༄༅།། འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་བརྩི་ཞུས་ཏེ་ཚུལ་ལྡན་གྱི་ཁ་ལོ་བ་ཞིག་བྱེད་དགོས།

ཚེ་རིང་གིས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 01-14


ཚེ་རིང་གིས་བསྒྲིགས།
          《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་གོ་ལྔའི་ནང་གསེས་2པའི་གཏན་འབེབས་ལ་གཞིགས་ན། རྐང་བཙུགས་ནས་རླངས་འཁོར་གྱི་ཨང་གྲངས་འགེབས་པ་དང་གསལ་པོ་མི་མཐོང་བ་བཟོས་པའམ་ཡང་ན་རླངས་འཁོར་གྱི་ཨང་གྲངས་དུས་ཐོག་ལ་མ་བསྒར་ན། བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་པའི་གཏན་འབེབས་ལྟར། སྐར་མ་12འཐེན་པ་དང་དངུལ་ཆད་སྒོར་200གཏོང་གི་ཡོད་པ་མ་ཟད། ཁ་ལོ་བའི་ལག་ཁྱེར་Aདང་Bཡིན་ཕྱིན་རིམ་པ་གཅིག་གཅོག་གི་ཡོད།
          དེར་བརྟེན། རྣམ་ཀུན་ནས་རླངས་འཁོར་གྱི་ཨང་གྲངས་ལ་བདག་གཅེས་དང་དུས་ཐོག་ཏུ་བསྒར་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།
          ཁ་ལོ་བ་ཉུང་ཤས་ཤིག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་ཆད་པར་གཡོལ་ཆེད། རྐང་བཙུགས་ནས་རླངས་འཁོར་གྱི་འཁོར་བྱང་འགེབས་པ་དང་། ཨང་གྲངས་རྫུས་མ་བཟོ་བ། ཨང་གྲངས་གསལ་པོ་མི་མཐོང་བ་བཟོ་བ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱོད་ཀྱི་ཡོད།
          ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མཚན་མོ་ཁོངས་གཏོགས་ཁུལ་དུ་ཞིབ་བཤེར་བྱེད་རིང་། འཇིབ་ཆུང་དམར་པོ་ཞིག་གི་མོ་ཊའི་ཨང་གྲངས་གསལ་པོ་མི་མཐོང་བས། གློག་མིག་གིས་སྤྱིར་ན་དབྱེ་འབྱེད་ཐུབ་ཀྱི་མེད། གནས་ཚུལ་དེ་ཤེས་མ་ཐག ཉེན་རྟོག་པས་སྔོན་ལ་རླངས་འཁོར་དེ་གཞོགས་གཅིག་ལ་ཁ་འགོག་ཏུ་བཅུག་པ་དང་ཆབས་ཅིག ཁོ་པའི་ལག་ཁྱེར་ལ་ཞིབ་ལྟ་བྱས་ནས་རླངས་འཁོར་གྱི་ཨང་གྲངས་གསལ་པོ་མི་མཐོང་བ་རང་གིས་ཤེས་སམ་ཞེས་དྲིས། དེའི་སྐབས་ཁོ་པ་དངངས་སྐྲག་དང་སྦྲགས་སྐད་ཆ་ལྡབ་ལྡིབ་ཏུ་གྱུར་ལ་གདོང་མདོག་ཀྱང་ལོག དེ་ནས་ཉེན་རྟོག་པས་དེའི་སྐོར་ལ་མུ་མཐུད་དྲིས་པས། རླངས་འཁོར་གྱི་ཨང་གྲངས་གསལ་པོ་མེད་པ་རང་གིས་ཤེས་ནའང་། ཉེན་རྟོག་པས་ཚོར་མི་སྲིད་སྙམ་པའི་སྟེས་དབང་གི་བསམ་པས། ད་བར་ཨང་གྲངས་གསར་པ་བརྗེས་མེད་ཅེས་ལན་བཏབ། 
          མིག་སྔར། 《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁ་ལོ་བ་དེར་ཁྲིམས་ལྟར་ལག་ཁྱེར་ནས་སྐར་མ་12འཐེན་པ་དང་དངུལ་ཆད་སྒོར་200བཏང་བ་མ་ཟད། ལག་ཁྱེར་A2ཀྱི་ཐོབ་ཐང་མེད་པར་བཟོས་པ་རེད།
          ལོ་18མན་གྱིས་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་གཏོང་ཆོག་གམ། 
