགས་དང་ཞི་འཁྲུག་གང་མང་བྱུང་མྱོང་བའི་ཨེ་ཤེ་ཡ་གླིང་ནུབ་མའི་པར་སིག་རིག་གནས་བར་འབྲེལ་འདུ་བྱུང་བའི་ཐོན་དངོས་ཤིག་ཏུ་ངེས་སོ།།  དེ་ཡང་སྤྱི་ལོ་སྔོན་གྱི་ལོ་1000ཙམ་གྱི་རྗེས་ནས་གནའ་བོའི་ཀུ་རི་ཁའི་རིག་གནས་དེ་ཡུན་གྱིས་དར་ཞིང་སྤྱི་ལོ་སྔོན་གྱི་ལོ་338དེ་མ་ཆི་ཏོན་མིའི་སྲིད་དབང་སྐབས་དར་རྒྱས་ཀྱི་རྩེར་སླེབས་ཡོད།   དེ་བཞིན་ཡ་ཐོག་བོད་ཅེས་ཞང་ཞུང་ཡུལ་དུ་སྤྱི་ལོ་སྔོན་གྱི་ལོ་2000ཡས་མས་སུ།  སྐྱེས་པ་མདའ་ཐོགས་དང་སྐྱེས་སྨན་འཕང་ཐོགས་ཀྱིས་འགོ་བའི་ལྷ་ལྔ་ལ་མཆོད་བཞིན་གཉེན་གྱི་འདོད་པ་མཚོན་གྱི་ཡོད།
          གང་ལྟར་བོད་ཀྱི་ལོ་རྒྱུས་ཐོག་མདའ་དེ་རིག་གནས་ཀྱི་ཁོངས་ཕྱུག་པའི་གཉེན་འབྲེལ་གྱི་རྟགས་སུ་གྱུར་བ་ནི་བོད་ཀྱི་ཕ་སའི་རིག་གནས་ཏེ་བོན་གཤེན་ནམ་ཞང་ཞུང་རིག་གནས་དང་འབྲེལ་བ་ཞིག་རེད། དེ་བཞིན་གདོད་མའི་སྤྱི་ཚོགས་ནང་མདའ་དེ་གཉེན་འབྲེལ་གྱི་རྟགས་སུ་གྱུར་བར་ཡང་རིག་གནས་ཀྱི་རྒྱུ་རྐྱེན་འགའ་ཡོད་པར་མཐོང་སྟེ།  གཅིག་ནས་མདའ་དེ་ཡ་ཐོག་གི་མི་རྣམས་ཀྱིས་དངོས་སུ་ལྷ་ལྷ་མོ་བཤོས་པའི་གསེར་སྒོང་ལས་བྱུང་བར་འདོད་དེ།   མཆོག་ཏུ་བཀུར་ནས་མཆོད་ཅིང་རིམ་པར་བླ་ན་མཐོ་བའི་གཉེན་གྱི་སྐྱེས་སུ་ཕུལ་བའི་རྟེན་དུ་དར་བྱུང་བ་འདྲ་ལ།  གཉིས་ནས་བོད་ཀྱི་གནའ་བོའི་སྤྱི་ཚོགས་ནང་ཐོན་སྐྱེད་ལག་རྩལ་མི་དར་བས། རྨུ་ཐག་ལྟ་བུ་བལ་རྩིད་འཁལ་འཐག་གི་རིགས་ཡོད་དོ་ཅོག་མདའ་དང་འཕང་ལ་བརྟེན་དགོས་པ་རེད།  དེ་བས་མདའ་འཕང་གཉིས་ནི་ལས་བྱེད་དུས་ཁ་འབྲལ་དུ་མེད་སྟབས་ཁྱིམ་གྱི་ཁྱོ་ཤུག་ཟུང་དང་ཀུན་ནས་མཚུངས།   དེ་ལྟར་བྱེད་ལས་ཀྱི་སྒོ་ནས་མདའ་ནི་ཕོའི་མཚོན་རྟགས་དང་།  འཕང་ནི་མོའི་མཚོན་རྟགས་སུ་དབྱེ་སྟེ་ཡུན་གྱིས་ཕོ་མོ་ལྷན་འདུས་ཀྱི་གཉེན་གྱི་རྟགས་སུ་སོང་བ་འདྲའོ།།
          དེ་ཡང་དེང་གི་ཡུས་ཀུའུ་མི་རིགས་ལ་གཉེན་སྒྲིག་སྐབས་བག་མ་གནས་ཁྱིམ་དུ་མ་འཛུལ་གོང་བསྟུད་མར་མདའ་གསུམ་འཕེན་པའི་སྲོལ་ཡོད་ཅིང་།  དེ་ནི་བོད་ཀྱི་ས་ཆ་ལ་ལར་ལོ་གསར་སྐབས་འདས་ལོའི་གྲིབ་ངན་སེལ་ཕྱིར། འགོ་འཛིན་ནམ་རྒན་པ་ཞིག་གིས་ཕ་རོལ་བོར་མདའ་འཕེན་པའི་སྲོལ་ཡོད་པ་དང་།    ལྷག་པར་དུ་ཁམས་ཡུལ་ཤུལ་དུ།  ལོ་རྙིང་གི་ཉི་ཤུ་དགུའི་དགུ་སྤྲུགས་ཉིན་ལ་ཆེད་དུ་“དུད་རྒན་ཕྱགས་པ⑥ཞེས་དཔེ་རིས་@@@འདི་ལྟ་བུ་ཕྱགས་མས་ཕྱགས་པའི་དུ་བ་ཡིས་ར་ནང་དུ་གཞུར་དྲངས་པའི་མདའ་ཞིག་འབྲི་ཞིང་། དེའི་གཞུག་ཏུ་དུ་རག་སྐོར་མ་དགུ་བླུགས་ཏེ་ལོ་གསར་དང་བསྟུན་ནས་ལོ་རྙིང་གི་མ་རུང་བའི་གདོན་འདྲེ་ཕ་མཐར་སྐྲོད་པའི་རྟགས་ཤིག་མཚོན་གྱི་ཡོད་པ་ལྟར། དེ་ནི་མདའ་དེ་དགྲ་ངན་གཞོམ་པའི་མཚོན་ཆ་ཙམ་དུ་ངོས་བཟུང་ནས་བག་མ་གང་དེའི་རྗེས་འབྲངས་ཀྱི་གདོན་འདྲེ་རྣམས་སྐྲོད་དོད་དུ་འཕངས་པ་ལས་གཉེན་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་ནོ།།
