གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བསྟན་འཛིན་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༡༨ཉིན།

༄༅།། བཀའ་གདམས་པའི་རྩོམ་རིགས་དང་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་འགའ་ཞིག་ལ་དཔྱད་པ།

བསྟན་འཛིན་དོན་གྲུབ།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་རྩོམ་རིག་ལས་བཀའ་གདམས་པའི་རྩོམ་རིགས་དང་། དེ་ཉིད་ཀྱི་ནང་དོན་དང་རྣམ་པ། དུས་རབས་ཀྱི་རྒྱབ་ལྗོངས། དེས་བོད་ཀྱི་རྩོམ་རིག་ཁྱབ་ཁོངས་ནང་བཟུང་བའི་གནས་བབ། ཕྱིས་ཀྱི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན། བོད་ཀྱི་རྩོམ་རིག་གི་དུས་རིམ། 《མེ་ལོང་མ》བོད་ཀྱི་རྩོམ་རིག་གཞུང་ལུགས་སུ་འགྱུར་ཐུབ་པར་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་སོགས་ལ་དབྱེ་ཞིབ་དཔྱད་བརྗོད་བྱས་ཡོད། 
          [བརྡ་ཆད་གཙོ་བོ།]བཀའ་གདམས་པའི་རྩོམ་རིགས། རྩོམ་རིག་གི་ལོ་རྒྱུས་མཚམས་ཐིག གསར་རྙིང་འདྲེས་མའི་སྐད་བརྡ། 
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29
          [ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2009)04-036-11
          རང་རེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་འཕེལ་རིམ་དང་དེ་དག་སོ་སོའི་བརྗོད་བྱའི་གནད་ལ་གཞོལ་ཚུལ། སྐད་བརྡའི་ཁྱད་ཆོས། འཕེལ་རིམ་གོང་འོག་གི་སྦྲེལ་ཐག་ཕྲ་སྦོམ། དུས་རིམ་སོ་སོའི་སྒྱུ་རྩལ་གཏོད་ཐབས་སོགས་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་བོད་མིའི་བསམ་ཤེས་སོགས་ལ་ཐོན་པའི་ཕན་ནུས། མ་འོངས་ཀྱི་རྩོམ་རིག་གོམ་སྟབས་གར་སྤོ་གར་སྡོད་ཀྱི་དམིགས་རེ་སོགས་ལ་ཞིབ་འཇུག་བྱས་ནས་དུས་ཡུན་དེ་ཙམ་རིང་པོ་ཞིག་མ་སོང་ཡང་དགའ་འོས་པའི་དཔྱད་འབྲས་མི་ཉུང་བ་ཞིག་ཐོན་ཡོད། བོད་ཀྱི་རྩོམ་རིག་གི་སྒྱུ་འཕྲུལ་ཐབས་རྩལ་གཏོད་ཚུལ་སོགས་ཀྱི་སྐོར་ལ་སྔོན་བྱོན་མཁས་པ་ཚོས་བཞག་པའི་གླེགས་བམ་དེ་ཙམ་མི་མཐུག་པས། ཕྱིས་ཀྱི་ཞིབ་འཇུག་པ་ཚོར་དཀའ་ཁག་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། ཉེ་དུས་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་འབྲས་རྟགས་སུ་དཔེ་ཆ་སྲབ་མཐུག་སྣ་ཚོགས་དཔར་དུ་བཏབ་ཡོད་པ་ལས་རེ་འགའ་ནི་ཕྱི་རྒྱལ་དང་ནང་སའི་རྩོམ་རིག་དང་ཐོད་གཏུགས་དྲགས་པ་དང་། ཡང་ལ་ལ་ནི་གཞན་ལ་མིག་ལྟོས་ཉུང་བས་རང་སྐྱ་འཕེར་དཀའ་བ། འགའ་ཞིག་ནི་ཕྱི་ནང་ཟུང་གི་རིག་པ་འགལ་མེད་དུ་སྤྱད་པས་ངོ་མཚར་རི་མོས་ཕྱུག་ཅིང་། བོད་ཀྱི་རྩོམ་རིག་གི་རྣམ་བཀྲའི་སྤུ་རིས་སྣ་ཚོགས་ཇི་མ་ཇི་བཞིན་བཅལ་དུ་བཀྲམས་འདུག དེ་དག་སོ་སོའི་བོད་ཀྱི་ལོ་རྒྱུས་སྤྱིའི་བབ་དང་རྩོམ་རིག་རང་ངོས་ཀྱི་ཟུར་སྣེ་མི་འདྲ་བ་འགའ་ཞིག་གཞིར་བཟུང་ནས་བོད་ཀྱི་རྩོམ་རིག་དང་དེའི་འཕེལ་ཚུལ་འདྲ་མིན་རིམ་པ་འགར་དབྱེ་བ་སོགས་ལ་རྟགས་དང་རྒྱུ་མཚན་མི་ཉུང་བ་ཞིག་མཆིས། ཞིབ་འཇུག་པ་ཚོས་ད་ཕན་“བཀའ་གདམས་པའི་རྩོམ་རིགས་”ཞེས་པའི་ཐ་སྙད་ལོགས་སུ་བཀོལ་བ་མ་མཐོང་ཡང་། བཀའ་གདམས་མཁས་པས་བརྩམས་པའི་སྒྱུ་རྩལ་རྩོམ་རིག་རེ་གཉིས་ལ་སྟབས་བདེའི་དཔྱད་བརྗོད་མི་ཉུང་བ་ཞིག་གནང་མྱོང་ཡོད། འདིར་“བཀའ་གདམས་རྩོམ་རིགས་”ཞེས་པའང་ལོ་ཆེན་རིན་ཆེན་བཟང་པོ་ནས་(958-1055)ས་སྐྱ་པཎྜི་ཏ་(1182-1251)མ་བྱོན་པའི་བར་གྱི་གཙོ་བོར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོས་མཛད་པའི་མདོ་སྔགས་རིག་གནས་དང་བཅས་པའི་བརྩམས་ཆོས་མང་དག་བཞུགས་པ་དག་ལ་ཟེར་ཞིང་། དེ་དག་ལའང་སྤྱི་མཐུན་གྱི་རྗོད་བྱེད་ཚིག་གི་སྤྲོས་བཤད་དང་། དྲང་པོའི་ནང་སེམས་རི་མོར་འབེབས་ལུགས། འཁྱོག་པོའི་རྟོག་པའི་འཆར་ཡན་སྤྱོད་ཐབས། ངག་གི་སྦྱོར་བར་བརྩེ་དུང་གབ་ཚུལ། གསར་རྙིང་འདྲེས་མའི་སྐད་བརྡའི་ཁྱད་ཆོས་སོགས་མང་དག་ཅིག་ཡོད་པ་ཡིན། འདིར་ནན་དུ་བརྗོད་འོས་པ་ཞིག་ལ་“བཀའ་གདམས་པའི་རྩོམ་རིགས་”ཞེས་པ་གྲུབ་མཐའི་དབང་གིས་སམ་གྲུབ་མཐའ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་རྣམས་ཀྱིས་མཛད་པའི་ལྗངས་རྩོམ་ཁོ་ནར་མི་ཟེར་གྱི། སྐབས་དེའི་ལོ་ངོ་སུམ་བརྒྱར་ཉེ་བའི་དུས་ཚོད་ནང་བྱུང་བའི་རྩོམ་རིགས་བརྩམས་ཆོས་དག་ལ་ཟེར་བ་ཡིན། དེ་ཡང་འདིར་གཙོ་བོ་“བཀའ་གདམས་པའི་རྩོམ་རིགས་” ལས་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་པ་འགའ་ཞིག་གཞིར་བཟུངས་ནས་དེའི་ཁྱད་ཆོས་འགའ་ཞིག་ལ་ཅུང་ཟད་དཔྱད་པར་འདོད་དོ། སློབ་དཔོན་ཆེན་མོ་དོར་ཞིས། སྒྱུ་རྩལ་རྩོམ་རིག་ཡིན་མིན་རྟོག་རིག་དང་དོན་དང་ཚིག་གི་རང་བཞིན་གྱི་སྟེང་ནས་ཕྱེ་བ་ཡིན་མོད། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པའམ། རྩ་བའི་རང་བཞིན་གྱི་ངོས་ནས་ཡིན་ཏེ། ཕྱོགས་གཉིས་ཀྱི་ཁྱད་ཆོས་ཕན་ཚུན་གཏན་ནས་མ་འདྲེས་པའི་རྩོམ་ཞིག་ཤིན་ཏུ་དཀོན་པར་གདའ་①ཞེས་དང་། ཡང་རྩོམ་གྱི་བབ་དང་རྩ་བའི་རང་བཞིན་གྱི་སྟེང་ནས་སྒྱུ་རྩལ་རྩོམ་རིག་ཡིན་མིན་སོ་སོར་ཕྱེ་ན་མ་གཏོགས་ཚིག་དོན་ཆ་ཤས་ཕྲན་བུ་རེ་བཟུང་སྟེ། རྩོམ་རིགས་སོ་སོར་བཀར་ན་བསྐལ་པའི་མཐའ་ལ་ཐུག་ཀྱང་དགར་བར་མི་ནུས་སོ་②ཞེས་གསུངས་པས། “བཀའ་གདམས་པའི་རྩོམ་རིགས་” ཁྲོད་ལས་ཀྱང་སྒྱུ་རྩལ་རྩོམ་རིག་ཡིན་མིན་གྱི་མཚམས་ཐིག་མར་ལ་གྲི་ལྟ་བུ་ཞིག་ནི་དེ་བས་འདེབས་དཀའ་བའོ།
          དང་པོ། བརྗོད་བྱ་དོན་གྱི་ལུས།
          བཀའ་གདམས་པའི་སྒྱུ་རྩལ་རྩོམ་རིག་གི་བརྗོད་བྱ་དོན་གྱི་ལུས་ལ་སྐྱེས་རབས་དང་། རྣམ་ཐར། བསླབ་བྱ། བསྟོད་རྩོམ། དཔེ་ཆོས།  སྤྲིངས་ཡིག་སོགས་མང་ཡང་བརྗོད་དོན་སྙིང་པོ་ཕལ་ཆེར་ལྷ་ཆོས་ཀྱི་སྐོར་ཡིན་ཞིང་། རྗོད་བྱེད་ཚིག་གི་ལུས་ལ་བཅད་པ་དང་ལྷུག་པ། དེ་གཉིས་སྤེལ་མ་སོགས་ཅི་རིག་པར་སྣང་། དཔེར་ན་སྐྱེས་རབས་སམ་རྣམ་ཐར་དུ་གཏོགས་པ་ཨ་ཏི་ཤའི་(982 - 1054)《བཀའ་གདམས་ཕ་ཆོས་བུ་ཆོས》ལྟ་བུ་དང་། བསླབ་བྱའི་རྩོམ་རིག་ལ་འབྲོམ་སྟོན་པའི་(1004 - 1064)《ཞང་འཕྲང་ཁ་བེར་ཆུང་ལ་གདམས་པ་》ལྟ་བུ་དང་། བསྟོད་རྩོམ་ལ་འབྲོམ་སྟོན་པའི《ཇོ་བསྟོད་སུམ་ཅུ་པ་》དང་ནག་ཚོ་ལོ་ཙཱ་བའི་(1011 - 1064)《ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་》ལྟ་བུ་དང་། སྤྲིངས་ཡིག་ལ་འབྲོམ་གྱི་《བོད་ཀྱི་མི་ཆེན་ཚོ་ལ་སྤྲིངས་པ་》དང་། རྔོག་བློ་ལྡན་ཤེས་རབ་(1059 - 1109)ཀྱི་《སྤྲིངས་ཡིག་བདུད་རྩིའི་ཐིགས་པ་》སོགས་དང་།  