ཅུས་ཀྲང་དང་ཀྲུའུ་རེན་གྱི་སྙིང་གཏམ་ལ་ཉན་རོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-11



        སྤྱི་ཟླ8པའི་ཚེས8ཉིན། རང་ཁུལ་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་བགྲོད་ལམ་ཕྱེ་ཐེངས་གསུམ་པ་སྟེ། ཅུས་ཀྲང་དང་ཀྲུའུ་རེན་གྱི་གསར་འགྱུར་བགྲོད་ལམ་ཕྱེ་ནས་སྙིང་གཏམ་གླེང་བ་རེད། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཆོས་མེ་དང་། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཆང་། ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་། ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཞའོ་ཧྥེང་བཅས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱས་པའི་གླེང་གནད་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
        ཆོས་མེས2019ལོར་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བདེ་ཐང་དབུལ་སྐྱོར་ལས་དོན་སྤེལ་ནས་དབུལ་ཕོངས་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཇི་ལྟར་བྱ་རྒྱུའི་སྐོར་གླེང་བའི་ཚེ་བཤད་དོན། ཁུལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་མུ་མཐུད་དེ་བྱ་སྤྱོད་ཆེན་པོ་ལྔ་སྤེལ་བ་སྟེ། གཅིག་ནི་མུ་མཐུད་དེ་སྨན་བཅོས་རོགས་སྐྱོབ་བྱ་སྤྱོད་དེ་རྩ་ཆག་བཅུ་དང་ཁ་གསབ་བཞི། དེ་བཞིན་འགན་ལེན་གཉིས་དང་རོགས་སྐྱོབ་གསུམ། ཐེབས་རྩ་གསུམ་བཅས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱས་ཏེ། ཧུར་ཐག་གིས་དབུལ་ཕོངས་ནད་པས་ནད་ལྟ་དཀའ་བ་དང་སྨན་གོང་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ། གཉིས་ནི་མུ་མཐུད་དེ་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་ནུས་པ་ཇེ་ཆེར་གཏོང་བའི་བྱ་སྤྱོད་སྤེལ་ཏེ་ཉག་རོང་དང་དཔལ་ཡུལ་རྫོང་གཉིས་ཀྱིས་ཕྱོགས་འདུས་སྨན་ཁང་རིམ་པ་གཉིས་པའི་རིགས་དང་པོ་དང་དེ་མིན་རྫོང་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རིམ་པ་གཉིས་པའི་རིགས་གཉིས་པ་བཅས་གསར་འཛུགས་བྱེད་པའི་ལས་འགན་འགྲུབ་པར་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཆ་འཕྲིན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་དང་། ཁྱོན་ཡོངས་ནས་རིམ་འཕར་ཚད་ལོན་གྱི་ལས་འགན་འགྲུབ་པར་བྱ་དགོས། གསུམ་ནི་མུ་མཐུད་དེ་དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སྤྱོད་སྤེལ་ཏེ། ཤེས་ལྡན་མི་སྣ་དར་རྒྱས་ལས་གྲྭ་ལག་ལེན་གཏང་དགོས། བཞི་ནི་མུ་མཐུད་དེ་དབུལ་ཕོངས་མང་ཚོགས་ཀྱི་སྤྱི་པའི་འཕྲོད་བསྟེན་བྱ་སྤྱོད་སྤེལ་ཏེ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཚད་ཆེ་རུ་གཏང་དགོས། ལྔ་ནི་མུ་མཐུད་དེ་དབུལ་ཕོངས་ས་ཁུལ་གྱི་བུ་བཙའི་སྒྲིག་ལམ་དག་གཙང་བྱ་སྤྱོད་སྤེལ་ཏེ། བདེ་ཐང་གཞི་རིམ་དུ་ཁྱབ་སྤེལ་བྱ་དཀའ་བའི་གནད་དོན་ཐག་གཅོད་བྱ་དགོས།
        ཝང་ཆང་གིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ཇི་ལྟར་བྱ་རྒྱུའི་སྐོར་གླེང་བའི་ཚེ་བཤད་རྒྱུར། རང་ཁུལ་གྱིས་མུ་མཐུད་དེ་མྱུར་བགྲོད་གཞུང་ལམ་བསྐྲུན་ཤུགས་ཆེ་རུ་གཏང་དགོས། རིང་ཚད་སྤྱི་ལེ79ཡོད་ཅིང་མ་དངུལ་སྒོར་དུང་ཕྱུར138གཏང་དགོས་པའི་དར་མདོ་ནས་ར་རྔ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྔོན་འགྲོའི་ལས་ཀ་སྒྲུབ་སྒང་ཡིན་ལ། 2019ལོར་ལས་འགོ་ཚུགས་ཐུབ་རེ་ཡོད། དེ་བཞིན་ལྕགས་ཟམ་ཁ་ནས་ཧྲི་མེན་བར་དང་། དར་མདོ་ནས་བྲག་འགོའི་བར་དང་དར་མདོ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་བསྐྲུན་གྲབས་ཡོད། དེ་རྗེས་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་གཞུང་ལམ་སྐོར་ལམ་དང་དྲ་བ་ཆགས་ཤུགས་ཆེ་རུ་གཏང་དགོས། 