བོད་ལྗོངས་ཀྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཐོག་མ་བློ་བཟང་ཆོས་འཕེལ་གྱིས་ཁོ་རང་ཁྲིམས་ཀྱིས་བོད་ལྗོངས་སྐྱོང་མཁན་གྱི་རྡོ་གཅལ་ཞིག་ཡིན་ན་བསམ་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-14



            སྟོང་འཇལ་བ་ཞེས་པའི་མཚན་ཉིད་དེ་དེང་རབས་ཀྱི་མིས་ཕལ་ཆེར་གོ་མྱོང་མེད་ཚོད་མོད།  འོན་ཀྱང་ངའི་ཕ་ཡུལ་ཆབ་མདོ་རུ་སྔར་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐབས་རྒྱུན་ལྡན་དུ་གནས་པ་ཞིག་སྟེ།  མི་བསད་རྗེས་རྒྱུ་ནོར་ངེས་ཅན་ཞིག་སྟེར་ནས་སྲོག་ཚབ་འཇལ་བའི་སྲོལ་ཡོད། འདི་ནི་དབུལ་ཕོངས་ཞིང་བྲན་གྱི་ཁྱིམ་ཚང་ལ་འདྲ་མཉམ་མིན་པ་མངོན་གསལ་རེད་ཅེས་བོད་ཀྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཐོག་མའམ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཁྲིམས་ལུགས་བློ་འདྲི་ས་བློ་བཟང་ཆོས་འཕེལ་གྱིས་གསུངས་བྱུང་།  འདྲ་མཉམ་མ་ཡིན་པའི་ས་གནས་ཀྱི་གཏན་འབེབ་འདིའི་རིགས་བོད་ལྗོངས་སུ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་གནས་ཡོད།  དོན་དངོས་ཁྲིམས་ལུགས་ཀྱི་གོ་རྟོགས་དེ་བོད་ལྗོངས་སུ་ཁྱབ་ནས་ད་དུང་ལོ་ངོ་བཅུ་ཕྲག་ཁ་ཤས་ལས་འདས་མེད།
            ལྷ་སའི་འདམ་རའི་ལམ་བར་དུ།  བློ་བཟང་ཆོས་འཕེལ་ནི་ཁོའི་ཁྲིམས་རྩོད་པའི་ལས་དོན་སུའོ་ཡི་གཞུང་སྒྲུབ་ཁང་དུ་ཡོད་ཅིང་། ཉིན་རེ་བཞིན་ཡིག་ཆ་མང་པོ་ལྟ་ཀློག་དགོས་པ་དང་། དེ་ནས་འདྲི་གཅོད་དང་ཁུངས་སྐྱེལ་དག་འབུད་བཅས་བྱེད་དགོས། ལོ་ངོ་20ལྷག་གི་ཁྲིམས་རྩོད་པའི་འཚོ་བའི་བརྒྱུད་རིམ་ཁྲོད།  ཁོས་ཐག་གཅོད་བྱས་པའི་གྱོད་དོན་བགྲང་གིས་མི་ལང་། གྱོད་དོན་འདི་དག་གི་ཤུགས་ལས་ཁོ་ལ་ཚོར་སྣང་ཆེས་ཆེ་བ་ནི་བོད་ལྗོངས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་གྲུབ་འབྲས་རེད།  དེ་བས་ཁོ་རང་ཉིད་ལ་ཁྲིམས་སྐྱོང་གི་འདུ་ཤེས་བོད་ལྗོངས་ཀྱི་གྲུ་ག་རེ་རེར་ཁྱབ་ཏུ་འཇུག་པའི་གོ་སྐབས་བྱུང་། 
ཁྲིམས་ཀྱིས་བོད་ལྗོངས་སྐྱོང་བའི་ཕུགས་བསམ་ཅན། 