དཔེ་ཆོས་ཀྱི་སྐོར་ལ་པོ་ཏོ་བ་རིན་ཆེན་གསལ་(1027-1105)གྱི་《དཔེ་ཆོས་》དང་《བེའུ་བུམ་སྔོན་པོ》སོགས་ཤིན་ཏུ་མང་ངོ་། དེ་དག་ཕལ་ཆེ་བར་བོད་ཀྱི་གནའ་བོའི་རྩོམ་གཤིས་ཚིག་ཁུ་བསྡུས་ཤིང་ཁ་དམ་ལ་བསྟན་དོན་རྒྱ་ཆེ་བ། ཕལ་གྱི་ངག་ན་གནས་པའི་སྦྱོར་བ་ལས་ནང་གི་འགྱུར་བ་ལྡེམ་ལྡེམ་དུ་མངོན་པ། རང་བཞིན་བརྗོད་པ་དང་བསྡུས་བརྗོད་དང་དཔེ་རྒྱན་སོགས་ལས་མངོན་ལྐོག་གི་བརྗོད་དོན་མཚོན་ཤུགས་ཆེ་བ། ཚིག་གི་རྐང་པ་རིང་ཐུང་སོགས་སྡེབ་སྦྱོར་ཉམས་མི་ཉམས་གཙོ་བོར་མ་བཟུང་བར་གཤར་མར་བརྗོད་དོན་སྟོན་ཐབས་ལ་མངོན་པར་ཕྱོགས་པ་སོགས་འདོར་ལེན་དང་འཕེལ་འགྱུར་གང་རུང་བྱུང་ཡོད་པས། བཙན་པོའི་དུས་ཀྱི་སྒྱུ་རྩལ་རྩོམ་རིག་དང་བསྡུར་ན་དོན་གྱི་མཚོན་ཐབས་དང་། ཚིག་གི་སྦྱོར་བའི་བགྲོད་སྟངས་སོགས་སྟེགས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ། ཕྱིས་ཀྱི་མེ་ལོང་མའི་དུས་ཀྱི་རྩོམ་རིག་དང་བསྡུར་ན་ཡང་རང་གི་ཐུན་མིན་ཁྱད་ཆོས་མང་དག་ཅིག་མཆིས། འོན་ཀྱང་《བཀའ་གདམ་ཕ་ཆོས་བུ་ཆོས》ལྟ་བུ་བརྩམས་ཆོས་འགའ་ཞིག་ནི་ཚིག་དོན་གྱི་སྒྱུ་རྩལ་སོགས་ཆ་གང་ནས་བསམས་ཀྱང་“བཀའ་གདམས་པའི་རྩོམ་རིགས་”ཀྱི་ཁོངས་སུ་འཇོག་དཀའ་བ་ལྟ་བུར་འདུག་པས་རེ་ཞིག་དཔྱད་རྒྱུར་ལུས་སོ།
          ༡ བསྟོད་རྩོམ།
          བསྟོད་རྩོམ་ནི་ཡུལ་གོང་མའམ་རང་ལས་ཁྱད་དུ་འཕགས་ཤིང་བཀའ་དྲིན་ཅན་གྱི་གང་ཟག་ལ་དགའ་གུས་ཡི་རངས་ཀྱི་བསམ་པའི་འདུ་ཤེས་སྣ་ཚོགས་པ་སྒྱུ་རྩལ་ལག་ཐབས་སྣ་ཚོགས་སྤྱད་དེ་ངག་གི་སྦྱོར་བ་ནས་སམ། ཡི་གེའི་རི་མོའི་ལམ་ནས་བརྗོད་པ་ཡིན་པས་འདིར་བརྗོད་པར་བྱ་བ་ནི་ཕྱི་མ་ཉིད་ཡིན། བོད་ཀྱི་རྩོམ་རིག་ཁྲོད་དུ་བསྟོད་རྩོམ་ནི་གྲངས་འབོར་ཆེས་མང་ཤོས་དང་། སྒྱུ་རྩལ་གྱི་རིགས་ལམ་ཡང་ཆེས་ཕུན་སུམ་ཚོགས་པ་ཡིན་ཞེས་བརྗོད་ཆོག “བཀའ་གདམས་རྩོམ་རིགས” ཁྲོད་དུའང་བསྟོད་རྩོམ་གྱིས་གོ་བབ་མཐོན་པོ་བཟུང་ཡོད་ཅིང་།  བསྟོད་རྩོམ་དེ་དག་མེད་ན་“བཀའ་གདམས་པའི་རྩོམ་རིགས་”ཀྱང་བོད་ཀྱི་རྩོམ་རིག་སྤྱི་དང་འདྲ་བར་མོག་མོག་པོར་འགྱུར་སྲིད། སངས་རྒྱས་ཆོས་ལུགས་དར་རྗེས་ཀྱི་བོད་ཀྱི་དུས་སྐབས་སོ་སོའི་རྩོམ་རིགས་ཁྲོད་དུ་བསྟོད་རྩོམ་ཤིན་ཏུ་མང་པོ་ཐོན་ཡོད་པ་དེ་ནི་སྐབས་དེར་ཕྱི་ནང་གི་ཡོན་ཏན་ལ་མངའ་བརྙེས་ཤིང་། སྒོ་གསུམ་གྱི་སྤྱོད་ལམ་སོགས་ལ་ཀུན་གྱི་མིག་ལྟོས་འཕེར་བའི་སྐྱེས་བུ་མི་ཉུང་བ་ཞིག་བྱོན་མྱོང་བའི་རྟགས་སུ་འཁུམས།
          (༡) བསྟོད་པའི་ལམ་ནས་རང་གཞན་ལ་གདམས་པ།
          ཅི་སྟེ་བསྟོད་རྩོམ་ནི་བསྟོད་བྱའི་ཡུལ་ལ་བསྟོད་ཚིག་ཕུལ་བ་ཙམ་དུ་ཟད་ན་རང་གཞན་གྱི་རྒྱུད་ལ་གོ་བ་ཆེར་སྟེར་རྒྱུ་མེད་པས། བསྟོད་པའི་ཞར་ནས་རང་གཞན་ཀུན་ལ་ཆོས་དང་འཇིག་རྟེན་གྱི་ཚུལ་ལ་ཇི་ལྟར་འཇུག་པའམ། མི་ཚེ་སྙིང་པོར་ཇི་ལྟར་བསྒྲིལ་བ་སོགས་ལ་ཕན་རླབས་ཆེ་བ་ཞིག་དགོས་པ་ཡིན། དེ་ཡང་ནག་ཚོ་ལོ་ཙཱ་བའི་《བསྟོད་པ་བརྒྱད་ཅུ་པ་》ལས། ཁྱོད་ཀྱི་སྐུ་ལུས་མཐོང་བ་ན། །ཐམས་ཅད་མཐུན་པར་ཤིན་ཏུ་མོས། །སྐུ་མདོག་འཇམ་ཞིང་གསལ་བས་ན། །དང་པོ་ཐ་མའི་མིག་ཆགས་འགྱུར། །③ལྟ་བུ་ཇོ་བོའི་སྐུའི་ཡོན་ཏན་ལ་རང་བཞིན་བརྗོད་པའི་རྒྱན་གྱི་སྒོ་ནས་བསྟོད་ཅིང་སྨོན་པ་དེས་ལོ་ཙཱ་བ་རང་ཉིད་ཙམ་མ་ཟད། གཞན་ཀློག་པ་པོ་རྣམས་ཀྱང་ཇོ་བོའི་སྐུའི་ཡོན་ཏན་ལ་དང་བ་ཤུགས་དྲག་སྐྱེ་ཞིང་། དེའི་འཕྲོ་ལས་ཇོ་བོའི་ཡོན་ཏན་གཞན་ཡང་ལམ་མེར་དྲན་ཡོང་བའི་ཞར་ལ་རང་སོ་སོའི་སྒོ་གསུམ་གྱི་ཀུན་སྤྱོད་ཐམས་ཅད་ཀྱང་ཇོ་བོ་རྗེའི་རྣམ་པར་ཐར་པའི་རྗེས་སུ་ཞུགས་ཏེ་ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་ལྕག་ཀྱང་རང་ཤུགས་ལ་ཐེབས་པ་ཡིན། ཡང་དེ་ཉིད་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ།  །ཐམས་ཅད་འདུས་ཤིང་འཚོགས་པ་ན། ། རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན།  ། སེང་གེའི་ང་རོའི་སྒྲ་སྐད་ཀྱིས། ། ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །④ལྟ་བུ་ཇོ་བོའི་རྩོད་རིག་ལ་བསྟོད་པ་ཁོ་ནའི་ཚུལ་དུ་འདུག་ཀྱང་། ཚིག་ངོའི་ཟུར་དུ་རང་གཞན་ཀུན་ཀྱང་ལྟ་ངན་ལམ་ལོག་ལས་བྱོན་ནས་བདེན་པའི་ལམ་གང་ཡིན་བརྩད་ཅིང་གཞོལ་དགོས་པའི་བསླབ་བྱ་གབ་པའམ་སྦས་པའི་ཚུལ་གྱིས་གནང་ཡོད། དེ་བཞིན་ཡུལ་གང་ལ་མཆིས་པའི་ཡོན་ཏན་ཇི་སྙེད་བསྟོད་པ་པོ་རང་ཉིད་ལ་མངོན་པར་འདོད་པ་དེ་བསྟོད་པའི་ལམ་ནས་བསམ་བཞིན་བརྗོད་པ་ནི་འབྲོམ་སྟོན་པའི་《ཇོ་བསྟོད་སུམ་ཅུ་པ་》ལས། བསྟན་བཅོས་བསྒྱུར་དང་སྒྱུར་ཟིན་འཆོས་པ་དང་། །དེ་ཉིད་འཆད་དང་རང་གིས་རྩོམ་པ་སོགས། །ཡང་དག་ལམ་ལ་ལེགས་པར་འཁྲིད་མཛད་པའི། །བསྟན་པ་རྒྱས་མཛད་ཁྱོད་ལ་གསོལ་བ་འདེབས། །⑤ཞེས་པ་ལྟ་བུས་ཇོ་བོའི་འཆད་པ་དང་རྩོམ་པ་སོགས་ཀྱི་ཡོན་ཏན་དང་། བསྟན་པ་ལ་བྱ་བ་བྱེད་པའི་ལྷག་བསམ། སྐྱེ་བོ་གཞན་ཡང་དག་ལམ་ལ་བཙུད་པར་བྱེད་པའི་ཐུགས་རྗེ་སོགས་བསྟོད་པ་པོ་རང་ལའང་ལྡན་ན་ཅི་མ་རུང་། དེ་ལྟར་ལྡན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་མཚོན་ཡོད། དེ་བཞིན་དུ་《ཇོ་བསྟོད་དང་འབྲོམ་བསྟོད་སྙིང་རྗེའི་རང་བཞིན་ཅན་བཞུགས་སོ་》 ལས། གྱོང་ལྟོ་གོས་གཏམ་གསུམ་སྟེང་དུ་བསྐུར། །ཚེ་འདི་སྣང་ལུས་སྲོག་ཐད་ལ་བོར། །རང་གཅེས་འཛིན་ལྕོང་(གཅོང་)ནད་ཐོན་པ་རུ། ། རྒྱུད་བྱིན་གྱིས་རློབས་ཤིག་འབྲོམ་སྟོན་རྗེ། །⑥ལྟ་བུ་བསྟོད་པ་ཕུལ་བ་དེས་རང་གི་མངོན་འདོད་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་རང་གི་ཞེ་འདོད་ཤུགས་དྲག་དེ་ཚིག་ཟིན་དུ་མངོན་སུམ་མཚོན་འདུག ཕྱིས་སུ་རྗེ་ཙོང་ཁ་པའི་ལམ་རིམ་བསྡུས་དོན་ལས། ཡུལ་གང་ལ་བསྟོད་པ་དང་ལྷན་ཅིག རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། ། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་པ་སོགས་ཀྱི་དམིགས་པ་འབབ་ས་ཡང་གཅིག་ཡིན་ནོ། ང་ཚོས་ཤེས་ཐུབ་པ་ཞིག་ལ་བསྟོད་རྩོམ་དེ་དག་ཕལ་ཆེར་བསྟོད་སྨོན་ཟུང་དུ་འབྲེལ་བ་ལྟ་བུ་ཞིག་ཡིན་པས། བསྟོད་རྩོམ་དང་སྨོན་རྩོམ་གཉིས་དབར་གྱི་ཁྱད་པར་འབྱེད་ཆོས་ཀྱང་དེ་ཙམ་མི་གསལ་བས། རྩོམ་རིག་གི་བརྗོད་བྱའི་ལུས་དབྱེ་སྐབས་སྨོན་རྩོམ་ཞེས་པ་ལོགས་སུ་མ་དབྱེ་བར་བསྟོད་སྨོན་རྩོམ་རིག་ཅེས་བརྗོད་ན་ལེགས་སྙམ་མོ།
          (༢) བསྟོད་པའི་ཤུགས་ལས་དགེ་བ་སྤེལ་ཅིང་དེའི་མི་མཐུན་ཕྱོགས་འགོག་པ།