2019ལོར་རང་ཁུལ་གྱིས་རྒྱལ་སྲུང་གཞུང་ལམ215པའི་འབའ་ཐང་གི་གྲུ་བ་ལུང་ནས་སྡེ་རོང་ཨེར་ལུང་ཟམ་པའི་བར་གྱི་གཞུང་ལམ་སོགས་ལས་གཞི་བཅུའི་སྤྱི་ཁོག་ཨར་ལས་འགྲུབ་པར་བྱ་དགོས། རྒྱལ་སྲུང་གཞུང་ལམ318པའི་དར་མདོའི་ཕུག་ལམ་གྱི་གཞུང་ལམ་ཨར་ལས་སོགས་ལས་གཞི6ཇེ་མགྱོགས་སུ་གཏང་དགོས། རྒྱལ་སྲུང་གཞུང་ལམ549པའི་བརྒྱད་ཟིལ་རྫོང་ནས་འདབ་པ་རྫོང་བར་གྱི་གཞུང་ལམ་སོགས་ལས་གཞི2གྱི་སྔོན་འགྲོའི་ལས་དོན་ཇེ་མགྱོགས་སུ་སྤེལ་དགོས། དུས་མཉམ་དུ་ཞིང་སྡེའི་ཡག་པོ་བཞིའི་གཞུང་ལམ་བསྐྲུན་ནས་མང་ཚོགས་འགྲོ་འོང་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཞིང་སྡེའི་གཞུང་ལམ་དག་ཐེར་བཅོས་སྐྱོང་ལས་ཀ་ཡང་སྤེལ་དགོས་པ་རེད།
        ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་གིས་ཉེན་ཁ་མྱུར་སྐྱོབ་དང་གནོད་པ་སེལ་ཐབས་གལ་ཆེ་ཡིན་ལ། གེགས་རྗེས་བསྐྱར་སྐྲུན་ལའང་དེ་བས་མཐོང་ཆེན་བྱེད་དགོས་ཞེས་དང་། ན་ལོར། རང་ཁུལ་དུ་སྔ་རྗེས་སུ་དཔལ་དགེ་འཁྱིལ་མཚོའི་རང་བྱུང་གནོད་འཚེ་བསྟུད་མར་བྱུང་བས་ཁུལ་བཙུགས་ཚུན་གྱི་རང་བྱུང་གནོད་འཚེ་ཆེས་ཆེ་བ་དེ་ཡིན་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་གནོད་འགོག་གནོད་སེལ་གྱི་རྒྱལ་ཁ་ཐོབ་པ་རེད།
        ཁྲེན་ཐེན་ཁང་གིས་དཔལ་དགེའི་འཁྱིལ་མཚོའི་གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་ཉེན་སེལ་གྱི་ལས་ཀའི་ཐད་མི་ཤི་རྨས་བྱུང་མེད་པ་དང་། ཉེན་སྐྱོན་ལས་སྔོན་ནས་ཡོལ་ཐུབ་པ་བྱུང་ཡོད་པས་དུས་རིམ་རང་བཞིན་གྱི་གལ་ཆེའི་རྒྱལ་ཁ་བླངས་ཡོད།
        མིག་སྔར་རང་ཁུལ་གྱིས་ཧུར་ཐག་གིས“དཔལ་དགེའི་འཁྱིལ་ཆུའི་གནོད་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་ལག་བསྟར་ཇུས་གཞི》དང་ལས་གཞིའི་ཞིབ་ཐོ་ཐོ་འགོད་བྱེད་བཞིན་པ་དང་། དེའི་རྗེས་རྒྱལ་ཁབ་དང་ཞིང་ཆེན་ལ་སྙན་ཞུ་བྱས་ནས་འགྲིམ་འགྲུལ་དང་སྒེར་གྱི་ཁང་པ། དེ་བཞིན་གནོད་འཚེ་འགོག་བཅོས་སོགས་བསྐྱར་སྐྲུན་ལས་དོན་ཁག་ཅི་མགྱོགས་ཀྱིས་ལག་བསྟར་བྱ་རྒྱུ་དང་། ཏན་ཏིག་གིས་མང་ཚོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་དགོས་མཁོ་བསྐང་གང་ཐུབ་བྱ་རྒྱུ་རེད།
        ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཞའོ་ཧྥེང་གིས་རང་ཁུལ་གྱིས་ད་ལྟ་ཧུར་ཐག་གིས་མ་ལག་འཛུགས་སྐྱོང་ཆེན་པོ་ལྔ་ཡིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་བཞིན་ཡོད་པ་སྟེ། གཅིག་ནི་ཡུལ་སྐོར་བྱེད་སའི་མ་ལག་འཛུགས་སྐྱོང་བྱེད་པ་སྟེ། ཡུལ་སྐོར་གྱི་གྲོང་ཁྱེར་དང་གྲོང་རྡལ། ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ།ཡུལ་སྐོར་གྱི་བགྲོད་ལམ་སོགས་འཛུགས་སྐྲུན་བྱེད་དགོས་པ། གཉིས་ནི་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་ཟོག་མ་ལག་སྟེ། ཐོན་རྫས་གསར་པ་ཞིབ་འཇུག་དང་ཐོན་རྫས་གསར་གཏོད། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས་པ། གསུམ་ནི་དཀར་མཛེས་ཀྱི་ཡུལ་སྐོར་སྤུས་རྟགས་གཉེར་ཚོང་མ་ལག་འཛུགས་ཏེ། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཁྱབ་སྤེལ་བྱེད་དགོས་པ། བཞི་ནི་ཡུལ་སྐོར་ཞབས་ཞུའི་འགན་སྲུང་མ་ལག་སྟེ། གཙོ་བོ་ནི་སྲིད་ཇུས་དང་ལག་རྩལ་གྱི་འདེགས་སྐྱོར། ཁྲིམས་ལུགས་སོགས་འཛུགས་དགོས་པ། ལྔ་ནི་ཡུལ་སྐོར་དབུལ་སྐྱོར་གྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱས་ནས། ཁུལ་ཡོངས་ཀྱི་མང་ཚོགས་སྐུལ་སློང་བྱས་ཏེ་ཧུར་ཐག་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཞུགས་པ་དང་། དེ་ལས་དཔལ་འབྱོར་གྱི་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་བཤད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1