          གོང་དུ་རིག་གནས་ཀྱི་རྒྱུ་རྐྱེན་གཉིས་བཀོད་དེ་གདོད་མའི་མི་རྣམས་ཀྱི་ཕྱི་རོལ་འཇིག་རྟེན་གྱི་ངོས་འཛིན་ལ་འཕེལ་འགྱུར་བྱུང་བ་དང་བསྟུན་ནས།  ཉག་ཕྲན་མདའ་དེ་དང་པོའི་མཚོན་མདའ་ནས་རིམ་པར་གཉེན་མདར་གྱུར་པའི་རིག་གནས་ཀྱི་སྣང་ཚུལ་རོབ་ཙམ་ངོ་སྤྲོད་བྱས་པ་ཡིན།
གསུམ་པ། གཡང་མདའ། 
          བོད་ཀྱི་དུད་ཚང་རེ་རེའི་མཆོད་ཕུག་ན་ཡོད་པའི་གཡང་མདའ་ནི་མི་ལ་བཀྲ་ཤིས་ནོར་གཡང་དང་ཚེ་གཡང་འགུགས་བྱེད་ཅིག་རེད། དེ་ནི་བོད་ཀྱི་མདའི་རིག་གནས་ནང་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ།  བྱུང་བ་སྔ་ཞིང་ད་བར་བོད་ཡུལ་དུ་རྒྱུན་འབྱམས་སུ་གནས་ཡོད་ལ། གཡང་མདའ་དེར་དར་ཚོན་སྣ་ལྔས་བརྒྱན་ཞིང་བྱ་སྒྲོའང་བསྐྱོན་ཡོད། ལ་ལས་ད་དུང་ཟངས་དང་ལྕགས་ཀྱི་མདེའུ་སོགས་ཀྱང་སྤྲད་ཡོད། སྤྱིར་གཡང་མདའི་བཟོ་དབྱིབས་སོགས་ནི་མདོས་ཆོག་གམ་མདའ་པྲའི་ནང་ལྟར་འདུག་མོད།  དེང་སང་ཡུལ་མི་མང་ཆེ་བས་རྨ་སྒྲོའམ་རྒོད་སྒྲོ་སྟོད་ཅིང་དར་ཚོན་སྣ་ལྔ་འདོགས་པ་རྒྱུགས་ཆེ་ལ།   བོད་ཡུལ་གྱི་ཚོང་ཁང་དག་ནའང་བཙོང་རྒྱུ་ཤིན་ཏུ་མོད།    རང་ཅག་བོད་པ་ཚོས་རང་ཁྱིམ་དུ་བཀྲ་ཤིས་པའི་ལས་སྒྲུབ་དུས་དང་།  ལྷག་པར་དུ་བླ་མ་དང་ཆོས་པ་ཅི་རིགས་ཁྱིམ་ལ་ཕེབས་སྐལ་བྱུང་ན།  ཐོག་མར་མཆོད་ཕུག་གི་གཡང་གི་མདའ་དར་དེ་ཕྱུངས་ནས་ཁོང་ཚོའི་ཕྱག་ཏུ་ཕུལ་ཞིང་།   རྟགས་དང་རྟེན་འབྲེལ་གྱིས་གཡང་གི་མདའ་དེ་གཡབ་ཏུ་བཅུག་ནས་བཀྲ་ཤིས་ནོར་གཡང་འགུགས་པར་བྱེད།  དང་པོ་གཡང་མདའ་དེའང་གཉེན་མདའ་ལས་འཕྲོས་ནས་བྱུང་བ་འདྲ། གནའ་སྔ་མོའི་བོད་དུ་གཉེན་གྱི་མཛད་སྒོའི་སྐབས་ཕྱྭ་གཡང་འགུགས་པའི་སྲོལ་ཡོད་ཅིང་། གནས་ཚང་གིས་བག་གསར་གྱིས་རང་ཁྱིམ་ལ་གཡང་ཁྱེར་འོང་བའི་རེ་ལྟོས་བྱེད། གོང་སྨྲས་གཉེན་མདའི་སྐབས་ཀྱི་ལྷ་མིའི་བར་གཉེན་འབྲེལ་བྱུང་བའི་ལོ་རྒྱུས་ནང་། ལྷ་མོ་དེ་འཇིག་རྟེན་མི་ཡུལ་ལ་གནས་སུ་ཡོང་དུས།   མགོ་ནག་བོད་པ་དག་གིས་ཡར་ལྷ་ལ་གསོལ་མཆོད་ཀྱིས་གཡང་སྡུད་པའི་མཛད་སྒོ་རྒྱ་ཆེར་སྤེལ་བ་བཀོད་འདུག  དེས་མཚོན་ཀོང་སྤྲུལ་རིན་པོ་ཆེ་ཡིས་སྟག་ལུང་མདོ་མཁར་བས་ཁམས་སྡེ་དགེ་ནས་བཙུན་མོ་བསུ་སྐབས་མདའ་དར་བཙུགས་པའི་གནས་ཚུལ་བྲིས་པའི་ནང་དུ། བོད་ཀྱི་གཉེན་སྒྲིག་ཆོ་ག་རིགས་བརྒྱད་དུ་ཕྱེ་ཞིང་།  ཕྱྭ་གཡང་འགུགས་པ་ནི་དེའི་ནང་གི་གལ་ཆེན་ཞིག་རེད།  