          མི་དགེ་བའི་ལམ་མཐའ་དག་འགོག་རྒྱུར་འབད་པ་ནི་རྩོམ་རིག་གི་འགན་འཁྲི་ཞིག་ཡིན་པས། ཀི་རི་སིའི་མཚན་ཉིད་རིག་པ་བ་ལང་ཅི་ནུ་སི་(Cassius Longinus of Palmyra, 213 -273)ཡིས། ཕུལ་དུ་བྱུང་བའི་ཉམས་དང་འགྱུར་བ་ནི་རླབས་ཆེའི་ཐུགས་ཀྱི་ཟློས་སྒྲ་ཡིན།⑦ཞེས་གསུངས་ཤིང་། བཤེས་གཉེན་དོར་ཞིས་ཀྱང་། སྒྱུ་རྩལ་རྩོམ་རིག་ནི་མི་མང་གི་བསམ་པའི་ཟས་དང་སེམས་ཀྱི་སྨན་ཞེས་འཇིག་རྟེན་ན་རླུང་ལྟར་གྲགས་ཤིང་དོན་ལ་ཡང་དེ་ལྟར་གནས།⑧ཞེས་ནན་ཏར་བདེན་ཁ་བྱིན་པས་ཟས་དང་སྨན་དེ་དག་བཟས་རིམ་བཞིན་སྒོ་གསུམ་གྱི་ལྟ་སྤྱོད་ལེགས་སུ་འགྲོ་བ་ལས། ཤེས་པ་འཆལ་ཅིང་སྤྱོད་པ་གདུག་རྩུབ་ཏུ་སོང་ན་དེ་ནི་དུག་ཟས་དང་སྨྱོ་སྨན་ལས་མ་འདས། བསྟོད་རྩོམ་གྱི་དམིགས་ཡུལ་གལ་ཆེན་ཞིག་ནི་བཟང་པོའི་ཡུལ་གྱི་ཡོན་ཏན་བསྟན་ནས་རང་གཞན་ཀུན་སླར་ཉེས་པ་ལས་བཟློག་པ་བྱ་རྒྱུ་དེ་ཡིན།  ཇོ་བོ་རྗེའི་《རིགས་ཀྱི་སྨོན་ལམ་》ལས། ཐེག་པ་ཆེན་པོའི་དོན་རྟོགས་ནས། །རང་དོན་གཙོ་བོར་མ་བྱེད་ཅིང་། །⑨ཞེས་པ་སོགས་ཀྱང་སྨོན་བྱའི་ཆོས་དེ་དག་ལྡན་པའི་ཡུལ་གང་ལ་བསྟོད་དེ་གང་ཟག་གཞན་ཡང་དེ་འདྲའི་ལེགས་ལམ་དུ་བསྐུལ་བ་ལྟ་བུ་རེད། བསྟོད་རྩོམ་ཞིག་ཡིན་ཚེ་ཚིག་གི་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་གཞན་གྱི་བསམ་སྦྱོར་ལ་ཕན་འདོགས་དགོས་ཤིང་། གཞན་ཕན་གྱི་བསམ་སྦྱོར་ནི་དུས་ནམ་ཡིན་རུང་སྤྱི་ཚོགས་བརྟན་ལྷིང་དང་། མི་དམངས་བདེ་སྐྱིད། དཔལ་འབྱོར་འཕེལ་རྒྱས། རྒྱལ་ཁམས་འཆམ་མཐུན་སོགས་ཀྱི་རྒྱུ་བླ་ན་མེད་པ་ཞིག་ཡིན། བསྟོད་རྩོམ་ལ་དེ་འདྲའི་ཡོན་ཏན་ལྡན་པ་མ་རྟོགས་པར། བོད་ཀྱི་རྩོམ་རིག་ཁྲོད་དུ་བསྟོད་རྩོམ་གྱི་བམ་ཁ་མཐུག་ཀྱང་སྙིང་པོ་དེ་ཙམ་མེད་པར་བརྗོད་པ་ནི་ཉོག་བཤད་ཁོ་ནར་ཟད་དོ། དེ་ཡང་འབྲོམ་གྱི་《ཇོ་བསྟོད་སུམ་ཅུ་པ་》 ལས། ཡོངས་སུ་འཛིན་པའི་མཁས་པ་མང་བསྟེན་ཅིང་། །སྡེ་སྣོད་གསུམ་དང་སྒྲ་དང་ཚད་མ་དང་། ། མན་ངག་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །⑩ལྟ་བུས་རྨོངས་པའི་རྩ་བ་ལེ་ལོ་དང་བག་ལ་ཉལ་བ་སོགས་བོར་ནས་སློབ་པའི་ལམ་དུ་ལམ་གྱི་རིམ་པ་བཞིན་ཞུགས་ཏེ། ཤེས་བྱའི་གནས་ཀུན་ལ་སྦྱངས་པ་མི་དམན་པ་དགོས་ཤིང་དེ་ལྟར་བྱུང་ན་ནམ་ཡང་བྱ་བའི་འཇུག་ལྡོག་ལ་མི་རྨོངས་པས་མི་ཚེ་དོན་དང་ལྡན་པ་ཡིན་ལུགས་ཀྱི་བསླབ་བྱ་བྱས་ཡོད། གསོལ་བ་འདེབས་པ་དེ་ཡང་མིག་བཙུམ་ཞིང་ཐལ་མོ་སྦྱར་བའམ་ཡན་ལག་ལྔ་པོ་ས་ལ་གཏུགས་པ་ཞིག་ཁོ་ན་ལ་མི་ཟེར་གྱི། ཡ་རབས་སྤྱོད་བཟང་རྣམས་ཀྱི་རྗེས་སུ་འཇུག་འདོད་པའི་བློ་བཅོས་མིན་སྐྱེ་བ་ཞིག་ལ་གོ་བ་ཡིན་ནོ།
          (༣)བསྟོད་པའི་ཞར་ལ་རང་གི་སྒོ་གསུམ་གྱི་ཡོན་ཏན་སྤྱིའམ་བྱེ་བྲག་གང་རུང་གཞན་ལ་ངོམས་པའམ་སྟོན་པ།
          བསྟོད་པ་མཛད་ཞོར་དུ་རང་གིས་ཇི་ལྟར་ཤེས་པའི་ནང་དོན་རིག་པ་དང་། ཐ་སྙད་རིག་གནས་སོགས་ཀྱི་ཡོན་ཚད་རྣམས་ཀློག་པ་པོའི་འདྲེན་བྱེད་ལམ་དུ་སྟོན་པ་ནི་བསྟོད་རྩོམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་སྙམ། དེ་ཡང་དཔེ་མཚོན་རེ་ཟུང་བརྗོད་ན། 《ཇོ་བསྟོད་སུམ་ཅུ་པ་》ལས། སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག །རྒྱལ་བའི་འབྱུང་གནས་རིང་ནས་འོང་བའི་ཚེ།   །ཨུ་བ་སི་ཀ་དེ་རིང་སློབ་བོ་ཞེས། །ལྷ་མིག་མངོན་ཤེས་ཅན་ལ་གསོལ་བ་འདེབས། །⑾ཞེས་པ་ལྟ་བུ་རང་གི་སློབ་དཔོན་ལ་བསྟོད་པའི་ལམ་ནས་བསྟོད་པ་པོ་རང་ཉིད་ཀྱི་གོ་བབ་གཞན་ལ་ངོམས་པའི་ཚུལ་དུའམ་དེ་ལ་ཡི་རངས་ཀྱི་མེ་ཏོག་སྟོར་བ་ཡིན། ཡང་ཇོ་བོ་རྗེའི་《བདེ་མཆོག་གི་བསྟོད་པ་》ལས། ནམ་མཁའ་སྤྱོད་པ་འདུལ་མཛད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །རྣམ་ཐར་བརྒྱད་ཀྱི་རང་བཞིན་སྐུ། ། ཐུགས་ཀྱི་འཁོར་ལོ་ཕྱག་འཚལ་འདུད། །⑿ལྟ་བུ་ཡང་ཚིག་གི་ཆ་ནས་ལོ་ཙཱ་བའི་སྒྱུར་ཐབས་ཀྱི་ཤན་ཞུགས་སྲིད་ཀྱང་། དོན་གྱི་ངོས་ནས་ཨ་ཏི་ཤ་རང་ཉིད་ཀྱི་གསང་ཆེན་སྔགས་ཀྱི་ཐེག་པ་སོགས་ཐུགས་ཀྱི་མཁྱེན་པའང་ལེགས་པར་མངོན་པར་བྱས་པ་ཡིན། དེ་དག་ནི་དཔེ་མཚོན་ཙམ་ཡིན་གྱི་བཙན་པོའི་དུས་སུ་ཐོན་མིས་རང་ལ་བསྟོད་པའི་གླུ་དང་། ཕྱིས་སུ་བྱུང་བའི་བོད་ཀྱི་བསྟོད་རྩོམ་རྣམས་ལ་འདི་འདྲའི་ཁྱད་ཆོས་ཅི་བས་མངོན་ཆེ་བ་ཡིན། མེ་ལོང་མའི་སྒྱུ་རྩལ་གྱི་ཐབས་སྤྱད་ནས་མཛད་པའི་ཐོགས་མེད་ཀྱི་《 ཇོ་བསྟོད་》 སོགས་ལས། གླིང་འདིར་འོད་ཀྱི་དྲ་བར་རབ་འགྱེད་ཅིང་། །ཡུད་ཙམ་མི་སྡོད་རྟག་ཏུ་མྱུལ་བ་འདི། །ཁྱོད་ཀྱི་འགྲན་ཟླ་འཚོལ་ཕྱིར་ལྷགས་པ་འདྲ། །དཔེ་མེད་ཁྱོད་ཀྱི་དཔེ་ཟླ་འཚོལ་བ་ཡི། །ཉིན་བྱེད་རབ་ཏུ་ངལ་བ་མཐོང་གྱུར་ནས། །ཟེ་འབྲུ་དཀར་པོ་སོ་ཡི་ཕྲེང་བ་ཅན། །ཆུ་སྐྱེས་ངོ་མཚར་སྐྱེས་ནས་དགོད་པ་འདྲ། ། ཉོན་མོངས་ཤེས་བྱའི་སྒྲིབ་པ་མ་ལུས་པ། །མགོན་པོ་འདི་ཡིས་བདག་ཅག་སྤངས་སོ་ཞེས། །ཁྱེད་ཀྱི་ཐུགས་ལ་ནམ་ཡང་མི་འཇག་པར། །རབ་ཏུ་ཁྲོས་ཏེ་རིང་དུ་སོང་བ་འདྲ། །⒀ཞེས་པ་ལྟ་བུར་མཚོན་ན་ཇོ་བོར་བསྟོད་པ་ཕུལ་ཞོར་རྩོམ་པ་པོ་རང་ཉིད་《མེ་ལོང་མ་》ཡི་སྒྱུ་རྩལ་གཏོད་ཐབས་སོགས་ལ་ཇི་ལྟར་སྦྱངས་གོམས་ཡོད་ཚུལ་དཔེ་རྒྱན་དང་གཟུགས་རྒྱན། རབ་རྟོགས་སོགས་ཀྱི་ལམ་ལ་བརྟེན་ནས་གཞན་གྱི་མིག་ལམ་དུ་བཀྲམས་ཡོད་པ་འདི་འདྲ་ཡང་། གཙོ་བོ་“བཀའ་གདམས་པའི་རྩོམ་རིགས”ལ་མེ་ལོང་མའི་རྣམ་པའི་ལམ་གཏོད་ཚུལ་གྱིས་མཐའ་ནས་བརྒྱན་པ་ཞིག་ཡིན་ལ། འདི་འདྲ་བ་དག་ནི་བསྟོད་པ་འབྲི་བའི་དགོངས་པ་གཙོ་བོ་མིན་པར་སྲིད་ཀྱང་ཞར་བྱུང་གི་དམིགས་པ་ཡིན་པ་སུས་ཀྱང་བསྙོན་མི་ནུས།
          (༤) ཡུལ་གང་རུང་ལ་བསྟོད་ནས་རང་གི་གནས་ལུས་ལོངས་སྤྱོད་སོགས་ལ་ཡི་རང་བརྗོད་པ།