          གཏོང་མི་ཆོག 《འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་ཀྱི་གཏན་འབེབས》ཀྱི་དོན་ཚན་བཅུ་གསུམ་པ་གཞིར་བཟུང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་རེ་འདུན་ཞུ་མཁན་ལ་གཤམ་གསལ་གྱི་ཆ་རྐྱེན་འདི་དག་ཚང་དགོས།
          རླངས་འཁོར་ཆུང་གྲས་དང་། རང་སྒུལ་གདང་གི་རླངས་འཁོར་ཆུང་གྲས། སྤྱོད་བདེའི་སྦག་སྦག་བཅས་གཏོང་ཆོག་པའི་ལག་ཁྱེར་རེ་འདུན་ཞུ་དགོས་ཚེ། ལོ་18ཡན་ནས་ལོ་70མན་བར་ཡིན་དགོས།
          མྱུར་ཚད་དམའ་བའི་ཟོག་འདྲེན་རླངས་འཁོར་དང་། འཁོར་གསུམ་རླངས་འཁོར། འཁོར་གསུམ་སྦག་སྦག འཁོར་གཉིས་སྦག་སྦག་གམ་ཡང་ན་འཕྲུལ་འཁོར་བཅས་གཏོང་ཆོག་པའི་ལག་ཁྱེར་རེ་འདུན་ཞུས་ཚེ། ལོ་18ཡན་ནས་ལོ་60མན་བར་ཡིན་དགོས།
          སྤྱི་སྤྱོད་རླངས་འཁོར་དང་། འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། ཟོག་འདྲེན་རླངས་འཁོར་ཆེ་གྲས། གློག་སྒུལ་མོ་ཊ་བཅས་གཏོང་ཆོག་པའི་ལག་ཁྱེར་རེ་འདུན་ཞུ་དགོས་ཚེ། ལོ་21ཡན་ནས་ལོ་50མན་བར་ཡིན་དགོས།
          འདྲུད་འཁོར་གཏོང་ཆོག་པའི་ལག་ཁྱེར་རེ་འདུན་ཞུ་དགོས་ཚེ། ལོ་24ཡན་ནས་ལོ་50མན་བར་ཡིན་དགོས།
          འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་གཏོང་ཆོག་པའི་ལག་ཁྱེར་རེ་འདུན་ཞུ་དགོས་ཚེ། ལོ་26ཡན་ནས་ལོ་50མན་བར་ཡིན་དགོས།
          བྱ་ཐབས་སྣ་མང་བཏོན་ཏེ་ཞིང་པ་ལས་མིར་གླ་ཆ་རག་ཐུབ་པ་བྱས་པ།
          ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔ་ཕྱི་བར་གསུམ་དུ་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་བྱེད་པ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་པ་དང་། སྔ་ཕྱི་བར་གསུམ་དུ་ཞིང་པ་ལས་མིའི་གླ་ཆར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རིམ་ཁག་སྡེ་ཚན་ཁག་གིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་བཅོས་སྒྲིག་དང་གཏོང་སྤྲོད་འགན་ལེན་གྱི་ལས་དོན་ཧུར་ཐག་སྤེལ་ནས། གླ་ཆ་འགྱངས་ཆད་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་རྩད་གཅོད་མཐར་ཕྱིན་པ་བྱས་ནས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཞིང་པ་ལས་མིར་དུས་ཐོག་ཏུ་གླ་ཆ་རག་ཐུབ་པར་བྱས་ཏེ་ལོ་གསར་པ་སྐྱིད་པོ་ཞིག་གཏོང་ཐུབ་ཐབས་བྱེད་བཞིན་ཡོད།