དེ་བས་གོང་སྨྲས་བཞིན་བོད་ཀྱི་ཡུལ་ཕྱོགས་ཁ་ཤས་སུ་མག་པའི་གོང་བ་དང་བག་མའི་བྲང་རྒྱབ་ཏུ་བཀྲ་ཤིས་པའི་མདའ་འདོགས་སྲོལ་ཡོད་པའང་རྒྱུ་མཚན་འདི་དག་ལ་ཐུག་ཡོད་སྙམ།  ཡང་《གསེར་འོད་གཡང་སྐྱབས་》ཞེས་བོད་པ་ཚོས་གཡང་གི་མདའ་དར་གཡབ་ཀྱིན་གཡང་འགུགས་སྐབས་འདོན་པའི་བསྟན་བཅོས་དེའི་ནང་།“བྱང་ཕྱོགས་དཔལ་རི་ལྷུན་པོ་ལ།།  དཔལ་གྱི་སྦ་སྨྱུག་ལྡེམ་པ་སྐྱེས། །ཚིགས་བདུན་ཚིགས་དགུ་བཅུ་གསུམ་པ།།  འཁོར་ལོ་སྒྱུར་བའི་གཡང་རྟེན་ལགས།།  དེ་ལྟར་ལོངས་སྤྱོད་རྒྱས་པ་ཡང་། །བཀྲ་ཤིས་སྦ་སྨྱུག་རྒྱས་པ་དེ།། འཁོར་ལོ་སྒྱུར་བའི་གཡང་ཕུར་བྱས།། རྒྱལ་པོ་ལོངས་སྤྱོད་རྒྱས་པ་ལྟར།། དེ་རིང་སྨྱུག་རྒོད་ཚིགས་གསུམ་པ།། ཡོན་བདག་འདི་ཡི་ཕྱྭ་གཡང་ལགས།།”ཞེས་དང་། “དཔལ་གྱི་མདའ་ནི་ལི་དམར་ལ།།  གཡུ་ཡི་ཉི་མ་སྤུ་གྲི་རྒྱལ།།བཏགས་པ་ཕྱྭ་དང་གཡང་དུ་བླན།།”ཞེས་འབྱུང་བ་ལས།    ང་ཚོས་མདའ་དེ་གནའ་སྔ་མོ་ཞིག་ནས་ཕྱྭ་གཡང་འགུགས་པའི་རྟགས་སུ་གྱུར་འདུག་པ་རྟོགས་ཐུབ།  གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་ནང་དུ།  མཚོན་ཆ་མདའ་མདུང་སོགས་གསར་སྐྲུན་ཐུབ་པ་ནས་བཟུང་།  ཡ་ཐོག་གི་ལྷ་དང་།  གཉན།  བཙན་སོགས་ཀྱི་གཟུགས་བཪྙན་བསྐྲུན་དུས་ཀྱང་། མཚོན་ཆ་མདའ་མདུང་ཐོགས་པ་ཅན་ཆེས་མང་པོ་བཟོས་པ་བྱུང་སྟབས།  རིམ་བཞིན་མདའ་ནི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ནང་བཀོལ་པའི་རྫས་ཁྱད་པར་བ་ཤིག་ཏུ་གྱུར་བར་ངེས།   དེ་ལྟར་མདའ་དེ་ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཏུ་གྱུར་བ་དང་འབྲེལ། གོང་སྨྲས་བཞིན་མདའི་སྐོར་གྱི་ལྷ་སྒྲུང་མཚར་པོ་སྣ་ཚོགས་རིམ་པར་བྱུང་བ་རྐྱེན་བྱས་ནས། ཡུན་གྱིས་དེང་གི་ཆོས་ལུགས་དང་རིག་གནས་ཀྱི་རང་བཞིན་ལྡན་པའི་གཡང་མདའ་འདི་བྱུང་བ་ཡིན་ཞིང་།   རྒྱུ་མཚན་དེ་དག་གི་སྟབས་ཀྱིས་ད་བར་རིག་གནས་ཀྱི་ཁུངས་ཕྱུག་པའི་བཀྲ་ཤིས་གཡང་མདའ་དེ་བོད་པའི་དུད་ཚང་རེ་རེའི་མཆོད་ཕུག་ཏུ་གནས་ཐུབ་པ་རེད།
          བོད་ཀྱི་ཆོས་ལུགས་སུ་མདོས་ཆོག་གམ་མོ་པྲ་སོགས་ཀྱི་སྐབས་ལ་མདའ་དར་སྣ་ཚོགས་འབྱུང་མོད།    གཙོ་བོ་རིགས་ལྔ་ཡོད་ཅིང་དེ་དག་ལས་“གཡང་སྒྲུབ་མདའ་དར་”དང་“ནོར་སྒྲུབ་མདའ་དར་”ནི་ཕྱིའི་བཟོ་དབྱིབས་དང་འདོགས་ཆ་ཙམ་ལས་རྩ་བའི་བྱེད་ནུས་སམ་མཚོན་དོན་ནི།  དེང་གི་བོད་རོང་འབྲོག་བྱིངས་ལ་ཁྱབ་པའི་གཡང་མདའི་རིག་གནས་སྐོར་དང་འབྱུང་ཁུངས་སམ་གྲུབ་ཚུལ་ཐད་དབྱེ་བ་ཆེར་མེད་པས་གོང་དུ་རོབ་ཙམ་སོང་བ་ནང་པཞིན་ནོ།། “ཚེ་སྒྲུབ་མདའ་དར་”ནི་པྲ་སྒྲུབ་དང་མདའ་མོའི་སྐབས་ཆེ་ཆེར་སྤྱོད་པ་ཞིག་དང་།  “མེ་ལྷ་འབོད་པའི་མདའ་དར་”དང་“རླུང་ལྷའི་མདའ་དར་”ནི་དེང་སང་གི་ལབ་ཙེ་སོགས་བསྟོད་པའི་བསང་མདའ་དང་འབྲེལ་ལམ་སྙམ།