          མིའི་རིགས་ཀྱི་རྩོམ་འབྲི་ཐབས་ཀྱི་སྒྱུ་རྩལ་ལ་རྣམས་གྲངས་འདི་ཙམ་མོ་ཞེས་སུས་ཀྱང་བརྗོད་མི་བཏུབ་ཅིང་། དེའི་རྒྱུ་མཚན་ཡང་མིའི་ས་རིགས་ཀྱི་རྣམ་རྟོག་གི་ཡོ་ལང་ལ་བརྗོད་དུ་མེད་པས་ཡིན། རྩོམ་གྱི་སྒྱུ་རྩལ་ཇི་ལྟ་བུ་ཞིག་ཡིན་རུང་དེ་དག་མི་སྤྱིའམ་བྱེ་བྲག་ཆེ་གེ་མོའི་བསམ་སྤྱོད་གང་རུང་ལ་གནས་ཡོད་པ་སླར་མཚོན་ཆེད་དུ་བཀོལ་བ་ཞེ་ཅིག་རེད། 《ཇོ་བསྟོད་སུམ་ཅུ་པ་》 ལས། འབྲོམ་སྟོན་བདག་གིས་རྭ་སྒྲེང་ལྷ་ཁང་བཞེངས། །འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས། །དགའ་ལྡན་ས་གནས་ནས་རབ་གནས་མེ་ཏོག་གཏོར། །བྱིན་རླབས་དངོས་སུ་ཕབས་ལ་གསོལ་བ་འདེབས། །⒁ལྟ་བུས་ཚིག་འགྲོས་གང་རུང་ནས་འབྲོམ་རང་ཉིད་ཀྱིས་བཏབ་པའི་རྭ་སྒྲེང་དགོན་པའི་གནས་དང་བཀོད་པ་སོགས་ལ་ཡིད་ཚིམ་དང་བསྟོད་སྨོན་བྱས་ཡོད་པ་རྟོགས་ཐུབ། ཕྱིས་ཀྱི་བཅོམ་ལྡན་རིག་རལ་(1227 - 1305)གྱི་《དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་》ལས། གསེར་གླིང་བླ་མའི་ཞལ་གྱི་བུམ་པ་ནས། ། སེམས་གཉིས་བདུད་རྩིའི་ཆུ་རྒྱུན་གུས་གསོལ་བས། ། རྡོ་རྗེ་གདན་དཔལ་ལྡན་བྱང་ཆུབ་ཆེས། །ལེགས་པར་གདམ་པ་འགྲོ་བ་སྐྱོབས་པར་བསྐུལ། །གང་ཚེ་གངས་ཅན་རྒྱལ་པོའི་བཀས་བསྐུལ་ནས། ། གུང་ཐང་སྐད་གཉིས་སྨྲ་བས་གསོལ་བཏབ་ཚེ། ། སྔོན་ནས་འཕགས་མ་སྒྲོལ་མས་ལུང་བསྟན་པ་ཕྱིར། །འདིར་བྱོན་བསྟན་པ་རྒྱས་མཛད་རྗེས་ཡི་རང་། ། མཁས་ཁྱོད་གཤེགས་དང་བཞུགས་པའི་མཆོད་རྟེན་ལའང་། །དུས་བཟང་མཁའ་ལ་མེ་ཏོག་ཆུ་རྒྱུན་དང་། ། སེམས་མེད་ལྡོག་དཀའི་ཆུ་རྒྱུན་བསྐོར་ནས་འབབ། །ཁྱོད་ཀྱི་སྤྱན་སྔར་སེམས་ཉིད་བསྐྱེད་པར་བགྱི། ། ⒂ཞེས་པའང་ཕར་བལྟས་ཚོད་ལ་ཇོ་བོ་རྗེར་བསྟོད་པ་ཙམ་དུ་སྣང་ཡང་། ཚིགས་ཤུལ་དུ་བོད་ཡུལ་གྱི་རི་ཆུའི་མཛེས་སྡུག་སོགས་ལ་ཡིད་སྨོན་དང་། ཇོ་བོ་རྗེའི་ལམ་དུ་ཚུལ་བཞིན་ཞུགས་ཐུབ་པར་བྱུང་བའི་ཡི་རང་། དེ་བཞིན་ནག་ཚོ་ལོ་ཙཱ་བའི་བཀའ་དྲིན་པ་སོགས་ཀྱང་གོ་ཐུབ་པ་འདི་འདྲའི་བསྟོད་སྨོན་རྩོམ་རིག་གི་བརྗོད་དོན་སྟོན་ཚུལ་མི་འདྲ་བ་དག་ཀྱང་སྔ་མ་སྔ་མའི་བསྟོད་རྩོམ་དག་རྨང་གཞིར་བྱས་པ་རྟོགས་ཐུབ། གཞན་ཡང་བསྟོད་སྨོན་རྩོམ་རིག་དག་གི་ནང་དུ་རྣམ་ཐར་དང་། ལོ་རྒྱུས་སོགས་ཀྱི་བརྗོད་དོན་སྟོན་པ་མང་བས། དེ་དག་གི་བརྗོད་བྱ་དོན་གྱི་ལུས་ཀྱང་ཅུང་ཟད་དབྱེ་དཀའ་བའི་ཚུལ་དུ་ཡོད། འདི་འདྲའི་སྐོར་ཤིན་ཏུ་མང་བས་ཡོད་ཚད་འབྲིར་མི་བཏུབ་ཅིང་། གཞན་ཡང་བསྟོད་པའི་ལམ་ནས་བཀྲ་ཤིས་པ་དང་གཡང་འགུག་པ། འདོད་དོན་འགྲུབ་པར་བསྐུལ་བ་སོགས་མང་ངོ་། 《མེ་ལོང་མ་》ལས་བསྟན་པའི་རྒྱན་གྱི་རྣམ་གྲངས་མང་པོ་ཞིག་མེད་པའི་“བཀའ་གདམས་པའི་རྩོམ་རིགས”ལ་གོ་བདེ་ངེས་སླ་སོགས་ཀྱི་དགེ་མཚན་ལྡན་ཡང་། རྩོམ་རིག་གྱི་སྒྱུ་རྩལ་བཀོལ་ཐབས་སོགས་ཀྱི་ཐད་ལ་ཕྱིས་ཀྱི་རྩོམ་རིག་དང་བསྡུར་ན་དེ་ཙམ་གྱིས་ཕུན་སུམ་ཚོགས་པོ་མིན་པའང་རྟོགས་ཐུབ་པས། འདི་ནི་མིའི་རིགས་སྤྱིའི་རྩོམ་རིག་གི་འཕེལ་འགྲོས་ཀྱང་ཡིན། དེས་ན་ང་ཚོས་“བཀའ་གདམས་པའི་རྩོམ་རིགས་”ཀྱི་ནང་དོན་དང་རྣམ་པ་ཟུང་ལས་གསལ་པོར་རྟོགས་ཐུབ་པའི་གནད་དོན་ཞིག་ནི། བོད་ཀྱི་དུས་སྐབས་མི་འདྲ་བ་སོ་སོའི་རྩོམ་རིགས་ཀྱི་བརྗོད་དོན་ཁ་གསལ་མིན་ནི། ཀློག་པ་པོའི་མཐོང་ཐོས་རྒྱ་ཆེ་མིན་དང་འབྲེལ་བ་ངེས་ཅན་ཞིག་མཆིས། གཙོ་བོ་བཀླག་བྱའི་བརྩམས་ཆོས་དེ་དག་གནས་སྐབས་གང་གི་ཀློག་པ་པོ་མི་འདྲ་བ་སོ་སོའི་ངག་སྦྱོར་དང་ཁད་ཐག་ཉེ་མིན་དང་། རྣམ་པའི་སྒྱུ་རྩལ་བཀོལ་ཐབས་ཕུན་སུམ་ཚོགས་མིན་ཟུང་ལ་རག་ལུས་པ་དེ་ཡིན། གནའ་རྩོམ་གོ་དཀའ་བ་ནི་གཙོ་བོ་མིང་བརྡ་ཐ་སྙད་ཀྱིས་དང་། མེ་ལོང་མའི་དུས་ཀྱི་བརྩམས་ཆོས་མང་དག་ཅིག་གི་དཀའ་བ་ནི་གཙོ་བོ་སྒྱུ་རྩལ་བཀོལ་ཐབས་ཆེས་ཕུན་སུམ་ཚོགས་པས་ཡིན་ནོ།
          ༢ བསླབ་བྱ།
           “བཀའ་གདམས་པའི་རྩོམ་རིགས”ཁྲོད་ནས་བསླབ་བྱའི་རྩོམ་གྱི་དོན་སྟོན་ཚུལ་ལ་བཙན་པོའི་དུས་དང་《སྙན་ངག་མེ་ལོང་མ་》ཡི་རྩོམ་འབྲིའི་སྒྱུ་རྩལ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་དུས་ཀྱི་བསླབ་བྱའི་རྩོམ་རིག་དང་བསྡུར་བ་བྱས་ན། ཚེ་ཚེ་ར་དང་འབའ་འབའ་ལུག་བཞིན་ངོ་རྟགས་ཆོད་བདེ་བའི་ཚད་དུ་ཡོད། འོན་ཀྱང་ཕྱིས་ཀྱི་བཀའ་གདམས་པ་དག་གི་རྩོམ་རིགས་ལ་དེ་འདྲའི་ཁྱད་ཆོས་མི་ལྡན་ཞིང་། དེ་ཡང་གཙོ་བོ་སྐད་བརྡ་དང་སྒྱུ་རྩལ་སོགས་ཀྱང་འདུས་བྱས་གཞན་དང་འདྲ་བར་འགྱུར་བའི་རང་བཞིན་ལྡན་པས་ཡིན་ལ། མིའི་འདུ་ཤེས་དང་བྱེ་བྲག་རྩོམ་པ་པོ་རྣམས་ཀྱི་རྩོམ་འབྲིའི་ཐབས་རྩལ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་སོགས་ཀྱིས་ཀྱང་རེད། བསླབ་བྱ་ནི་ཁ་ཏ་བྱེད་པ་དང་དོན་འདྲ་ཡང་ཁ་ཏ་ལ་བཟང་པོའི་ཁ་ཏ་དང་ངན་པའི་ཁ་ཏ་གཉིས་སུ་ཡོད་ཅིང་། བསླབ་བྱ་ནི་བསླབ་པར་འོས་པའི་གནས་ལ་གོ་བས་བཟང་པོའི་ཁ་ཏར་ངེས་ཤིང་། དེ་དག་སྒྱུ་རྩལ་གྱི་ཐབས་འདྲ་མིན་ལ་བརྟེན་ནས་ཡི་གེར་ཕབ་པ་དག་ལ་བསླབ་བྱའི་རྩོམ་རིག་ཅེས་སུ་བརྗོད།
          བསླབ་བྱ་ཞེས་པའང་འདས་པས་མ་འོངས་སྟོན་པ་ཞིག་ལ་ཟེར་ཏེ། འདས་པའི་དཔེ་ལ་བརྟེན་ནས་མ་འོངས་པའི་སྒོ་གསུམ་གྱི་སྤྱོད་པར་ཡར་བསྐུལ་བྱེད་པ་ཞིག་རེད། དེ་ཡང་ཡིན་ཏེ། དཔེ་ཞིག་ལེན་དགོས་ན་འདས་ཟིན་པའི་དོན་གང་ཞིག་འདྲེན་པ་ལས་མ་འོངས་པ་ད་དུང་མ་སླེབས་པས་དེ་ལས་མཚོན་བྱེད་ཀྱི་དཔེ་ཞིག་ལེན་ཐབས་བྲལ། ད་ལྟ་བ་ཡང་བཏགས་པ་བ་ཙམ་ལས་ད་ལྟ་བ་མཚན་ཉིད་པ་ཞིག་མེད་པ་ནི་སྣོད་བཅུད་དང་དེ་ལས་བྱུང་བའི་འགུལ་སྐྱོད་ཇི་ཡོད་བྱུང་བ་དང་འཇིགས་པ་གཉིས་དུས་མཉམ་ཡིན་པས་རེད། དཔེ་དེ་ལ་ཡང་གཙོ་བོ་དཔེ་བཟང་པོས་བསམ་སྤྱོད་ངན་པ་ཟློག་པ་དང་ངན་པས་ངན་པ་འགོག་པའམ་ངན་པས་བཟང་པོར་བསྐུལ་བ་བཅས་གཉིས་ཡོད། འབྲོམ་གྱིས་《 ཞང་འཕྲང་ཁ་བེར་ཆུང་ལ་གདམས་པ་》ལས། འདོད་ཆུང་ཆོག་ཤེས་ང་རྒྱལ་མེད་པ་དང་། །གཞན་དང་འབྲེལ་བསྐྱུངས་རང་ལ་ངན་ཤོས་བྱ། ། དམན་ས་བཟུང་ན་སླར་ཡང་གཞན་དག་དང་། །རང་ཡང་ཉོན་མོངས་མི་གསོག་དགེ་སྤྱོར་འཕེལ། །⒃ལྟ་བུ་ཡང་རང་གི་མྱོང་གོམས་དང་མཐོང་ཐོས་གཞིར་བཟུང་ནས། ཅི་དང་གང་ལའང་འདོད་ཆུང་ཆོག་ཤེས་པས་ལུས་སེམས་བདེ་བ་དང་། གཞན་དང་འབྲེལ་བ་མང་དྲགས་ན་འཁོན་པའི་རྒྱུ་རུ་འགྲོ་བ། རང་ཉིད་དམན་ས་བཟུང་ཞིང་ཁེ་དང་རྒྱལ་ཁ་གཞན་ལ་ཕུལ་ན་རྒྱལ་ཁམས་བདེ་བའི་རྒྱུ་ཡིན་པ་སོགས་ཞང་འཕྲང་ཁ་བེར་ཆུང་ཙམ་མ་ཟད། འཕྲིན་ཡིག་འདི་ཉིད་མཐོང་ཐོས་བྱུང་རིགས་ཀུན་ལ་གོ་བདེའི་སྒོ་ནས་གདམས་པ་འདི་འདྲ་ལ་དོན་གྱི་བཅུད་ཚོ་ཡང་སྒྱུ་རྩལ་གྱི་ཁ་སྟབས་ཅུང་ཞན་པ་ཡིན་སྙམ། རྒྱུ་མཚན་ནི་བསླབ་བྱ་ནི་གཞན་གྱི་ཡིད་སེམས་འགུལ་ཐུབ་པ་ཞིག་བྱུང་ན་ད་གཟོད་བསླབ་བྱའི་དོན་གོ་ཆོད་པས། འདི་འདྲའི་རང་བཞིན་བརྗོད་པའི་ལམ་ནས་དྲངས་པའི་བསླབ་བྱ་དག་གིས་གང་ཟག་ཁྱད་པར་བ་འགའ་ཞིག་ལ་མ་གཏོགས། ཕལ་ཆེར་ཞིག་ལ་ཕན་ནུས་ཐོན་ཆུང་བ་ཡིན་སྙམ།