          ཞིང་པ་ལས་མིའི་ངལ་རྩོལ་ཐོབ་ཆའི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ། རྒྱ་ཆེའི་ཞིང་པ་ལས་མིའི་ཐེར་འདོན་གོང་ཞུའི་དབང་ཆ་སྲུང་བར་སྟབས་བདེ་སྐྲུན་ཆེད། ཁེ་ལས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་ཐག་གཅོད་ཀྱི་རང་སྐྱོང་ལྗོངས་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་ཁང་གིས་ས་གནས་ཁག་གི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཐེར་འདོན་ཞུ་གཏུག་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཡོད་པས། རྒྱ་ཆེའི་ཞིང་པ་ལས་མིར་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་འཕྲད་ཚེ། གླ་ཆ་ཆད་སའི་ཡུལ་གྱི་ཐེར་འདོན་ཞུ་གཏུག་ཁ་པར་བརྒྱབ་ནས་ཁེ་དབང་འགན་སྲུང་བྱེད་ཆོག
          བདེ་འཇགས་དོ་དམ་ཐད་ཆད་གཅོད་རིགས་གང་དག་ཡོད།
          (གཅིག) ཐ་ཚིག་སྒྲོག་པ་དང་། (གཉིས) དངུལ་ཆད་གཏོང་བ། (གསུམ) བཀག་ཉར་བྱེད་པ། (བཞི) སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་ལས་གཉེར་ལག་ཁྱེར་རྩིས་མེད་གཏོང་བ།
          བདེ་འཇགས་དོ་དམ་ལས་འགལ་བའི་ཕྱི་རྒྱལ་བ་དུས་བཀག་དབྱེ་ནས་རྒྱལ་མཚམས་སྒྲོལ་དུ་འཇུག་པའམ་ཕྱིར་སྐྲོད་བྱེད་པའི་ཆད་པ་ཟུར་སྣོན་བྱེད་ཆོག
          ན་སོ་དར་ལ་མ་འབབ་པའི་མིས་བདེ་འཇགས་དོ་དམ་ལས་འགལ་བར་ཐག་གཅོད་ཇི་ལྟར་བྱེད་དགོས།
          རང་ལོ་བཅུ་བཞིར་སླེབས་པ་དང་། རང་ལོ་བཅོ་བརྒྱད་མ་སླེབས་མཁན་གྱིས་བདེ་འཇགས་དོ་དམ་ལས་འགལ་ན་ཆད་པ་ཡང་ཙམ་གཅོད་པ་དང་། རང་ལོ་བཅུ་བཞིར་མ་སླེབས་པའི་མིས་བདེ་འཇགས་དོ་དམ་ལས་འགལ་ན་ཆད་པ་མི་གཅོད་ཀྱང་ཁོ་པའི་ལྟ་སྐྱོང་མཁན་ལ་དོ་དམ་བསླབ་བྱ་ནན་པོ་རྒྱག་དགོས་པའི་བཀའ་གཏོང་དགོས།
          སྨྱོན་པས་བདེ་འཇགས་དོ་དམ་ལས་འགལ་ན་ཐག་གཅོད་ཇི་ལྟར་བྱེད་དགོས།
          སྨྱོན་པས་ཡིན་མིན་གསལ་འབྱེད་མི་ཐུབ་པའམ་ཡང་ན། རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་སྐབས་སུ་བདེ་འཇགས་དོ་དམ་ལས་འགལ་ན་ཆད་པ་མི་གཅོད་ཀྱང་དེའི་ལྟ་སྐྱོང་མཁན་ལ་དོ་དམ་བསླབ་བྱ་ནན་པོ་རྒྱག་དགོས་པ་དང་སྨན་བཅོས་བྱེད་དགོས་པའི་བཀའ་གཏོང་དགོས། བར་མཚམས་རང་བཞིན་གྱི་སྨྱོ་ནད་ཡོད་མཁན་གྱིས་རིག་པ་རྒྱུན་གཏན་བཞིན་ཡིན་སྐབས་བདེ་འཇཌ་དོ་དམ་ལས་འགལ་ན་ཆད་པ་གཅོད་དགོས།
          ལོང་བ་དང་ཡང་ན་འོན་ལྐུགས་མི་སྣས་བདེ་འཇགས་དོ་དམ་ལས་འགལ་བར་ཐག་གཅོད་ཇི་ལྟར་བྱེད་དགོས།
          ལོང་བ་དང་ཡང་ན་འོན་ལྐུགས་མི་སྣས་བདེ་འཇགས་དོ་དམ་ལས་འགལ་ན་ཆད་པ་ཡང་དུ་གཏོང་བའམ་ཡང་ན་ཆད་པ་མི་གཅོད་རྒྱུ།
          བདེ་འཇགས་དོ་དམ་ཆད་གཅོད་ནང་སྲིད་འཛིན་བཀག་ཉར་དུས་ཡུན་རིང་ཤོས་ག་ཚོད་ཡིན་ནམ།
          ཁྲིམས་འགལ་བྱེད་སྤྱོད་རིགས་གཉིས་ཡན་ཡོད་ཚེ་ཁྲིམས་ཐག་སོ་སོར་བཅད་དེ་མཉམ་དུ་ལག་ལེན་བསྟར་དགོས། སྲིད་འཛིན་བཀག་ཉར་གྱི་ཐག་གཅོད་བྱས་ཏེ་མཉམ་དུ་ལག་ལེན་བསྟར་བར་དུས་ཡུན་རིང་ཤོས་ཉིན་ཉི་ཤུ་ལས་བརྒལ་མི་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1