བཞི་པ།  མདའ་མོ།
          མདའ་མོ་ནི་དེ་བས་ཀྱང་བོད་ཀྱི་མདའི་རིག་གནས་ཀྱི་རྣམ་པ་ཁྱད་པར་བ་ཞིག་རེད།  བོད་དུ་“མོ་པྲ་”ཞེས་པ་ནི་ལྐོག་གྱུར་གསལ་བར་སྟོན་བྱེད་ཅིག་ཡིན་ཞིང་། མཁས་དབང་ནམ་མཁའི་ནོར་བུས་“མོ་”ཞེས་པ་ནི་ལེགས་ཉེས་ཤན་འབྱེད་ཀྱི་བརྟག་པའི་རིག་པ་གང་ཅིའང་རུང་བ་ཞིག་ལ་ཟེར་ཞིང་། “པྲ་”ནི་ལེགས་ཉེས་མཚོན་པའི་རྟགས་ཅི་དང་ཅི་ཞིག་ཤར་བ་དེ་ལ་ཟེར་བ་ཡིན་ཞེས་གསུངས།   པྲའི་ལུགས་ནི་གནའ་བོའི་ཞང་ཞུང་རིག་གནས་སྐབས་བྱུང་བ་ཞིག་ཡིན་ཏེ། འཇུ་མི་ཕམ་པའི་གླིང་སྒྲུང་སྐོར་དུ་གེ་སར་གྱི་པྲ་ལྷ་དེ་གནའ་བོའི་ཞང་ཞུང་གི་དགྲ་ལྷ་ཝེར་མ་ལ་བྱ་བས་ཀྱང་མཚོན་ནོ།། མདའ་མོ་ནི་ཡ་ཐོག་གི་སྤྱི་ཚོགས་སུ་མདའ་བཀུར་ནས་གཉེན་མདའ་དང་གཡང་མདའ་བྱུང་བ་དང་བསྟུན་ནས་བྱོན་པ་གདོན་མི་ཟ་མོད།  ཕྱིས་བོད་ཀྱི་ཆོས་ཕྱོགས་སུ་དར་ཆེ་བའི་“པྲ་”ཞེས་པ་དེ་མདའ་མོའི་ཚབ་ཏུ་བྱོན་པ་རེད། སྔར་བོད་ཀྱི་བྱང་འབྲོག་རྩྭ་ཐང་དུ་མདའ་མོ་དེ་ཧ་ཅང་དར་སྲོལ་ཆེ།  འདེབས་སྟངས་ནི་ཨང་རྟགས་བཀོད་པའི་མདའ་སྐོར་ཞིག་སྣོད་དུ་བཅུག་ནས་དཀྲུགས་པ་དང་།  ཐང་མཆོངས་པ་གང་དེའི་ཨང་རྟགས་མོ་ཡིག་ཏུ་བཙལ་ནས་དོན་སྟོན་པ་ཞིག་རེད།   ད་དུང་“གེ་སར་མདའ་མོ་”དང་“གེ་སར་རྒྱལ་པོའི་པྲ་མོ་”ཞེས་དགྲ་ལྷའི་གོ་མཚོན་སྣ་དགུ་བསྣམས་པའི་གེ་སར་གྱི་ཐང་ག་ཕྱག་གཡས་སུ་མདའ་དར་བཟུང་པ་ཞིག་གི་མདུན་ནས་འདེབས་པ་དང་།   ཡང་མངར་གསུམ་གྱི་གཏོར་མ་དང་མདའ་ལ་དར་ཚོན་སྣ་ལྔ་སོགས་བཏགས་ནས་སྒྲུབ་པའི་“ལྷ་མོ་རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་”སོགས་མདའ་དང་འབྲེལ་བའི་མོ་མང་ད་ཡོད། །གཞན་“མདའ་ཟོར་”རམ་“སྐྱེས་པ་མདའ་ཟོར་”ཞེས་མོ་ཡིག་ཏུ་བསྟན་པའི་ཕྱོགས་ལ་མདའ་བཏང་ནས་གདོན་འདྲེ་སོགས་བརྫངས་པ་ལྟ་བུ་སོགས་ནི་《དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་》སུ་གསལ་བ་བཞིན་ནོ།།
          དེང་སང་མདོ་སྨད་ཀྱི་འབྲོག་ཁུལ་མང་ཆེ་བར་“གེ་སར་རྒྱུག་མོ་”ཞེས་པ་ཆུང་བྱིས་པ་ནས་ཆེ་རྒན་རྒོན་བར་འདེབས་ཤེས་པའི་མོ་ཞིག་ཡོད་དེ།    ཡུལ་ལ་བོར་སྟོར་ཅི་བྱུང་ན་ཁོ་ཚོས་“གེ་སར་རྒྱུག་མོ་”བཏབ་ནས་འདྲི་རྩད་བྱ།  གནའ་སྔ་མོའི་བོད་ལ་“གེ་སར་རྒྱལ་པོའི་པྲ་མོ་”དང་“གེ་སར་མདའ་མོ་”ཞེས་རྒྱུགས་ཆེ་བ་ཞིག་ཡོད་པ་ལྟར། དེང་གི་འབྲོག་ཁུལ་གྱི་“གེ་སར་རྒྱུག་མོ་”ཞེས་པ་འདིའང་དོན་དུ་“གེ་སར་མདའ་མོ་”ལས་མཆེད་པ་གོར་མ་ཆག   