          པོ་ཏོ་བ་རིན་ཆེན་གསལ་གྱི་《 བེའུ་བུམ་སྔོན་པོ་》ལས། མཛངས་མ་བུ་གཞོན་ཇི་ལྟར་སྐྱོང་བཞིན། །འཇུ་བའི་ཚོད་དང་སྦྱར་བར་འབྱིན་བྱ། །ཆེ་བཟང་སྔོན་དུ་བྱིན་ན་འཆི་འགྱུར། །གོང་དུ་འཕེལ་བ་ཤིན་ཏུ་རིངས་ཀྱང་། །དེ་ལྟར་སྐྱོངས་ལས་གཞན་པའི་ཐབས་མེད། །⒄ཅེས་དང་། མང་པོ་མི་བཙལ་བཙལ་བ་སྲོག་བསྡོ། །བློ་མ་སྦྱངས་པས་མང་དུ་མི་རུང་། །ད་ལྟའི་ངེས་ལུགས་སྟོན་དབྱར་གླང་འདྲ། །ཀུན་ལ་སྣས་སྣོམ་གང་ལའང་མི་འཇུག །⒅ལྟ་བུ་ནི་དཔེ་དུ་མས་དོན་གཅིག་ལ་གསལ་སྐྱོར་བྱས་ཏེ་བསྟན་པས། ཉན་པ་པོ་རྣམས་ཀྱི་སེམས་ལ་རབ་ཏུ་སིམ་ཐུབ་ཅིང་དེ་ལས་བླང་དོར་གྱི་ངེས་ཤེས་གསར་པ་ཡང་མི་ཉུང་བ་ཞིག་འབྱུང་ཐུབ་པ་ཡིན། དཔེ་དེ་ཡང་ཉན་པ་པོའི་བློ་ཚོད་ལས་བརྒལ་ཏེ་ཆེ་ཆེ་དང་རྫིག་རྫིག་བྱ་མི་རུང་སྟེ། གདམ་སའི་ཡུལ་གྱི་སྒོ་ལྔའི་ཡུལ་དུ་གྱུར་མྱོང་བའམ། དེའི་བསམ་ཚོད་ཀྱི་ལྟོ་བར་འཇུ་ཐུབ་པ་ཞིག་བྱུང་ན་ནི་ལེགས་རབ་ཡིན་ལ། བསླབ་བྱའི་ནུས་པའང་ཐོན་མྱུར་བ་དང་བོགས་ཆེ་བ་ཞིག་ཡིན་པ་ནི་དེའི་སྒྱུ་རྩལ་གཏོད་ཐབས་ཁྱད་པར་བ་ལས་བྱུང་བ་ཡིན། གོང་གི་མཛངས་མས་བུ་གཞོན་ཇི་ལྟར་སྐྱོང་བ་དང་སྟོན་དབྱར་གླང་གིས་ཀུན་ལ་སྣས་སྣོམ་ཡང་བ་ཤེད་མ་ལངས་བར་དུ་ཅི་ཡང་མི་ནུས་པའི་དཔེ་ལྟ་བུ་ནི། འཚོ་བའི་རང་བཞིན་གྱིས་ཕྱུག་པས་ཉན་ཀློག་པ་རྣམས་ལ་གོ་བདེ་ལ་ངེས་ཀྱང་བདེ་བ། ཡིད་ཀྱི་དང་བ་འདྲེན་ཞིང་སེམས་ལ་ཕན་ཆེ་བ་ཡིན་ནོ། དེས་ན་པེ་ལིན་སི་ཅི་ཡིས་ཀྱང་། “དོན་དམ་སྒྱུ་རྩལ་རྩོམ་རིག་ནི་དུས་ནམ་ཡིན་རུང་ཟོལ་མེད་དང་། རྣལ་མ། མད་པའི་ཐབས་ཀྱིས་ཀློག་པ་པོའི་ཡིད་འགུག་པ་ཞིག་ཡིན་”⒆ཞེས་གསུངས་སོ།
          བསླབ་བྱའི་དོན་གཅིག་ལ་དཔེ་དུ་མས་ཡང་ཡང་བསྐོར་བ་ནི་གནས་ལུགས་གསེད་བཀྲོལ་རྒྱ་ཆེ་ཞིང་ཉན་པ་པོའི་དོ་སྣང་བྱེད་ཤུགས་ཆེ་རུ་འགྲོ་བ། དེ་ལ་བརྟེན་ནས་དཀར་ནག་གི་མཚམས་ལས་འདའ་ས་དཀའ་ཞིང་། བསླབ་བྱའི་དོན་ཡུན་རིང་སེམས་ལ་ངེས་ཐུབ་པ་སོགས་ཀྱི་ནུས་པ་ཡོད། པོ་ཏོ་བ་རིན་ཆེན་གསལ་གྱི་《དཔེ་ཆོས་རིན་ཆེན་སྤུངས་པ་》ལས། མི་ཚེ་ཆུད་ཟོས་སུ་མ་བཏང་བར་ངེས་པར་སྙིང་པོ་ལེན་དགོས་པའི་གདམས་པ་ལ། མཁར་ཐོག་རྩྭ་དང་རུས་སྦལ་མགྲིན། །ཁབ་རྩེར་ཡུངས་དཀར་ཆགས་ལ་སོགས། །ཉིན་དཀར་ཆང་གི་སྦང་མ་བཞིན། ། སྲིན་འབུས་ཕྱག་འཚལ་རྐྱང་ལ་གཞོན། །ཆུ་བོའི་བུ་འདྲ་ལོ་རྡེང་བུ། ། ཤ་བོ་ངལ་འདྲ་སོ་ཁའི་མཁར། །བྱིས་པའི་སྣེ་ཟན་གཙང་པའི་ཉ། །ཕ་མེས་བཀུག་སྟེ་ཆུ་དང་ནགས། །བྱི་ཁྲ་བྱ་གླག་ཕོ་རོག་དང་། རྨིག་པ་འཕྱི་བ་གྱག་འཐབ་དང་། སྐྱེ་ཀ་བྱི་བ་ཁུག་རྟ་རྣམས། །གསེར་སྣོད་ངན་སྐྱུགས་འཕྱག་པ་འདྲ། །རྫ་ཁུར་ལ་ཆ་གྲང་མོ་བཞིན། །⒇ཞེས་དཔེ་ཉི་ཤུ་རྩ་བརྒྱད་བསྟན་པ་དེ་དག་འཚོ་བ་དངོས་ནས་བྱུང་ཞིང་། གསོན་ཉམས་ལྷག་པར་དོད་པས་དགོད་བྲོ་ལ་ངུ་ཡང་འདོད་པ། མིག་གིས་མངོན་སུམ་མཐོང་མྱོང་བ་བཞིན་བློ་རུ་དོན་སྤྱིའི་ཚུལ་གྱིས་ལམ་ལམ་འཆར་ཡོང་བ་ཞེ་ཅིག་ཡིན་པས། དེ་དག་ལ་བརྟེན་ནས་ཉན་པ་པོ་ཆུ་ནང་དུ་འོ་མ་ཇི་བཞིན་བསམ་སྤྱོད་ཀྱི་སྤུ་མདོག་འགྱུར་འགྲོ་རྒྱུ་ཡོད། 《དཔེ་ཆོས་རིན་ཆེན་སྤུངས་པ་》ལས་འདི་འདྲའི་དཔེ་འདྲ་མིན་རྣམ་གྲངས་དྲུག་བརྒྱ་དྲུག་ཅུ་ལྷག་བསྟན་ཡོད་པས། དེ་ནི་བོད་ཀྱི་དཔེ་ཆོས་ཀྱི་མཛོད་ཆེ་ཤོས་ཡིན་ཞེས་བརྗོད་ཆོག་ལ། པོ་ཏོ་བ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་དཔེ་ཆོས་མཛོད་ཀྱི་ལྡེ་མིག་འཛིན་པོ་དང་དེའི་སློབ་མ་དགེ་བཤེས་བྲབ་པ་སོགས་ནི་དཔེ་ཆོས་བསྡུ་སྒྲིག་པོ་ཐོག་མ་ཡིན་ཞེས་བརྗོད་ཆོག་སྙམ།
          སྤྱིར་གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན་ཡང་བསམ་སྤྱོད་དམན་པ་ལ་ཕན་པ་ལས་གནོད་པ་མང་སྙམ་སྟེ། དཔེར་ན། 《བེའུ་བུམ་སྟོན་པོ་》ལས། དགེ་དང་མི་དགེའི་ལས་རྣམས་དག་ནི། ། རྣམ་སྨིན་རྒྱུ་མཐུན་བརྒྱུད་པ་དག་གིས། གོང་ནས་གོང་དུ་ཤིན་ཏུ་འཕེལ་ཕྱིར། །ཐར་ལ་ཤིན་ཏུ་ཉེ་དང་རིང་འགྱུར། །དེ་བས་དགེ་ལ་ཤིན་ཏུ་གོམས་བྱ། །21ལྟ་བུ་དག་ནི་བསླབ་བྱའི་སྒྱུ་ཐབས་མ་བཀོལ་བས་དབང་པོ་རབ་དང་ཉེས་པ་ལས་སླར་ལྡོག་པའི་སེམས་ཤུགས་ཆེན་པོ་ཅན་ཡིན་ན་མ་གཏོགས་སྐྱེ་བོ་ཕལ་གྱི་རྒྱུད་ལ་ཕན་ནུས་ཐོན་ཞན་པའམ་དཀའ་བ་ཡིན། བཀའ་གདམས་རྙིང་མ་བ་ཚོའི་བསླབ་བྱའི་རྩོམ་ཡིག་ཕལ་ཆེ་བ་ནི་དོན་གྱི་སྙིང་པོ་ལ་ཚིག་གི་རྒྱན་ཆ་ཅུང་ཟད་ཉུང་ཞིང་། རྗོད་བྱེད་ཀྱི་ཚིག་ཀྱང་གསར་རྙིང་བསྲེས་མ་ལྟ་བུ་ཡིན་པ་ལ་ཡུལ་སྐད་ཀྱིས་ཅུང་ལྷད་པ། ལྷག་པར་དཔེ་རྣམས་ཕལ་ཆེ་བ་འཚོ་བ་དངོས་དང་ཁད་ཐག་ཉེ་བ། དེ་དག་ཀྱང་མཐོང་ཐོས་ཇི་ཡོད་བྱིས་པས་ཉ་སྦལ་འཇུ་བ་ལྟ་བུ་མ་ཡིན་པར་མཚོན་ཤུགས་ཆེ་བའི་རིགས་ཞེ་ཅིག་ཡིན། གཤམ་དུ་བཀའ་གདམས་པའི་བསླབ་བྱའི་རྩོམ་རིག་ལས་རྩོམ་རིགས་གཞན་དང་སྤྱི་མཐུན་དུ་ཡོད་པའི་ཁྱད་ཆོས་ཕུད་དམིགས་བསལ་གྱི་ཁྱད་ཆོས་འགའ་ཞིག་སྡོམ་ཚིག་ཏུ་བཀོད་ན།
          (༡) ཕལ་ཆེར་འཇིག་རྟེན་པའི་འཚོ་བ་ལས་བོད་རང་གི་འབྲོག་པའི་འོ་དྲི་དང་ཞིང་པའི་རྩམ་དྲི་བྲོ་བ།
          (༢)མཐོང་ཆོས་སུ་གྱུར་བའི་བྱ་རི་དྭགས་དང་སྒོ་ཕྱུགས་སོགས་ཀྱི་དམིགས་བསལ་རང་གཤིས་གཟུགས་སུ་མངོན་པ།
          (༣) བཅོས་ལྷད་དང་འུད་ཤོབ་མེད་པས་བབ་ཆགས་པ།
          (༤)ཉན་འདོད་ཅིང་སེམས་ལ་ཕན་ཆེ་ལ་གཏན་ཚིགས་ཀྱི་ནུས་པའང་ཆེ་བ།
          (༥) དགོད་བྲོ་ངུ་འདོད་སོགས་ཀྱི་འདུ་དྲག་པོ་སྟེར་བ་སོགས་སོ།
          ༣ དཔེ་ཆོས།
          དཔེ་ཆོས་ལ་རབ་བཏགས་དང་རབ་བཏགས་མ་ཡིན་པ་གཉིས་ཡོད་པ་ལས་“བཀའ་གདམས་པའི་རྩོམ་རིགས་”དག་ལ་འཁོད་པའི་དཔེ་ཆོས་ནི་ཕལ་ཆེར་ཕྱི་མའི་ཁོངས་སུ་གཏོགས་པ་ཡིན།“བཀའ་གདམས་པའི་རྩོམ་རིགས”ལ་མདོ་རྒྱུད་བསྟན་བཅོས་དག་ལས་བྱུང་བའི་དཔེ་ཆོས་ཀྱི་རིགས་དང་། འཇིག་རྟེན་པ་ལས་གསན་ཅིང་དགོངས་པ་གཉིས་ལས་ཕྱི་མས་བཟུང་བའི་གྲངས་མང་ཞིང་སློབ་གསོའི་རིན་ཐང་ཆེ་ལ། གནས་བབས་ཀྱང་མཐོ་བར་སྙམ། དེའི་མཚོན་བྱེད་ཀྱང་པོ་ཏོ་བས་གང་ཟག་གཞན་དང་གཞན་ལ་དུས་གཞན་དང་གཞན་དུ་གསུངས་པའི་དཔེ་ཆོས་རྣམས་དགེ་བཤེས་བྲག་དཀར་བས་བསྒྲིགས་པ་རྒྱས་པ་དང་། ལྕེ་སྒོམ་པ་ཤེས་རབ་རྡོ་རྗེས་བསྒྲིགས་པ་འབྲིང་པོ། དགེ་བཤེས་བྲབ་པས་བསྒྲིགས་པ་བསྡུས་པ་བཅས་དང་། དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་《 དཔེ་ཆོས་ལ་ཉེ་བར་མཁོ་བའི་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་》སོགས་རེད།