            ད་ལོ་ནི་བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར་60འཁོར་བའི་ལོ་ཡིན།  ང་རང་གི་འཚར་ལོངས་དེ་བོད་ལྗོངས་ཀྱི་འཕེལ་རྒྱས་ལས་བྱུང་ཅེས་བརྗོད་ཆོག་ཅེས་བློ་བཟང་ཆོས་འཕེལ་གྱིས་གསུངས་བྱུང་། 1971ལོར་བློ་བཟང་ཆོས་འཕེལ་བོད་ལྗོངས་ཆབ་མདོ་མར་ཚོ་པ་ནས་འཁྲུངས།  སློབ་སྦྱོང་ལ་བརྩོན་པ་ཆེ་བའི་དབང་གིས། 1987ལོར་བློ་བཟང་ཆོས་འཕེལ་ལ་རྒྱུགས་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་གོའི་ན་གཞོན་ཆབ་སྲིད་སློབ་གླིང་གི་སྲིད་ཁྲིམས་ཆེད་ལས་ལ་རྒྱུགས་འཕྲོད།  པེ་ཅིང་ནས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད། ཁོས་དཀའ་སྤྱད་འབད་འབུངས་བྱས་རྐྱེན།  ཁོས་རང་གི་ཁྲིམས་ལུགས་ཀྱི་ཤེས་བྱའི་རྨང་གཞི་བརྟན་པོ་འདིང་ཐུབ་པར་མ་ཟད།  བོད་ལྗོངས་ལས་གཞན་པའི་འཛམ་གླིང་གི་ས་གནས་ཁག་གི་གནས་ཚུལ་ལ་ངོས་ཟིན་ཟབ་མོ་བྱུང་།  སློབ་མཐར་ཕྱིན་རྗེས། བློ་བཟང་ཆོས་འཕེལ་རྒྱལ་ཁབ་ཀྱི་ལས་ཁུངས་སུ་བྱ་བ་བགོས་ནས་གཞུང་ཞབས་པ་ཞིག་ལ་ཆགས།  བྱ་བ་ལས་ནས་ལོ་ཁ་ཤས་འགོར་རྗེས། ཁོང་གཞུང་ཞབས་པའི་བྱ་བའི་ལས་གནས་ལས་བུད། 1995ལོར་བློ་བཟང་ཆོས་འཕེལ་དང་ཕུགས་འདུན་མཚུངས་པའི་ཁྲིམས་རྩོད་པ་ཁག་ཅིག་དང་མཉམ་དུ་བོད་ལྗོངས་ཀྱི་མཉམ་སྒྲུབ་རྣམ་པའི་ཁྲིམས་རྩོད་པའི་ལས་དོན་སུའོ་ཐོག་མ་སྟེ།  བོད་ལྗོངས་ཧིན་ཧྥིན་ཁྲིམས་རྩོད་པའི་ལས་དོན་སུའོ་བཙུགས།
            ཚུལ་མཐུན་ཁྲིམས་རྩོད་པའི་ལས་དོན་སུའོ་བདེ་བླག་ངང་གྲུབ་ནས་ལས་དོན་དབྱར་མཚོ་ལྟར་རྒྱས་པའི་སྒང་ལ། བློ་བཟང་ཆོས་འཕེལ་གྱིས་ཁོ་རང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བར་སེམས་ཐག་བཅད།  ཉེ་འཁོར་གྱི་མི་དག་གིས་ཁོས་དེ་ལྟར་བསྒྲུབ་ན་ཁོས་རྒྱུ་ནོར་འཚོལ་བའི་གོ་སྐབས་ཡག་པོ་མང་པོ་ཞིག་ཆུད་ཟོས་སུ་འགྲོ་བར་འདོད།  འོན་ཀྱང་།  བློ་བཟང་ཆོས་འཕེལ་ལ་ཁོ་རང་གི་བསམ་ཚུལ་དང་རྒྱུ་མཚན་ཡོད་དེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་སུ་བོད་ལྗོངས་ལ་ཕྱི་འབྲེལ་གྱི་རྩ་འཛུགས་མང་པོ་ཡོད་སྲིད་པ་དང་།  