ཁོ་ཚོས་“གེ་སར་རྒྱུག་མོ་”དེ་འདེབས་སྐབས་ཤིང་ལེབ་དང་རྡོ་ལེབ། ཤོག་གུ་སོགས་རི་མོ་འབྲི་ཐུབ་པ་ཞིག་གི་སྟེང་དཔེ་རིས་འདི་ལྟ་བུ་མདེའུ་མགོ་བརྒྱད་ @@@ཅན་ཞིག་འབྲི་བ་དང་། དེ་ནས་གཞོགས་ཀྱི་མི་ཞིག་གིས་དེའི་ནང་གི་ཐིག་གམ་མདེའུ་གང་རུང་བ་ཞིག་ལ་ངོས་འཛིན་གྱི་རྟགས་བཀོད་རྗེས།  འདེབས་མཁན་གང་དེས་གེ་སར་རྒྱལ་པོར་གསོལ་བ་སྙིང་ནས་འདེབས་བཞིན་མོ་རིས་བྲིས་པའི་དངོས་པོ་དེ་གཡས་ཕྱོགས་སུ་ཐེངས་གསུམ་མམ་མང་དུ་བསྐོར་ཞིང་།  མདེའུ་རྩེ་བརྒྱད་པོའི་གང་རུང་ཞིག་ནས་མགོ་བཟུང་སྟེ་ངག་ཐོག་གི་མོ་ཚིག་རྐང་པ་བརྒྱད་ཡོད་པ་རིམ་པར་འདོན་པ་དང་།   རྟགས་བཀོད་པའི་མདེའུ་རྩེ་དེ་མོ་ཚིག་གང་འཁེལ་ལ་བལྟས་ནས་བརྟག་པ་རེད།  “གེ་སར་རྒྱུག་མོ་”ནི་གོང་སྨྲས་བཞིན་ཁྱིམ་དང་མི་སྒེར་ལ་བོར་སྟོར་ཆེ་ཆུང་ཅི་རིགས་བྱུང་ན་འཕྲལ་མར་འདེབས་པ་ཞིག་ཡིན་ཞིང་། དེའི་མོ་ཚིག་རྐང་པ་བརྒྱད་པོ་རིམ་པ་ལྟར་བཀོད་ན་འདི་ལྟ་སྟེ། “དབུས་རྒྱལ་པོ་ཆེན་མོ་གདན་ལ་བཞུགས།།  ཨེ་རྟག་མི་རྟག་འགྲམ་ལ་བརྟག།  སེང་གེ་དཀར་མོའི་མོ་འདི་བཟང་།།  ཕོ་རོག་ནག་ཆུང་ཚང་ལ་འཕུར།།  སྤྱང་གི་ཤ་གཟན་རི་ལ་ཤོར།།  ཉི་མ་གསེར་གྱི་ནས་འབྲུ་རེད།། ཕོ་གོམ་གསུམ་སྤོས་ན་དོན་གསུམ་འགྲུབ།། ཉི་ཟླ་གཟའ་ཡིས་བཟུང་འདྲ་རེད།།”ཅེས་མོ་ཚིག་ཉིད་ལས་མཚོནེ་བྱའི་དོན་ཕལ་ཆེར་གོ་བས་འདིར་མི་འགྲེལ་ལོ།།
          ཡ་ཐོག་གི་བོད་སྤྱི་ཚོགས་སུ་མདའ་དང་འབྲེལ་བའི་མོ་རིགས་སྣ་ཚོགས་བྱུང་ཡོད་པ་ལྟར།  གོང་གི་མདའ་མོ་དེ་དག་ལས་ང་ཚོས་གདོད་མའི་བོད་སྤྱི་ཚོགས་སུ་མདའ་དེ་མོ་དང་འབྲེལ་བ་བྱུང་བའི་སྐོར་གྱི་རིག་གནས་ཀྱི་རྒྱུ་རྐྱེན་འགའ་ཡང་རྟོགས་ཐུབ།  གཅིག་ནས་བོད་དུའང་གདོད་མའི་མི་རྣམས་ཀྱིས་“རུས་བླ་”ཞེས་སྲོག་ཆགས་སམ་དངོས་པོ་གང་ཞིག་རང་གི་སྐྱབས་གནས་སམ་སྲོག་གི་རྟེན་ཕུར་དུ་ངོས་འཛིན་པ་དང་། བླ་འབྲོང་དང་། བླ་རི། བླ་མཚོ། བླ་མདའ་ལྟ་བུ་རུས་བླ་རྣམ་པ་སྣ་ཚོགས་བྱུང་ཡོད། དཔེར་ན་“སྟག་དོང་འགོ་བའི་ལྷ་ལྔ་”དང་“གཟིག་ཤུབས་ཝེར་མ་”⑦ཞེས་ཡ་ཐོག་བོད་དམ་ཞང་ཞུང་གི་བླ་དེ་མདའ་གཞུ་དང་སྦྱར་བ་ལྟ་བུས་མཚོན། གོང་གི་བཀྲ་ཤིས་པའི་གཉེན་མདའ་དང་གཡང་མདའ་གཉིས་ལྷ་མདར་བཀུར་བ་ནང་བཞིན།  ཡ་ཐོག་གི་བོད་པ་ཚོས་མདའ་དེའང་བླ་མདར་ངོས་བཟུང་ནས་བཀུར་བ་རེད།   རྒྱུ་མཚན་དེའི་ཕྱིར་ཁོ་ཚོས་སྐྱབས་གནས་ལྷ་མདའ་འམ་བླ་མདའ་དེས་རང་གི་བདག་པོའི་ལྐོག་གྱུར་གྱི་ཡུལ་རྣམས་གསལ་པོར་སྟོན་ནུས་པར་འདོད་ནས་མདའ་དེ་མོ་དང་འབྲེལ་བ་བྱུང་བར་མངོན།    གཉིས་ནས་བོད་སྲིད་པ་རྒད་པོའི་ཁ་དཔེ་ལ་“སྐྱེན་མོ་མདའ་”དང་“དྲང་མོ་མདའ་”ཞེས་མདའ་དེ་བགྲོད་པ་མྱུར་བ་དང་།  