          གཙང་པའི་ཉ་ཞེས་པ་ནི་འོ་སྐོལ་གཙང་པའི་ཨ་ར་བ་ཚན་ཅིག་གིས་དབུས་སུ་ཉའི་ཚོད་མ་བྱས་པས། གཅིག་ནི་ནད་ལ་བརྒྱབ་སྟེ་སྐྱུག་སྐྱུག་འདྲ་སྟེ་སྐེ་ལྷམ་སྒྲོག་གིས་བསྡམས་པས་གནས་མོ་ན་རེ། དེ་ཙུག་བྱེད་པ་ཅི་ཡིན་ཟེར་བས། ཁོ་ན་རེ། སྐྱུག་ཏུ་འཕངས་པ་ཞིག་སྐྱུག་པར་གདའ་ཟེར།22དབང་ཡོད་ན་ཞེས་པ་ནི་སྔགས་པ་གཅིག་སློབ་མ་ཀུན་ལ་ཁ་སྐད་ལ་རང་ཅིག་ཤི་ཙམ་ན་རིག་འཛིན་གྱི་སར་འགྲོ་བ་ཡིན་གྱིས་ཟེར་བ་ལ། དེར་ཁོ་རང་འཆི་ནད་ཀྱིས་ཐེབས་ནས་སློབ་མ་ཀུན་གྱིས་སློབ་དཔོན་དག་གྲོངས་ཀྱང་རིག་འཛིན་གྱི་སར་གཤེགས་ཏེ། འོ་ཅག་སྡུག་བྱས་ན་བྱས་པས། སྔགས་པ་ན་རེ། ང་རང་ལ་དབང་ཡོད་ན་དག་རིག་འཛིན་ས་བས་འདི་རང་དགའ་སྟེ་ཟེར་ལོ།23མདོ་ཁམས་སུ་བུ་མེད་གཅིག་ལ་ཁྱོད་སྐྱིད་པར་འདུག་གམ་དྲིས་པའི་ལན་དུ། སྟག་རལ་ཅན་(བུ་)ཅིག་གཡས་ན་བཀྲ། གཡོ་ཞུར་ཅན་(མནའ་མ་)ཅིག་གཡོན་ན་བཀྲ། གཡུང་དྲུང་ཅན་(ཚ་བོ་)ཅིག་དབུས་ན་བཀྲ། དེ་ལྟ་བུ་ཅིག་མཐོང་ཙ་ན། ཁོ་མོ་མི་སྐྱིད་གམ་དགོངས། ཐག་རིས་ཅན་(བུ་)ཅིག་གཡས་ན་བཀྲ། ཆུ་རིས་ཅན་(མནའ་མ་)ཅིག་གཡོན་ན་བཀྲ། ཐུག་རིས་ཅན་(ཚ་བོ་)ཅིག་དབུས་ན་བཀྲ། དེ་ལྟ་བུ་ཅིག་མཐོང་ཙ་ན། ཁོ་མོ་མི་སྡུག་སྐྱིད་དམ་དགོངས། ཞེས་ཟེར་ལོ། 24སོགས་འདི་འདྲའི་དཔེ་ཆོས་ཀྱི་སྐོར་“བཀའ་གདམས་པའི་རྩོམ་རིགས” ཁྲོད་དུ་མི་ཉུང་བ་ཞིག་ཡོད་ཀྱང་། ཐམས་ཅད་འབྲི་བའི་དགོས་པ་མེད་ཅིང་། “བཀའ་གདམས་པའི་རྩོམ་རིགས”ལ་བརྗོད་དོན་ལེགས་པར་གསེད་བཀྲོལ་གྱི་ཆེད་དུ་སྤྱོད་པའི་དཔེ་ལ་ངོ་མཚར་གྱི་ཁྱད་ཆོས་ཅི་ཡོད་དཔེ་མཚོན་གསུམ་པོ་དེའི་སྟེང་ནས་རྟོགས་ཐུབ་སྙམ། གང་ལྟར་དཔེ་ཆོས་དེའི་གྲས་ལ་ལར་དོན་དང་མཐུན་པའི་མིང་རེ་ཡོད་པས་ངག་ཏུ་ཁྱེར་བདེ་བ་མིང་ནས་བོས་པས་དོན་ཡིད་ལ་འཆར་ཐུབ་པ་ནི་གཙང་པའི་ཉ་དང་། ཁ་ཤ་ཞོ་སྙིང་བལ་མིག ཨ་ཕའི་ཁ་ཆེམས། ཆུ་ལ་བོང་བུ་ལྟ་བུ་སོགས་རེད་ལ། དཔེ་ཆོས་ཁ་ཅིག་ལ་མིང་བཏགས་མེད་པ་དང་ལ་ལར་མིང་ཡོད་ཀྱང་དཔེ་ཆོས་ཀྱི་བརྗོད་དོན་སྙིང་པོ་རྟོགས་པ་ལ་དེ་ཙམ་འཚམ་པོ་མེད་པ་ཡང་འདུག་པས་དེ་དག་ལ་འོས་མཐུན་གྱི་མིང་རེ་དགོས་རྒྱུ་ནི་འཕྲོས་དོན་ཙམ་མོ།
          (༡)དཔེ་ཆོས་འདི་དག་བོད་རིགས་ཀྱི་འཚོ་བའི་ཁྲོད་དུ་དུས་གང་ཞིག་གི་ཚེ་དངོས་སུ་བྱུང་ཡོད་ནའང་ཆོག བྱུང་མྱོང་མེད་ནའང་རུང་། གང་ལྟར་བོད་པ་ཞིག་གིས་བལྟས་ཤིང་བསམས་ན་མི་གོ་རྒྱུ་ཅི་ཡང་མེད། རྒྱུ་མཚན་ནི་དཔེ་དེ་དག་བོད་མིའི་འཚོ་བའི་ཁྲོད་དུ་བྱུང་མྱོང་བའམ་འབྱུང་སྲིད་པ་ཞེ་ཅིག་ཡིན་པས་རེད། དེ་འདྲའི་དཔེ་ལ་བརྟེན་ནས་དོན་དཀའ་སླ་ཇི་འདྲ་ཞིག་ཀྱང་བློ་ཡིས་བཅལ་ན་གཞལ་ཐུབ་པ་མངོན་སུམ་ཚད་མས་གྲུབ་པ་ཡིན་ནོ།
          (༢)དཔེ་དེ་དག་ཀྱང་གོ་བདེ་ཞིང་བསམ་སླ་བ་ཁོ་ན་མ་ཡིན་གྱི། ད་དུང་ཁ་མཚར་ལྟ་བུའི་དགོད་བྲོ་ཞིང་ཡིད་ཀྱིས་ཡང་ཡང་མྱོང་འདོད་སྐྱེ་བ་དང་། དེ་ལྟར་མྱངས་པས་ཡིད་ལ་མངར་སྐྱུར་ཁ་བ་སོགས་སིམ་གདུང་གི་ཚོར་བ་ཅི་རིགས་དྲག་ཏུ་འཕྱོ་ཞིང་། དུས་ཡུན་རིང་པོ་སོང་ཡང་བརྗེད་དཀའ་བ་དང་མི་གཞན་ལ་ཡང་རྟག་ཏུ་བརྗོད་དུ་སྤྲོ་བས། ཚེ་ཚེ་རབས་རབས་སུ་ངག་ནས་ངག་ཏུ་བརྒྱུད་སྤྲོད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཀྱང་མངོན་ནོ།
          (༣)དཔེ་དེ་རྣམས་ཀྱང་གོ་སླ་གཏན་ཚིགས་ཀྱི་རང་བཞིན་བྲལ་བ་སེའུ་ལྔ་པའི་གཏམ་ལྟ་བུ་མ་ཡིན་པར་དཔེ་གཅིག་ལས་དོན་དུ་མ་རྟོགས་པ་དང་། དཔེ་སེམས་ལ་ངེས་པས་དོན་གྱིས་སྙིང་པོ་རང་སྟེང་དུ་འབབ་ཐུབ་པ། དཔེ་དྲན་པས་དོན་ཧར་གྱིས་བཞེངས་ཡོང་བ། དཔེ་ནང་གི་མི་དང་སྲོགས་ཆགས་ལ་སོགས་པའི་སྐད་ཆ་དང་སྤྱོད་པ་རྣམས་མངོན་སུམ་མིག་མདུན་དུ་འཆར་ཡོང་བ་སོགས། བགྲེས་སོང་མྱོང་བ་ཅན་ཞིག་གིས་ཉན་པ་པོ་དང་བཅས་པ་ལ་གནའ་གཏམ་གླེང་བཞིན་པ་འདྲ་བ་སོགས་ཀྱི་ཁྱད་ཆོས་ཀྱང་ཅི་བས་མང་ངོ་།
          (༤)གཏམ་དཔེ་མེད་ཤོད་དཀའ་བ་བོད་པའི་ངག་སྦྱོར་གྱི་ཁྱད་ཆོས་ཡིན་ཡང་། དཔེ་དོན་ཕན་ཚུན་གོ་སྦྲེལ་མ་སྦྲེལ་གྱི་ཁྱད་པར་ཆེན་པོ་ཡོད་པ་གནའ་དེང་རྩོམ་རིགས་དག་ལ་བལྟས་པས་ཤེས་ཤིང་། དཔེ་བསྟན་པའི་དགོས་པ་ཡང་སླ་བས་དཀའ་བ་རྟོགས་བྱེད་དམ། མྱོང་བས་མ་མྱོང་བ་ཞིག་འགྲོལ་ཆེད་ཡིན་པས་“བཀའ་གདམས་པའི་རྩོམ་རིགས་”དག་ལས་བྱུང་བའི་དཔེ་ཕལ་ཆེ་བར་དེ་འདྲའི་གནད་ཚང་འདུག
          (༥) དཔེ་དེ་དག་ཀྱང་གསུང་བ་པོ་དང་ཉན་པ་པོ་བློ་རབ་འབྲིང་ཐ་གསུམ་གང་ཞིག་ཡིན་ཡང་དེ་དག་གི་ཡིད་ལ་དེ་འདྲའི་དཔེ་ཞིག་སྲིད་དམ་སྙམ་པའི་དོགས་པ་ཅུང་ཟད་ཀྱང་འཆར་མི་སྲིད་པ་ནི་འཚོ་བའི་སྣུམ་དྲི་བྲོ་བའི་ཁྱད་ཆོས་དང་། སྒྱུ་རྩལ་གྱི་ཟོལ་མེད་དང་། ལྷག་བསམ། མཛེས་སྣང་གསུམ་ཕྱོགས་ཀྱི་གོང་བུ་གཅིག་ཏུ་བསྟིམས་ནས་ཐིམ་པའི་ཁྱད་ཆོས་ཀྱིས་ཡིན། དེ་དག་ནི་“བཀའ་གདམས་པའི་རྩོམ་རིགས”ལ་མཆིས་པའི་ཁྱད་ཆོས་མང་དག་ལས་ཆེད་དམིགས་བསལ་བ་འགའ་ཞིག་ཡིན་སྙམ།
          གཉིས་པ། རྗོད་བྱེད་ཚིག་གི་ལུས་དང་སྐད་བརྡ་སོགས་ཀྱི་སྐོར།
          “བཀའ་གདམས་པའི་རྩོམ་རིགས་”ཀྱི་སྐད་བརྡའི་ཁྱད་ཆོས་ལ་བསམས་ན་སྤྱིར་རྩོམ་པ་པོ་སོ་སོའི་ཡུལ་སྐད་མི་འདྲ་བ་དང་། བརྗོད་བྱའི་ནང་དོན་མི་འདྲ་བ། ཡིག་ཐོག་ནས་བརྩམས་པའམ་ངག་ཐོག་ནས་གསུངས་པ་གང་ཞིག་ཕྱིས་གཞན་གྱིས་ཡིག་ཐོག་ཏུ་ཕབ་པ། བརྩམས་དུས་མི་འདྲ་བ་སོགས་ཀྱིས་རྐྱེན་པས་སྐད་བརྡའི་བཀོལ་ལུགས་ལ་ཡིག་སྐད་དང་ཡུལ་ལུང་བྱེ་བྲག་པའི་མིང་བརྡ་ཐ་སྙད་སོགས་ཅུང་ཟད་མི་འདྲ་ཡང་། མིང་བརྡ་དང་བརྡ་སྤྲོད་ཀྱི་བཀོལ་ལུགས་ལ་སྐབས་དེའི་སྤྱི་ཚོགས་ཀྱི་རིགས་གནས་འཕེལ་ཚད་དང་། བརྡ་སྤྲོད་ཀྱི་བྱ་བ་བྱེད་ལུགས་སོགས་སྤྱིར་ན་གཅིག་འགྱུར་ཡིན་པ་རྟོགས་ཐུབ། དེས་ན་“བཀའ་གདམས་པའི་རྩོམ་པ་རིགས་” ཀྱི་སྐད་བརྡའི་ཁྱད་ཆོས་ནི་ངེས་པར་འདི་འདྲ་ཁོ་ནའོ་ཞེས་རྡོག་རྡོག་ལག་ཏུ་ལེན་ཆོག་པ་གཅིག་སྟོན་དུ་མེད་ཀྱང་། བཙན་པོའི་དུས་ཀྱི་རྩོམ་རིགས་དང་མེ་ལོང་མའི་དུས་རབས་ཀྱི་རྩོམ་རིགས་སོགས་དང་བསྡུར་ན་རང་གི་ཐུན་མིན་ཁྱད་ཆོས་མང་དག་ཅིག་རྙེད་ཐུབ་པ་ཡིན་སྙམ།
          ༡ བརྡ་སྤྲོད་ཀྱི་ཁྱད་ཆོས། 
          (༡)བཙན་པོའི་དུས་ཀྱི་རྩོམ་རིགས་དང་“བཀའ་གདམས་པའི་རྩོམ་རིགས།”
          དེ་ཡང་འདིར་སྤྱི་ལོ་821ལོར་བཞེངས་པའི་དབོན་ཞང་རྡོ་རིང་དང་“བཀའ་གདམས་པའི་རྩོམ་རིགས”ཁྲོད་ཀྱི་ལོ་ཆེན་རིན་ཆེན་བཟང་པོའི་ <<བདེ་ཆེན་ཞིང་གི་སྨོན་ལམ་>> གཉིས་དབར་གྱི་བརྡ་སྤྲོད་སྟངས་ཀྱི་ཁྱད་པར་ཅུང་ཟད་གླེང་བར་བྱ། རྒྱུ་མཚན་ནི་དབོན་ཞང་རྡོ་རིང་དེ་བཙན་པོའི་བཀས་བསྐུལ་ཅིང་ཡིག་མཁན་མཁས་པས་བྲིས་པ་བསྙོན་མེད་ཐོག་སྐབས་དེའི་སྐད་བརྡ་དང་བརྡ་སྤྲོད་ཀྱི་བཀོལ་ལུགས་སོགས་གང་གི་ཐད་ནས་ཀྱང་ཚད་ལྡན་ཡིན་པས་སོ། དེ་མིན་ཏུན་ཧོང་ཡིག་རྙིང་སོགས་ལས་འགའ་ཞིག་ནི་ཡིག་མཁན་མཁས་པ་ཡིན་མིན་ཅི་རིགས་ཀྱིས་བྲིས་པའང་ཡོད་སྲིད་ན་འདིར་བསྡུར་བའི་དཔྱད་གཞིར་མི་འཚམ་སྙམ་མོ།
