གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

སྒྲེན་པོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༡༡ཉིན།

༄༅།། ཉིན་ཐོ།

ཟི་ལིང་། སྒྲེན་པོ།

དབྱར་ཚ་བའི་སྒང་གི་སྲང་ལམ་འཁྱག་པ
གཟབ་འཕྱོར་གྱིས་ཁྱོགས་ཀྱང་ཡིད་ཆེས་བོར་བའི
གཞོན་ནུ་མ་དེ་དག་གི་མིག་འོད་གཉོམ་པོ
མིག་འོད་ཕན་ཚུན་འཕྲད་ཀྱང
ཚོད་བགམ་ལས་ཅི་ཡང་མ་ལྷག་པ་དེ་དག
རྣམ་ཤེས་བཏང་རྗེས་ཀྱི་བེམ་གོག
རྔུལ་ཆུ་ཤམ་ཤམ་གྱི་ཁྲོད་ན་གསོན་སྟོབས་ཀྱིས་དབུལ
རླུང་རྣམས་ཁ་ཕྱོགས་བྲལ་ནའང
ཕར་ལ་འགྲོ་ཞིང་ཚུར་ལ་རྒྱུ
ཁེར་རྐྱང་མ་བཟོད་པའི་མི་ཚོགས
གཞུང་ལམ་ཁེར་ཧྲེང་དང་ཡུག་གཅིག་ཏུ་བསྲེས་ནས
གཞུང་ལམ་གྱི་གདོང་ལ་རྡོག་པ་ཅི་ཙམ་གཞུས་ཀྱང
ཁེར་རྐྱང་སྔར་བཞིན་ཨར་འདམ་གྱི་ངོ་བོར་འཚང
གྲོག་ཚང་ཁའི་རྡོ་ལེབ་བླངས་རྗེས་ཀྱི་མི་ཚོགས
བདེ་བའི་ཆེད་དུ་གང་སར་འདུར
ཤྭ་འོད་ལྟ་ཅི
ཆུ་ཕོར་པ་གང་གི་གཡོ་འཁྱོམ་ཡང་ཐེག་དཀའ
དེང་མའི་རྟ་ཁྱུ་གཤར་ཤུལ་གྱི་ལམ་བུ་རུབ
གཙོད་ཁྱུ་མཐོང་ན་མདའ་གཞུ་འཛིན་འདོད་ཀྱི་ཡུ་ག་འཆུས
འདོད་ཡོན་ཁོ་ན་ཆུ་ལུད་བཞིན་རྒྱས་ནས་ཡ་ཁོག་བསྐྱིལ
བྲང་ཁ་ནས་དབུགས་འཐུམས
ཕུགས་བསམ་ཡོས་རྔོད་པ་ནང་བཞིན་ཙག་ཙག་བཀད
རྟ་ལམ་གཅིག་གི་བར་ནས་སྲབ་སྐྱོགས་བཏང
ཁོ་ཧྥེ་ཕོར་གང་གི་ནང་དུ་གཉིད་ཀྱི་བདེ་བ་བཅུག
གློག་བརྙན་གཅིག་ལ་བལྟས་ནས་སྙིང་ཕུར་བརྡབས
སྐྱི་པགས་སྲུང་ཆེད་ཉི་གདུགས་ཤིག་ཐོགས་ཐོགས་ལ་ཡོད
ཡིན་ནའང
ཉི་མ་ཤར་ནས་འཆར་ཏེ་ནུབ་ནས་ཡལ་བར་སྣང་དོགས་བྲལ
ཧམ་སེམས་ཀྱི་སྒྱེད་པུ་རེ་འདོམས་ལ་བཟེད་བཟེད་དུ་ཡོད་ཀྱང
བཟའ་འབྲུ་དཔྱིད་ལ་འབུས་ཏེ་སྟོན་ལ་སྡུད་པར་སེམས་ཁྲལ་མེད
རྡོ་བ་ཁོ་ན་མ་གཏོགས་ཤོང་མི་ཐུབ་ཅེས་བརྗོད་ན་རྫུན
སྲ་མཁྲེགས་ཀྱི་རང་གཤིས་གང་དུ་སྦས་ཡོད
ལྟོགས་སྐོམ་ཁོ་ན་མ་གཏོགས་མེད་ཅེས་བརྗོད་ན་རྫུན
ལུས་བོངས་རི་རབ་ཙམ་པོ
ཡན་ལག་འཇག་སྐྱ་ཙམ་གྱིས་མ་ཐེག་པར་རྔུལ་ཆུ་འཛར་འཛར
སྨིག་རྒྱུའི་ཀློང་ན་གཞོན་ཉམས་འཆོལ་བའི་འགྱིག་གི་བུ་མོ
ཕོ་བ་འགྲངས་ན་སེམས་པ་ལྟོགས་ལྟོགས་ལ་ཡོད་པའི་རྡོ་ཡི་མི་ཕོ

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1