ཁྲིམས་རྩོད་པའི་ལས་དོན་སུའོ་ཡང་ཕྱི་འབྲེལ་གྱི་མ་དངུལ་དང་ཁྲིམས་ལུགས་ལས་དོན་ལ་ཐད་ཀར་འབྲེལ་བ་ཡོད་ངེས་པས།  སྐབས་དེར་བོད་ལྗོངས་སུ་ཕྱི་གླིང་སྐད་ཀྱི་ལམ་ནས་ཕྱི་འབྲེལ་ཁྲིམས་ལུགས་ལས་དོན་བསྒྲུབ་མཁན་གྱི་ཁྲིམས་རྩོད་པ་དཀོན་ངེས་ཡིན་ཟེར། 
            2002ལོར་བློ་བཟང་ཆོས་འཕེལ་ཨ་རིར་སློབ་སྦྱོང་ལ་ཕེབས།  འཚམས་འདྲིའི་མཁས་པ་ཞིག་གི་མིང་ཐོག་ནས་ཀི་ལོམ་པི་ཡ་སློབ་ཆེན་ནས་ཨ་རིའི་རིག་གནས་དང་ལོ་རྒྱུས་ལ་སློབ་སྦྱོང་བྱས།  ལོ་ཕྱེད་ཀའི་རྗེས་སུ་ཁོ་ལ་ཨ་རིའི་སློབ་ཆེན་གྱི་སློབ་བསྡུ་བརྡ་ཐོ་འབྱོར།  ཁྲིམས་ལུགས་ཚན་ཁག་ནས་རྒྱལ་སྤྱིའི་ཁོར་ཡུག་ཁྲིམས་ལུགས་ཀྱི་ཆེད་ལས་ལ་སྦྱངས་པ་བྱས། 2004ལོར་ཁྲིམས་ལུགས་རམ་འབྱམས་པའི་སློབ་མཐར་ཕྱིན་རྗེས། ཨ་རིའི་ཀུང་སི་མང་པོ་ཞིག་གིས་ཁོ་རང་ཁོ་ཚོའི་ཀུང་སི་ནས་ལས་ཀ་བྱེད་རྒྱུའི་རེ་བ་བཏོན་མོད།  ཁོས་བོད་ལྗོངས་མང་ཚོགས་ཚང་མས་ཁྲིམས་ཤེས་སུ་འཇུག་པའི་འདུན་པ་སེམས་ཁོང་དུ་ཉར་ནས།  ཐེ་ཚོམ་ཅི་ཡང་མེད་པར་རང་གི་ཕ་ཡུལ་དུ་ལོག 
            ཁོས་གསུངས་རྒྱུར། ཉེ་བའི་ལོ་འདི་འགའི་རིང་ལ།  ཁྲིམས་ཀྱིས་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པས།  ཁྲིམས་ལུགས་ཀྱི་བློ་འདྲི་ཡུལ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱིས་ཁྲིམས་ལ་ཞིབ་འཇུག་གཏིང་ཟབ་མོ་བྱེད་དགོས་པའི་ཚོར་བ་ཤུགས་དྲག་པོ་ཡོད་ཟེར།  2009ལོར་བློ་བཟང་ཆོས་འཕེལ་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་དམངས་ཚོང་ཁྲིམས་ལུགས་ཀྱི་འབུམ་རམས་པར་རྒྱུགས་འཕྲོད་ནས་བོད་ལྗོངས་ཀྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཐོག་མ་ཆགས་པ་མ་ཟད། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་དང་མཉམ་སྦྲེལ་སྒོས་ནུབ་ཕྱོགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཞིབ་འཇུག་ལྟེ་གནས་ཤིག་གསར་དུ་བཙུགས་པ་དང་། བོད་ལྗོངས་རོང་འབྲོག་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཤིག་ལེགས་འགྲུབ་བྱུང་།