          དབོན་ཞང་མོལ་བའི་རྡོ་རིང་ལས། བོད་རྒྱ་གཉིས་ཀྱི་བར། །ཙང་ཀུན་ཡོག་ཏུ་རྟ་བརྗེས་ལ། །སྩེ་ཞུང་ཆེག་དུ་……ཞེས་དང་། ཡང་དེ་ལས། གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ནས། །རྒྱལ་པོ་ཆེན་པོ་གཉིས་གྱིས་ནི་ཕྱག་རྒྱས་བཏབ། །ཅེས་དང་། གཙུག་ལག་ཆེན་པོས་ནི་ཡུནད་ཀྱི་སྲིད་བཙུགས། །ཆོས་ཁྲིམས་བཟང་པོས་ནི་ཚུལ་གནང་། །བྱམས་པའི་བཀའ་དྲིན་གྱིས་ནི་ནང་གི་ཚིས་སྦྱརད། །ཅེས་བྱུང་། ལོ་ཆེན་རིན་ཆེན་བཟང་པོའི་བདེ་བ་ཅན་གྱི་སྨོན་ལམ་ལས། རྫོགས་སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཕྲག །མེ་ཏོག་པད་ཚོའི་ཚོགས་ཀྱིས་རབ་རྒྱན་ཏེ། །སྐུ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་བཞུགས། །རྒྱལ་རྣམ་འཕྲུལ་སྙན་པའི་སྒྲ་འབྱིན་ཅིང་། །25ཞེས་བྱུང་། དེ་གཉིས་ལས་ཙང་ཀུན་ཡོག་དུ་དང་སྐུ་ཚེ་དཔག་ཏུ་མེད་པ། ཡུནད་གྱི་དང་སྒྲ་འབྱིན་ཅིང་། རྒྱལ་པོ་ཆེན་པོ་གཉིས་གྱི་དང་རྫོགས་སངས་རྒྱས་ཀྱི་ལྟ་བུར་བལྟས་ན་ཕྲད་གྱི་སྦྱོར་ཚུལ་ལམ་མིང་མཐའ་འདྲེན་ཚུལ། ད་དྲག་བསྡུས་ཟིན་མིན་སོགས་ཀྱི་ཁྱད་པར་ལྡན་པས། སུམ་རྟགས་ཀྱི་རྩ་བ་དུས་ནམ་ཞིག་ལ་བྱུང་མིན་ད་དུང་དཔྱད་དགོས་རྒྱུའི་གནད་ཡིན་མོད། སྤྱིར་བཏང་“བཀའ་གདམས་པའི་རྩོམ་རིགས་”ཀྱི་བརྡ་སྤྲོད་ལུགས་ནི་རྩ་བ་དེ་གཉིས་དང་ཁད་ཐག་ཤིན་ཏུ་ཉེ་བ་ཞིག་འདུག དེས་ན་བཀའ་གདམས་པའི་བརྩམས་ཆོས་དེ་དག་བཙན་པོའི་དུས་དང་བསྡུར་ན་《སུམ་རྟགས་》ཀྱི་གཞུང་དང་ཁད་ཤིན་ཏུ་ཉེ་ཡང་《མེ་ལོང་མ་》ཡི་དུས་དང་བསྡུར་ན་དུས་རབས་བཅུ་གཅིག་པའི་ནང་གི་ཨར་བྱང་ཆུབ་ཡེ་ཤེས(འཁྲུངས་འདས་ལོ་ཞིབ་པ་མ་རྙེད་)ཀྱི་གསུང་འབུམ་ནང་དུ་ས་མཐའི་ལྷག་བཅས་ཀྱི་ཕྲད་“ཏེ་” ཇི་ཡོད་ཀྱི་དོད་དུ་“སྟེ་”བཀོལ་བ་དང་། དོལ་བ་ཤེས་རབ་རྒྱལ་མཚན་ནམ་དགེ་བཤེས་ཡ་གད་པས་(1059 -1131)བརྩམས་པའི་《བེའུ་བུམ་སྔོན་པོའི་འགྲེལ་པ་》རུ་རྗེས་འཇུག་ང་དང་ལ་གཉིས་ཀྱི་རྗེས་སུ་རྫོགས་ཚིག་གི་ཕྲད་ཇི་ཡོད་“ལོ་”བྲིས་པ། 《བཀའ་གདམས་ཕ་ཆོས་བུ་ཆོས་》སུ་ཚིག་ཕྲད་“ཞིག”གི་དོད་དུ་“ཅིག་”བྲིས་པ་ལྟ་བུའི་ཁྱད་པར་ཡང་འདུག་གོ   ལོ་གྲགས་ཟེར་གསུམ་མ་རངས་པའི་ཚིག་ཏུ་འགྲོ་ཞེས་མཁས་པ་རྣམས་ཀྱི་གསུང་ལ་གྲགས་མོད། སྐབས་འདིའི་ཚིག་དོན་ལ་བལྟས་ན་རྣམ་པ་གཅིག་ཏུ་ན་དེ་ལྟར་ཡིན་པའི་ངེས་པ་མི་འདུག་ཅིང་། རྡོ་རིང་ངོས་སུ་རྒྱལ་པོ་ཆེན་པོ་གཉིས་གྱི་དང་བོད་རྒྱ་གཉིས་ཀྱི་བར་ལྟ་བུ་ས་མཐར་གྱི་དང་ཀྱི་གཉིས་བྱུང་བ་ནི་སྔ་མ་དག་ཆ་མ་ཐོན་པའམ་ཅི་ཡིན་བརྟག་དགོས།          (༢)མིང་བརྡ་ཐ་སྙད་ཀྱི་བཀོལ་ཁྱད།
          གཞན་ཡང་《དབོན་ཞང་མོལ་བའི་རྡོ་རིང་》ནང་ལས། ཀ། ཞལ་སྔ་ལ་ཞ་སྔ་དང་ཉི་ཟླ་ལ་གཉི་ཟླ། དགུན་ཟླ་ར་བ་ལ་དགུན་སླ་ར་བ་ལྟ་བུ་དག་ཆ་མི་འདྲ་བ་བྱུང་བ་དང་། ཁ། ཡང་དག་པར་ཡང་ཐག་པ་དང་། མན་ཆད་ལ་མན་ཅད་ལྟ་བུ་སྐྱེ་གནས་ཉེ་བའི་ཡི་གེ་(སྲོག་ཆེན་དང་སྲོག་ཆུང་) ཁ་ཅིག་གཅིག་དོད་གཅིག་གིས་བྱས་པ་དང་། ག སོགས་པ་ལ་སྩོགས་པ་དང་། རྣམ་པ་ལ་རྣམས་པ། བཙན་པ་ལ་བརྩན་པ་ལྟ་བུ་སྒྲ་དྲག་གཞན་ནམ་རྟགས་མཚུངས་སོགས་འདྲེན་ཚུལ་དབང་གིས་དང་། ང་། མྱི་དང་ཕྱི་ལྕིགས་སོགས་བརྡ་རྙིང་མང་བ་དང་། ཅ།  གཙིགས་བཅཱ་བ་དང་མཐཱ་བཞི་ལྟ་བུ་འ་མཐའ་མིང་གཞིའི་འོག་ཏུ་བཏགས་ཏེ་འབྲི་ངོས་གྲོན་ཆུང་བར་བྱེད་པའམ་ཐིག་རྒྱ་ལས་མི་འགོངས་བའི་ཕྱིར་ཡིན་པ་སོགས་མང་པོ་ཡོད། ཆ། དེ་མིན་བཙན་པོའི་སྐབས་ཀྱི་ཡིག་ཆ་མང་པོར་བསྐུངས་ཡིག་གི་འབྲི་ཚུལ་དང་། ཇ། དབྱངས་གི་གུ་ཕྱིར་ལོག་པའི་འབྲི་ཚུལ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད། “བཀའ་གདམས་པའི་རྩོམ་པ་རིགས”ནང་དུ་ཀ་དང་ཁ། ག་དང་ཅ། ཇ་བཅས་ཀྱི་ཁྱད་ཆོས་དག་ནི་མཐོང་དཀོན་པ་ཡིན། དེས་ན་བཙན་པོའི་དུས་སྐབས་དང་བསྡུར་ན་“བཀའ་གདམས་པའི་རྩོམ་རིགས་” ལ་མིང་བརྡ་དང་ཡི་གེའི་དག་ཆ་འདོན་ཚུལ་གཅིག་གྱུར་དང་། ཡི་གེའི་སྒྲ་འདོན་ཚུལ་ལས་སྒྲ་དྲག་ཞན་གྱི་ཁྱད་པར་རམ་འཕུལ་རྟེན་མགོ་འདོགས་སོགས་ཀྱི་སྒྲ་ཟུར་ཞན་དུ་ཕྱིན་པ། དབྱངས་དང་མིང་གཞི་མགོ་འདོགས་འཕུལ་རྟེན་སོགས་ཀྱི་འབྲི་ཚུགས་བརྟན་པ། རྒྱ་གར་ནས་བསྒྱུར་བའི་ཆོས་གཞུང་དག་གི་མིང་བརྡ་དག་བཀོལ་སྤྱོད་ཀྱི་གྲངས་མང་དུ་ཕྱིན་པ། ངག་སྦྱོར་ལ་ཡ་བཏགས་སོགས་ཀྱི་ནུས་པ་ལས་ཐོན་པའི་སྒྲ་འགའ་ཞིག་རིམ་བཞིན་བུད་འགྲོ་བའི་སྣང་ཚུལ་ཡང་འདུག
          (༣)ཚིག་གི་ལུས་ཁྱད།
          བཙན་པོའི་དུས་ཀྱི་རྩོམ་རིགས་ལ་རྩོམ་ལུས་བཅད་ལྷུག་སྤེལ་མ་གསུམ་དུ་གནས་ཀྱང་། ཚིག་གི་རྐང་པ་བཅད་པ་ལ་ཚིག་རྐང་དང་ཚེག་ཁྱིམ་གྲངས་མཉམ་མི་མཉམ་ལ་དེ་ཙམ་གྱི་ངེས་སྲོལ་མེད་པས། ངག་སྦྱོར་གྱི་གཉུག་མའི་རང་བཞིན་མངོན་པར་གསལ་བ་དང་། “བཀའ་གདམས་པའི་རྩོམ་རིགས”ནི་ཚིགས་སུ་བཅད་པའི་སྐབས་སུ་ངེས་སྲོལ་ངེས་གཏན་ཞིག་མཆིས་ཤིང་། ཚིག་ལྷུ་སྒྲིག་སྟངས་དང་ཚིག་ཉམས་འདོན་ཚུལ་སོགས་ལ་སྒྱུ་རྩལ་གྱི་རང་བཞིན་མཐོ་རུ་ཕྱིན་ཅིང་རྩོམ་ཚུལ་གྱི་རང་དབང་ཡང་ཅུང་ཟད་ཉུང་དུ་ཕྱིན་ཡོད། ཚིགས་བཅད་ཡིན་ན་ངེས་པར་ཚིག་རྐང་སོ་སོའི་ཚིག་ཁྱིམ་གྱི་གྲངས་མཉམ་དགོས་པའི་སྡེབ་སྦྱོར་གྱི་ངེས་སྲོལ་ཞིག་ཐོན་འདུག་པས། ཕལ་ཆེར་ས་སྐྱ་པཎ་ཆེན་མ་བྱོན་སྔོན་ནས་སྙན་ངག་མེ་ལོང་མའི་དགོངས་པ་ལ་རྒྱུས་མངའ་ཡོད་མྱོང་བའི་ལོ་ཙཱ་བ་སོགས་བྱུང་མྱོང་བའམ། ཡང་ན་བོད་རང་གི་རྩོམ་རིག་ཁྲོད་དུ་དོ་སྙོམས་པས་མིག་ལས་མཛེས་ཤིང་ངག་ལ་གྱེར་བདེ་བ། རྣ་བར་སྙན་པ་སོགས་ཕྱིའི་དངོས་པོས་ནང་སེམས་ལ་འབྱིན་པའི་ཆོས་ཉིད་བཞིན་དུ་བྱུང་བ་སོགས་ཅི་ཡིན་དཔྱད་དགོས་རྒྱུའི་གནད་ཡིན་ཡང་། ཚིག་ལུས་ཀྱི་སྒྱུ་རྩལ་སླ་བ་ནས་དཀའ་བ་དང་ངེས་སྲོལ་མེད་པ་ནས་ཚད་གཞི་ཅན་དུ་འགྱུར་བ་སོགས་ནི་མིའི་རྣམ་དཔྱོད་ཀྱི་རྩལ་དང་སྐད་བརྡའི་འཕེལ་རྒྱས། རྩོམ་འབྲིའི་སྒྱུ་ཐབས་ཕུན་སུམ་ཚོགས་སུ་ཕྱིན་པ་སོགས་ཀྱིས་ཡིན་པ་ལས། ལུག་རྗེས་བོར་ནས་ར་སྐད་སློབ་པའམ་མཁས་འདོད་ཀྱི་ཀུན་སློང་མཚོན་པ་ཙམ་ནི་མ་ཡིན་ནོ། བཙན་པོའི་དུས་ཀྱི་བརྩམས་ཆོས་དག་གི་ཚིག་ལུས་དང་། བཀའ་གདམས་པའི་བར་དུ་བརྗོད་བྱ་དོན་གྱི་སྟོན་ཚུལ་གྱི་སྒྱུ་རྩལ་དང་རྗོད་བྱེད་ཚིག་གི་སྤྱོད་ཚུལ་གྱི་རྩལ་ཐབས་སོགས་ལ་རིམ་པར་ཇི་འདྲའི་ངོ་མཚར་བའི་ཕྱོགས་སུ་འཕེལ་རྒྱས་སོང་ཡང་། དེ་དག་ཚང་མ་ནི་སྔ་མ་སྔ་མའི་རྨང་གཞི་རྒྱུན་འཛིན་ལ་བརྟེན་ནས་བྱུང་བ་ལས་རྒྱུ་མེད་རྐྱེན་བྲལ་གློ་བུར་ཐོད་བརྒལ་ལྟ་བུ་མ་ཡིན་པ་ཡང་ཤེས་དགོས་སོ།