ཡོ་འཁྱོག་མེད་པའི་དཔེ་རུ་འཇོག་པ་བཞིན།  ལྷོ་བ་སོགས་ན་གཉེན་སྟོན་ནམ་དུས་ཆེན་དུ་གཏུབ་མ་ཐག་པའི་སྨྱུག་སྡོང་བརྒྱད་སྒྲེང་ནས་དེར་ཕོ་མོ་སྔ་ཕྱི་ཡིས་མདའ་འཕེན་སྲོལ་ཡོད་ཅིང་། འཕངས་པའི་མདའི་དྲང་སྐྱེན་དང་།   སྒྲའི་དྭངས་ལྷོད་ལ་བལྟས་ནས་ལྟས་སམ་རྟེན་འབྲེལ་བརྟག་པར་སྐད། དེ་ནི་མོ་ཡིག་མ་ཟད། མོ་ཚིག་ཙམ་ཡང་མེད་པའི་མོ་ཡིན་ཏེ་ཆེས་སྔ་མོར་བྱུང་བ་གྲུབ།
          གོང་གི་གནས་ཚུལ་འདི་དག་ལ་གཞིགས་ན། བོད་པ་ཚོར་གནའ་སྔ་མོ་ནས་མདའ་ནི་མ་རུང་འཕྲལ་མར་སྒྲོལ་བར་གཡོ་གཟུར་མེད་པའི་མཚོན་ཆ་ཡ་མེད་ཅིག་ཡིན་པའི་གཉུག་མའི་འདུ་ཤེས་ཡོད་པ་གོ་བས།     རྒྱུ་མཚན་དེ་དག་རྐྱེན་བྱས་ནས་ཁོ་ཚོས་མདའ་དེ་རང་གི་ན་ཟུག་དང་གསང་བ་བརྟོལ་བའི་ཐབས་ཉག་ཅིག་ཏུ་རེ་ནས་རིམ་བཞིན་མོ་དང་འབྲེལ་བ་བྱུང་ནས་མདའ་མོའི་རིག་གནས་འདི་གྲུབ་པར་སྙམ་མོ།།
ལྔ་པ།  བསང་མདའ།
          འདིར་བརྗོད་པའི་བསང་མདའ་ཞེས་པ་ནི་དོན་དུ་ལྷ་བསང་བཏང་ནས་ལབ་ཙེ་བསྟོད་སྐབས་ཀྱི་མདའ་དེར་བྱ་བ་ཡིན།  ཀུན་གྱིས་མཁྱེན་གསལ་ལྟར།  ལབ་རྩེ་བསྟོད་པ་ནི་བོད་ཀྱི་ཡུལ་གྲུ་སོ་སོར་ཡོད་ཅིང་ལོ་རེའི་ངེས་གཏན་དུས་ཚོད་ནང་ཚོ་པ་དང་ལུང་པ།  ཕྱོགས་པ་རེ་རེའི་སྐྱེས་པ་རྒན་གཞོན་ཅི་ཐོན་རྣམས་ལྷན་དུ་འཚོགས་ནས་རང་གི་ཡུལ་དེའི་ཡུལ་ལྷ་གཞི་བདག་ལ་གསོལ་མཆོད་གཏོང་བ་ཞིག་རེད། དེང་སང་རྗེས་མཐུན་དུ་ཡུལ་མི་ཚོས་བ་ཁ་འཛིན་པ་(ཤིང་སློང་ལྟ་བུ་)དང་རྟ་རྒྱུག་མདའ་འཕེན་སོགས་རྩེ་རིགས་གང་འཚམ་རྩེ་སྲོལ་ཡོད་པ་དེ་དུས་ཆེན་ཞིག་ཏུ་ཆགས་འདུག  སྤྱིར་བོད་པས་ལྷ་བསང་ཕུད་ནས་ལབ་ཙེ་བསྟོད་པའི་ཡུལ་ལྷ་གཞི་བདག་གི་མིང་ཕལ་ཆེར་བོད་ཡུལ་གྱི་རྫ་རི་མཐོན་པོ་དང་།    ཡང་ན་གནའ་དུས་ཀྱི་རུས་བླ་དང་རྒྱལ་བློན་ནམ་ཡུལ་དཔོན་དམག་དཔོན་དག་ཏུ་སྣང་།  འདིས་བོད་པའི་ལབ་ཙེ་བསྟོད་སྲོལ་ནི་ཡ་ཐོག་ཅིག་ནས་བྱུང་བ་རྟོགས་ཐུབ།   རྒན་དོར་ཞི་མཆོག་ནས་“ལབ་ཙེ་གཏོད་པ་དེ་ཡང་མདའ་མདུང་རལ་གྲི་ཚང་མ་ཕྱོགས་གཅིག་ཏུ་སྤུངས་ནས་ཞི་བདེ་བྱེད་པའི་མནའ་གཙིགས་བཞག་པའི་རྟགས་ཤིག་ཡིན་པར་སྣང་”⑧ཞེས་པར་རྒྱུ་མཚན་ཧ་ཅང་ཆེ་སྟེ།    སྔར་ལྷ་སའི་གནས་ཆུང་ལྕོག་བཞེངས་གྲུབ་སྐབས།  འབངས་རྣམས་ཀྱིས་འཁྲུག་རྩོད་སྤོང་བའི་ཆེད་དུ་གཡུལ་དུ་སྤྱད་མྱོང་བའི་མདའ་མདུང་གྲི་གསུམ་བཅས་གནའ་བོའི་གོ་མཚོན་སྣ་ཚོགས་དགོན་པར་འབུལ་བ་དང་།  ཕྱིས་སུ་ཡུལ་སོ་སོའི་བཙན་ཁང་དུ་འཁྲུག་པ་ཞི་བའི་གོ་མཚོན་དེ་རིགས་ཉར་པའི་སྲོལ་བྱུང་བ་དེང་སང་ཡང་ཡོད་པ་དེ་བཞིན་ནོ།།