དུས་རབས་ཀྱི་འགྱུར་བའི་ཟབ་ཞུགས་པ།
            ད་ལྟ་ཚང་མས་གནད་དོན་ཞིག་བྱུང་ཚེ་ཁྲིམས་ལུགས་ལ་བརྟེན་ནས་ཐག་གཅོད་རྒྱུ་དྲན།  འོན་ཀྱང་། ང་རང་ཐོག་མར་ལས་རིགས་འདིར་ཞུགས་དུས་དེ་འདྲ་ཞིག་མ་རེད་ཅེས་བློ་བཟང་ཆོས་འཕེལ་ལགས་ཀྱིས་གསུངས་བྱུང་།  ཁོས་ཁོ་ལ་རོགས་པ་ཞུ་མཁན་གྱི་མི་མང་པོ་ཞིག་གི་མཉམ་པར་སློག་རྗེས་གསུངས་དོན། བོད་ལྗོངས་ཀྱི་མང་ཚོགས་ལ་ཁྲིམས་ཀྱི་གོ་བ་ཁྱབ་བསྒྲགས་བྱེད་ཆེད།  ཁོ་དང་ཁོའི་ཚོགས་པ་ལོ་རེ་བཞིན་རོང་འབྲོག་ས་ཁུལ་དུ་སོང་ནས་མཐའ་འཁོར་ས་མཐར་ཁྲིམས་ལུགས་སྒྲོག་སྤེལ་གྱི་བྱ་འགུལ་སྤེལ་དགོས་ཟེར། 
            ཁོས་ཕྱིར་དྲན་བྱས་དོན། 1996ལོར་ཁྱིམ་རྒྱུད་ཆེན་པོ་ཞིག་གི་ནང་ཕན་ཚུན་ལ་རྒྱུ་ནོར་བགོ་བཤའི་ཐད་རྩོད་རྙོག་བསླངས།  གནད་དོན་དེ་ཐག་གཅོད་བྱེད་ཆེད། ཁོ་ཚོས་རང་འགུལ་ངང་ཁྲིམས་ལུགས་ཀྱི་ལམ་ནས་ཐག་གཅོད་བྱེད་པའི་རེ་བ་བརྒྱབ་ནས་ཧིན་ཧྥིན་ཁྲིམས་རྩོད་པའི་ལས་དོན་སུའོ་བཙལ།  འོན་ཀྱང་།  བློ་བཟང་ཆོས་འཕེལ་གྱིས་ཁྲིམས་རྩོད་པ་ཁྲིད་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ཤེས་རྟོགས་བྱུང་བར། ཁྱིམ་རྒྱུད་ཆེན་པོ་འདིའི་ནང་གི་དགུང་ལོ་80ལྷག་སོན་པའི་ཨ་མ་རྒན་མོས་ཁྲིམས་རྩོད་པ་དང་འབྲེལ་འདྲིས་བྱེད་མི་འདོད་པའི་རྣམ་འགྱུར་བསྟན་ནས་མོས་མོའི་བུ་དང་བུ་མོ་རྣམས་ལ།  ངས་མི་འདི་དག་དང་འབྲེལ་འདྲིས་བྱེད་མི་འདོད། འདི་ནི་ང་ཚོའི་ཁྱིམ་ནང་གི་དོན་དག་རེད།  ཁོ་ཚོས་ལག་བསྲིངས་དགོས་དོན་མེད་ཟེར། འོན་ཀྱང་། གལ་ཏེ་མུ་མཐུད་ནས་ཨུ་ཚུགས་བྱས་པ་ཡིན་ན། ཁོ་ཚོའི་ཁྱིམ་རྒྱུད་ཡོངས་ཁ་ཐོར་དུ་འགྲོ་བའི་ཉེན་ཁ་ཡོད་པས། མཐར་ཨ་མ་རྒན་མོས་མཐུན་ཐབས་མི་བྱེད་ཀ་མེད་བྱུང་།
            གོང་གི་གྱོད་དོན་དཔེ་གཞི་འདི་ལས།  བོད་ལྗོངས་སྤྱི་ཚོགས་ཀྱི་ལྟ་བ་གསར་རྙིང་གི་འགྱུར་ལྡོག་མཚོན་ཐུབ་ཅིང་། བོད་ལྗོངས་ཁྲིམས་སྐྱོང་གི་དུས་རབས་ཀྱི་འགྱུར་བའང་མཚོན།  ང་ཡང་འགྱུར་ལྡོག་འདིའི་ཁྲོད་ཀྱི་ཟབ་ཞུགས་པ་ཞིག་ཏུ་གྱུར་ཟེར།  བློ་བཟང་ཆོས་འཕེལ་གྱིས་ད་དུང་གསུང་རྒྱུར།   ཁྲིམས་རྩོད་པའི་ལས་དོན་སུའོ་ཐོག་མར་བཙུགས་དུས་ཁེ་ལས་ཁ་ཤས་ཁོ་ན་མ་གཏོགས་ཁྲིམས་ལུགས་བློ་འདྲི་ས་མི་མཁོ།  དེའི་རྗེས་སུ་རིམ་བཞིན་སྲིད་གཞུང་དང་རིམ་པ་སོ་སོའི་སྲིད་འཛིན་སྡེ་ཁག་སོགས་ལ་ཁྱབ།   སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་མཐོར་སོང་བ་དང་།  ཁྲིམས་ལུགས་དཔལ་ཡོན་བོད་ལྗོངས་ནས་རྩ་བ་ཚུགས་ཤིང་ཡལ་ག་རྒྱས།
            ཁྲིམས་ལུགས་ཁྱབ་བསྒྲགས་ཀྱི་བྱེད་ནུས་སྔར་ལས་ཇེ་ལེགས་སུ་གཏོང་ཆེད། 2006ལོར་བློ་བཟང་ཆོས་འཕེལ་གྱིས་བོད་ལྗོངས་དཔེ་དེབ་ཆ་འཕྲིན་ལྟེ་གནས་བཙུགས་པ་དང་།  འདི་ཡང་བོད་ལྗོངས་ཀྱི་ཁྲིམས་ལུགས་སྐོར་གྱི་སྤྱི་པའི་དཔེ་དེབ་ལྟེ་གནས་ཐོག་མ་ཡིན།  བོད་ལྗོངས་དཔེ་མཛོད་ཁང་ནང་དུ་ཡོད་པའི་ཁྲིམས་ལུགས་དཔེ་དེབ་ཆ་འཕྲིན་ལྟེ་གནས་འདིའི་ནང་དུ་ཁྲིམས་ལུགས་རིག་གཞུང་དཔེ་དེབ་དང་ཁྲིམས་ལུགས་ཆེད་དེབ། ཁྲིམས་ལུགས་སློབ་དེབ།  བྱ་བའི་རྒྱུན་སྤྱོད་དེབ། ཁྲིམས་ལུགས་དུས་དེབ་སོགས་དེབ་གྲངས་6000ལྷག་ཡོད།
            ཁྲིམས་རྩོད་པ་སྔར་ལས་ལྷག་པར་སྲིད་དོན་གྲོས་མོལ་ལ་ཟབ་ཞུགས་སྒོས་ཁྲིམས་ཀྱིས་བོད་ལྗོངས་སྐྱོང་བའི་གོམ་སྟབས་ལ་སྐུལ་འདེད་གང་ལེགས་གཏོང་ཆེད། བློ་བཟང་ཆོས་འཕེལ་གྱིས་ཁྲིམས་སྐྱོང་གི་གྲོས་གཞི་མང་པོ་བཏོན་པ་དང་།  ས་གནས་ཀྱིས་ཧུར་ཐག་སྒོས་ཁྲིམས་འཛུགས་བྱས་ཏེ།  སྲིད་གཞུང་གི་ཚོང་སྡུད་མ་དངུལ་བསྡུ་གསོག་དང་མ་དངུལ་གཏོང་བའི་རྣམ་གྲངས་མང་པོའི་ཁྲིམས་ལུགས་ཀྱི་བྱ་བའི་རམ་འདེགས་སོགས་ལ་འགན་ཁུར་དགོས་པ་བསྟན།  དེང་སྐབས་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འབད་བརྩོན་བྱེད་པ་དང་།  བོད་ལྗོངས་ཡང་རྗེས་སུ་ལུས་མི་རུང་། ང་རང་ཁྲིམས་ཀྱིས་བོད་ལྗོངས་སྐྱོང་མཁན་གྱི་རྡོ་གཅལ་ཞིག་ཡིན་ན་བསམ་ཞེས་བློ་བཟང་ཆོས་འཕེལ་གྱིས་དེ་ལྟར་གསུངས་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1