          ལབ་ཙེ་བསྟོད་པ་དེ་ཀུན་གྱི་མིག་མཐོང་དུ་ཡོད་པ་ལྟར་སྲིད་མོད།  ང་ཚོས་ཡང་བསྐྱར་མདའ་ནི་དེ་ལྟར་ཡུལ་ལྷ་གཞི་བདག་ལ་མཆོད་པའི་མཚོན་རྟགས་སམ་ཡོ་བྱད་དུ་གྱུར་པའི་རིག་གནས་སྐོར་ལ་རོབ་ཙམ་དཔྱད་ན།   གཅིག་ནས་གོང་སྨྲས་ལྟར་ཡ་ཐོག་གི་མི་རྣམས་ལ་“ལྷ་མདའ་”དང་“བླ་མདའ་”ཞེས་མདའ་དེ་གོང་དུ་བཀུར་བའི་གཉུག་སེམས་ཡོད་སྟབས། ཁོ་ཆོས་རང་གི་རུས་བླའམ་ཡུལ་ལྷ་དང་། མེས་པོ་དག་ལ་མཆོག་ཏུ་བགྲང་བའི་ཉག་ཕྲན་མདའ་དེ་མཆོད་པའམ་སྐྱེས་ཀྱི་ཚུལ་དུ་མང་ནས་མང་དུ་འབུལ་ཞིང་། ཕྱིར་ཕྱིར་ལུང་པ་དང་ཚོ་པ།  ཕྱོགས་པ་སོགས་ལྷན་འདུས་ཀྱིས་གནས་ངེས་ཅན་དུ་གཞི་ཁྱོན་རྒྱ་ཆེན་པོའི་སྒོ་ནས་བཀུར་པའམ་མཆོད་པ་ཡིས་དེང་སང་གི་ལབ་ཙེ་བསྟོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་འདི་ཆགས་པ་འདྲ།   གཉིས་ནས་ལབ་ཙེ་སོགས་བསྟོད་སྐབས་བལ་དཀར་གྱི་རྨུ་ཐག་དང་བལ་དཀྲིས་ནི་མེད་དུ་མི་རུང་བ་ཞིག་རེད།  གོང་གི་གཉེན་མདའི་སྐབས་བརྗོད་པ་ལྟར་དང་པོ་ལྷ་མིའི་བར་གཉེན་འབྲེལ་འབྱུང་དུས་མདའ་དང་འཕང་། རྨུ་ཐག་དང་བལ་དཀྲིས་ནི་གཉེན་གྱི་མཚོན་བྱེད་གལ་ཆེན་ཞིག་རེད། དེ་བས་ལབ་ཙེ་སྐབས་ཀྱི་མདའ་བསྟོད་པ་དེའང་།  གདོད་མའི་མི་རྣམས་ཀྱི་གཉུག་མའེ་བློ་ངོར་གནས་པའི་རུས་བླའམ་རུས་ལྷ་དང་།  མེས་པོ་དེ་དག་མཆོད་ཕྱིར།  གོང་གི་མཆོད་བྱ་དང་པོ་གཟུགས་ཅན་མདའ་ལྟ་བུས་མཆོད་བྱ་གཉིས་པ་གཟུགས་མེད་བླའམ་ལྷ་སོགས་མཆོད་པ་ཡིས།   ཕྱིས་གཞི་ཁྱོན་ཆེ་རུ་སོང་ནས་མདའ་དེ་ལབ་ཙེའི་མཚོན་རྟགས་སུ་གྱུར་བ་འདྲ་མིན་ནམ་སྙམ་མོ།། གསུམ་ལས་ཡ་ཐོག་གི་སྤྱི་ཚོགས་སུ། མི་རྣམས་ཀྱིས་རང་གི་རུས་བླ་དང་ཡུལ་ལྷ་གཞི་བདག ཀླུ་གཉན་བཙན་གསུམ་བཅས་ལ་གང་བབ་ཀྱི་གསོལ་མཆོད་བྱ་དུས། བཟོ་དབྱིབས་དང་དར་ཚོན། ཁ་དོག་སོགས་མི་འདྲ་བའི་མདའ་དག་ནི་ལྷ་བྱེ་བྲག་པའི་མཚོན་བྱེད་རེད།  དེ་དག་ལས་ལབ་ཙེའི་མདའ་བསྟོད་པར་འབྲེཡ་ཡོད་པ་ནི་“མེ་ལྷ་འབོད་པའི་མདའ་དར་”དང་“རླུང་ལྷའི་མདའ་དར་”གཉིས་ཡིན་པ་འདྲ།  བོད་པ་ཚོས་མེ་ལྷ་དེ་ཤར་ལྷོའི་མཚམས་སུ་གནས་པར་བཤད་དེ།  ལབ་ཙེ་སྐབས་རི་རྩེ་ནས་ལྷ་བསང་ཕུད་དེ་མདའ་བསྟོད་དུས།   ནངས་ཉི་མ་རྩེ་ཤར་ལ་ཁ་ཤར་ལྷོའི་མཚམས་སུ་ཕྱོགས་ནས་ཀི་ཀི་སྭ་སྭའི་སྒྲ་དང་བཅས་ཡུལ་ལྷ་གཞི་བདག་དག་མཆོད་ཅིང་། ཁོ་ཚོས་བསང་མེ་དང་བསང་དུད་ཅི་ཙམ་ཆེ་ན་དེ་ཙམ་དུ་ཤིས་པར་བཤད་པ་དང་།  བསང་རྩམ་སོགས་ལྷག་མ་ཅི་ཡང་མེད་པར་མེ་ཡིས་འཚིག་སོང་ན་ཡུལ་ལྷ་གཞི་བདག་རྣམས་མཉེས་པའི་རྟགས་སུ་བྱེད་དོ།།
          ལབ་ཙེ་སྐབས་དགྲ་ལྷའི་རླུང་རྟ་བསྐྱོད་པ་དང་རི་རྩེ་མཐོ་སར་རྒྱལ་མཚན་རྩེ་མོ་སྲོགས་བྲིས་པའི་དར་ལྕོག་སྒྲེང་བ་ནི་རླུང་ལྷ་དང་འབྲལ་དུ་མེད་པ་ཞིག་ཡིན་འདུག བོད་པ་ཚོས་དར་ལྕོག་སོགས་རླུང་གིས་ཇི་ལྟར་སྡེབ་ན་དེ་ལྟར་བཟང་དུ་བརྩི་ཞིང་།   བོད་དུ་རླུང་དང་འགྲོགས་པའི་དར་ལྕོག་དེ་མཐོ་རི་རྩེ་ནས་ཁྱིམ་སྒོ་ཕུག་པར་ཡོད་ཅིང་།   ད་དུང་དེང་སང་རོང་ཁུལ་དུ་སེར་སྲུང་གི་ཆེད་དུ་ཁྱུང་ཆེན་གྱི་དཔེ་རིས་བྲིས་པའི་དར་ལྕོག་ཅིག་རི་རྩེ་དང་གྲམ་ཁར་སྒྲེང་སྲོལ་འདུག་ཅིང་།  དེ་ནི་གནའ་མིའི་གནམ་འགོག་པའི་ལུགས་ལས་བྱུང་བ་ཞིག་རེད།   དེ་བཞིན་འབྲོག་ཁུལ་དུའང་ལུང་མདོ་དང་བཞི་ལམ་སུམ་མདོར་མ་ཎི་རྡེའུ་འབུམ་བརྩིགས་པ་དང་དེར་དར་ལྕོག་རེ་སྒྲེང་བ་འདུག་ཅིང་། དེང་སང་རི་རྩེ་དར་ལྕོག་ནས་སྒོ་ཕུག་གི་དར་ལྕོག་དང་།  སེར་སྲུང་གི་དར་ལྕོག་སོགས་ཡོད་དོ་ཅོག་ལ་མདའི་མིང་གི་བརྗོད་པ་མེད་མོད། དོན་དུ་ཆེས་སྔ་མོ་ཞིག་ལ་མདའ་དར་དང་ངོ་བོ་གཅིག་ཏུ་གྲུབ་ཅིང་།  ཕྱིས་སུ་རིག་གནས་ཀྱི་རྣམ་པ་མི་འདྲ་བ་དག་ཏུ་གྱེས་པར་མངོན་ལ།  དེ་དག་གིས་གནའ་དེང་བར་གསུམ་མེད་པར་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་ན་རང་རང་གི་གོ་གནས་བཟུང་སྟེ་ཤེས་རིག་གི་འོད་སྣང་སྤྲོ་བཞིན་ཡོད་དོ།།
          མཆན།
          ① 《བོད་ལྗོངས་གནའ་རྫས་བརྟག་དཔྱད་ཀྱི་རྩ་གནད་ཆེན་མོ་》ཞེས་པའི་རྒྱ་ཡིག་དེབ་ཏུ་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས།
          ② 《བོད་ལྗོངས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་རྩོམ་གཅེས་བཏུས་》ཞེས་པའི་81ལོའི་རྒྱ་ཡིག་གི་དེབ་དང་པོར་གསལ། མི་རིགས་དཔེ་སྐྲུན་ཁང་ནས།
          ③ 《ཀྲུང་གོའི་གནའ་རབས་རིག་གནས་ལོ་རྒྱུས་》སུ་གསལ།  རྒྱ་ཡིག པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་ནས།
          ④《འགྲོ་བ་མིའི་རིག་གནས་རིག་པ་》ཞེས་པར་གསལ། རྒྱ་ཡིག ཧྲང་ཝུའུ.དཔེ་སྐྲུན་ཁང་ནས། 
          ⑤གཡུང་དྲུང་བོན་གྱི་བསྟན་བཅོས་སོགས་སུ་འབྱུང་བའི་ལྷ་གསོལ་དང་མིང་སྲིང་ནོམ་བགོས་ལྟ་བུའི་གཏམ་རྒྱུད་དག་ཡིན། ཤིང་དཔར།    
          ⑥《ལྷོ་བའི་གེག་ཤིང་དང་མཚན་མཆོད》རྒྱ་ཡིག  གོ་གཉིས་ལོའི་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་དེབ་དང་པོར་གསལ།    
          ⑦ བཪྙན་རིས་དཔེ་དེབ་《ཡུལ་ཧྲུའུ་》རུ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས།     
          ⑧ གླིང་སྒྲུང་《འཛམ་གླིང་སྤྱི་བསངས་》ལྟ་བུ་སོགས་སུ་གསལ།    
          ⑨《མུན་འཇོམས་ནོར་བུའི་ཕྲེང་བ་》ལས་དྲངས།  མི་རིགས་དཔེ་སྐྲུན་ཁང་ནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1