          གསུམ་པ། 《མེ་ལོང་མ་》དར་རྗེས་ཀྱི་རྩོམ་རིགས་དབར་གྱི་མཐུན་མིན་ཆ་འགའ་ཞིག་གླེང་བ།
          《མེ་ལོང་མ》བོད་དུ་བསྒྱུར་ཅིང་རིམ་བཞིན་བོད་ཀྱི་རྩོམ་རིག་གི་གཞུང་ལུགས་སུ་གྱུར་པར་བརྟེན། རྩོམ་རིགས་སྤྱི་དང་ལྷག་པར་སྒྱུ་རྩལ་རྩོམ་རིག་གི་ཚད་གཞིའམ་ཁུངས་གཏུགས་ས་ལྟ་བུར་གྱུར། དེ་ལ་བརྟེན་ནས་སྒྱུ་རྩལ་གྱི་ཐབས་སྟོན་ཚུལ་ཕུན་སུམ་ཇེ་ཚོགས་དང་། མངོན་བརྗོད་ཀྱི་མིང་དང་བཀའ་བསྟན་རྣམས་ལས་བྱུང་བའི་མིང་བརྡ་བཀོལ་རྒྱུ་ཇེ་མང་དུ་སོང་བས། བོད་ཀྱི་རྩོམ་རིག་དེ་སླར་ཡང་སྟེགས་བུ་གསར་པ་ཞིག་ཏུ་སླེབས། 《མེ་ལོང་མ་》བོད་དུ་བསྒྱུར་ཅིང་རིང་མིན་བོད་ཀྱི་རྩོམ་རིག་གི་གཞུང་ལུགས་སུ་གྱུར་ཐུབ་པ་བྱུང་བར་རྒྱུ་མཚན་མང་ཡང་། གཙོ་བོ་《མེ་ལོང་མ་》 ལས་བསྟན་པའི་རྒྱན་གྱི་རྣམ་གྲངས་ཕལ་ཆེ་བ་ཞིག་བོད་རང་གི་རྩོམ་རིགས་ཁྲོད་དུ་མི་མངོན་པའི་ཚུལ་གྱིས་གནས་པ་དེ་དག་《མེ་ལོང་མ་》ཡི་གཞུང་ལྟར་རིགས་པའི་གཞུང་ལུགས་ཀྱིས་རྣམ་དབྱེ་དང་མཚན་ཉིད། སྒྱུ་འཕྲུལ་མཚོན་ཐབས་སོགས་ཕྱོགས་བསྡོམས་ཐུབ་པས་ཡིན། དེ་རྗེས་བོད་རང་ལ་མེད་པའི་རྒྱན་གྱི་རྣམ་གྲངས་མི་ཉུང་བ་ཞིག་ཀྱང་བོད་རང་གི་མཁས་པ་ཚོས་རང་གི་སྐད་ལ་བརྟེན་ནས་ཚུལ་བཞིན་ལད་མོར་ཟློས་པ་དང་རྣམ་དཔྱོད་ཀྱི་རྩལ་ཡང་ཡང་བསྐྱེད་པས་སྒྱུ་རྩལ་གྱི་ཐབས་དང་རྣམ་གྲངས་ཀྱང་ཇེ་མང་ཇེ་ལེགས་སུ་སོང་། དེས་ན་བོད་ཀྱི་གནའ་བོའི་རྩོམ་རིགས་སྤྱི་དང་ཁྱད་པར་“བཀའ་གདམས་པའི་རྩོམ་རིགས” ཀྱིས་《མེ་ལོང་མ་》 བོད་དུ་མགྱོགས་མྱུར་དང་ལེན་དང་རྐང་པ་ཚུགས་ཐུབ་རྒྱུར་སྔོན་ཚུད་ཀྱི་ཆ་རྐྱེན་མི་ཉུང་བ་ཞིག་བསྐྲུན་ཡོད།
          ༡ བཀའ་གདམས་པའི་རྩོམ་རིགས་དང་《མེ་ལོང་མ་》
          རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས། བཤེས་གཉེན་སྤྲིན་ལས་ལེགས་བྱུང་མང་དུ་ཐོས་པ་ཡི། །ཆར་རྒྱུན་བསིལ་བས་ཉོན་མོངས་གདུང་བ་ཞི་བྱེད་ཀྱིས། །བདེ་གཤེགས་སྙིང་པོའི་ས་བོན་རབ་ཏུ་བརླན་བྱས་ནས། །སངས་རྒྱས་ཡོན་ཏན་ཕུན་ཚོགས་ལོ་ཏོག་རབ་རྒྱས་བྱ། །26ཞེས་པར་བཤེས་གཉེན་སྤྲིན་གྱི་གཟུགས་དང་དེ་ལས་ཐོས་པའི་ཡོན་ཏན་ཆར་རྒྱུན་གྱི་གཟུགས་སུ་བཀོད་པ་དེ་སྐབས་དེ་དུས་ནི་གཟུགས་རྒྱན་ནམ་ལྡན་པའི་གཟུགས་ཅན་ཞེས་མིང་དུ་མེད་ཀྱང་སྒྱུ་རྩལ་གྱི་འཕྲུལ་ཐབས་ཡོད་པ་དང་། ཡང་ལོ་ཙཱ་བ་རིན་ཆེན་བཟང་པོའི་《དཔལ་མངོན་པར་རྟོགས་པའི་དཀའ་བའི་གནད་བཤད་པ་》ལས། གང་ཞིག་འགྲོ་བའི་བསམ་པ་དང་སྦྱར་ནས། །འདོད་ཆགས་ཞེ་སྡང་ལྷར་བཅས་སྐུར་སྟོན་ཀྱང་། །དེ་ཡི་དྲི་མས་མ་གོས་པད་མ་བཞིན། །ཐུགས་རྗེ་ཐབས་མཁས་ཁྱོད་ལ་ཕྱག་འཚལ་ལོ། །27ལྟ་བུ་དཔེ་རྒྱན་ནམ་ཡང་ན་འབྲས་བུ་འགོག་པའི་རྒྱན་དུའང་འགྲོ་བ་ལྟ་བུའི་དཔེ་གཞི་ཤིན་ཏུ་མང་། དེས་ན་སྐབས་དེའི་རྩོམ་རིགས་ཀྱི་ལུས་སྲོག་རྒྱན་སོགས་ལ་གཞུང་ལུགས་ཀྱིས་ཕྱོགས་བསྡོམས་མ་བྱས་ཀྱང་དེ་འདྲའི་རྩོམ་ལུགས་ཤིག་བོད་ལ་མེད་པ་མ་ཡིན་ནོ། སྐབས་དེའི་རྩོམ་རིགས་ལ་འདི་འདྲའི་རྩོམ་ཚུལ་ལག་ལེན་དུ་བསྟར་ཡོད་ཅིང་《མེ་ལོང་མ་》བོད་དུ་བསྒྱུར་རྗེས་བཙས་ཟིན་པའི་ཕྲུ་གུར་མིང་བཏགས་པ་བཞིན་དཔེ་གཟུགས་ཀྱི་རྒྱན་སོགས་རང་རང་གི་ཁོངས་སུ་བསྡུས་ཤིང་གསལ་བར་སྤེལ་ཐུབ་པ་བྱུང་བ་ཡིན། དེའི་རྒྱུ་མཚན་ཡང་མིའི་རིགས་ཀྱི་ཕྱི་སྣོད་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་པ་དག་ལས་བྱུང་བའི་རྣམ་རྟོག་གི་ཡོ་ལང་ཇི་ཡོད་རྩལ་ཐབས་འདྲ་མིན་ལ་བརྟེན་ཏེ་ངག་ནས་གྱེར་བའམ། ཡི་གེར་འགོད་ཐབས་ལ་ཆ་འདྲ་བ་ཤིན་ཏུ་མང་བས་སོ། གལ་ཏེ་བོད་ཀྱི་རྩོམ་ཚུལ་དང་། ཁྱད་པར་“བཀའ་གདམས་པའི་རྩོམ་རིགས་” ལ་《 མེ་ལོང་མ་》ཡི་སྒྱུ་རྩལ་བཀོལ་ཐབས་དང་མཐུན་པ་མེད་པའམ་ཡོད་དུ་ཟད་ཀྱང་རེ་ཟུང་ཙམ་ཡིན་ན། ཇི་འདྲའི་ཨུ་ཚུགས་བྱས་ཀྱང་《མེ་ལོང་མ་》ཡི་ལམ་དུ་འགྲོ་དཀའ་བ་ནི་《མེ་ལོང་མ་》 ཡི་རྩོམ་སྟངས་ཁ་ཅིག་ལས་རྟོགས་ཐུབ། གང་ལྟར་《མེ་ལོང་མ་》བོད་དུ་མ་དར་གོང་ནས་བོད་ཀྱི་རྩོམ་རིགས་ཀྱི་སྒྱུ་རྩལ་མཚོན་ཐབས་ 《མེ་ལོང་མ་》དང་ཁད་ཐག་ཉེ་ཞིང་། སྒོས་སུ་མི་རིགས་གང་གི་རྩོམ་རིགས་ཀྱང་ཐོག་མར་ངག་སྦྱོར་ཙམ་དང་རིམ་བཞིན་དེ་ཉིད་ཇི་བཞིན་ཡི་གེར་ཕབ་པ། ཡི་གེར་འབེབས་ཚུལ་དེ་ཡང་སྒྱུ་ཐབས་ཇེ་མང་དུ་སོང་བ་ཤ་སྟག་ཡིན་པས། སྤྱི་ཚོགས་ཀྱི་གནས་སྐབས་སོ་སོའི་དབང་གིས་བརྗོད་བྱའི་དོན་ལ་ཕྱོགས་སུ་ལྷུང་བ་སྲིད་པ་མ་གཏོགས། སྒྱུ་རྩལ་ནི་རང་མི་རིགས་ཀྱི་བསམ་གཞིག་དང་སྐད་དང་ཡི་གེ་སོགས་ལས་བྱུང་བའི་ཐུན་མོང་མ་ཡིན་པ་དང་དེའི་སྟེང་དུ་རིགས་གཞན་གྱི་སྒྱུ་ཐབས་ཀྱི་མངོན་ཚུལ་སྣ་ཚོགས་ཀྱང་རིམ་བཞིན་འདོར་ལེན་བྱས་པ་ལས་བྱུང་བ་ཞིག་ཡིན། “བཀའ་གདམས་པའི་རྩོམ་རིགས་” ཀྱི་སྒྱུ་རྩལ་མཚོན་སྟངས་སྣ་ཚོགས་པ་རྣམས་ཀྱང་སྔར་སོང་གི་ཉམས་མྱོང་སྟེང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་མོད། བོད་བཙན་པོའི་སྐབས་ཀྱི་རྩོམ་རིགས་དང་བསྡུར་ན་འཕེལ་རིམ་མངོན་གསལ་ཅན་དུ་སླེབས་པས། དེ་ལས་བོད་པའི་སེམས་ཁམས་ཀྱི་སྒྱུ་རྩལ་དང་། མངོན་སྟངས་ཀྱི་སྒྱུ་རྩལ་སོགས་ལེགས་པར་མཚོན་ཐུབ་པ་མ་ཟད། 《 མེ་ལོང་མ་》ཡི་དུས་རབས་ཀྱི་རྩོམ་རིགས་དང་《 མེ་ལོང་མ་》ཡི་སྒྱུ་རྩལ་དག་མ་བུ་ངོ་སྤྲོད་པ་ལྟ་བུའི་གནས་ལ་ནུས་པ་ཆེན་པོ་ཐོན་ཡོད། དེས་ན་སྒྱུ་རྩལ་བཀོལ་སྟངས་ཀྱི་ཐད་ལ་ཕན་ཚུན་གཅིག་ལ་ཡོད་པ་གཞན་ལ་མེད་པ་དང་། གཉིས་ཀར་ཡོད་པ། གཉིས་ཀར་མེད་པ་ཡང་ཡོད་པས། འདི་ནི་རྩོམ་རིགས་ཙམ་མ་ཟད་མིའི་རིགས་ཀྱི་ཤེས་རིག་ཡོད་དོ་ཅོག་གི་ཁྱད་ཆོས་ཡིན།
          ༢ བཀའ་གདམས་པའི་རྩོམ་རིགས་དང་《མེ་ལོང་མ་》ཡི་དུས་སྐབས་ཀྱི་རྩོམ་རིགས།
          རྩོམ་པ་པོ་མི་འདྲ་བ་དང་། སྐད་བརྡར་སྦྱང་གོམས་མི་འདྲ་བ་སོགས་ཀྱིས་དུས་རིམ་མི་འདྲ་བའི་རྩོམ་རིགས་ལ་སྐད་བརྡའི་ཁྱད་པར་ཡོད་པར་ཡ་མཚན་རྒྱུ་མེད་མོད། ལེགས་པར་བརྩད་ན་སྐད་བརྡའི་ཁྱད་པར་དང་སྒྱུ་རྩལ་གྱི་ཁྱད་ཆོས་དང་དེས་ཐོན་པའི་ནུས་པ། བརྗོད་དོན་རྟོགས་པའི་མྱུར་བུལ། མིའི་ཤེས་རིག་གི་འཕེལ་ཚད། ཀློག་པ་པོ་མང་ཉུང་། དེ་ལས་བྱུང་བའི་ཁྱབ་གདལ་རང་བཞིན་སོགས་ཀྱི་དབར་སྡོམ་གྱི་དྲྭ་བ་ལྟ་བུའི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད།
          “བཀའ་གདམས་པའི་རྩོམ་རིགས”ལ་སྤྱིར་ན་གོ་སླའི་ངག་སྦྱོར་གྱི་ཐ་སྙད་སྤྱད་པ་མང་། གོ་སླ་ན་དགེ་སྐྱོན་གྱི་ཆ་གཉིས་ལྡན་རུང་དགེ་བའི་ཆ་དེ་སྐྱོན་ལས་མང་བ་ཡིན། དེ་ལ་བཤེས་གཉེན་དོར་ཞིས། ལ་ལའི་ཚིག་སྦྱོར་ཆུ་དྭངས་ཉ་མོ་བཞིན། ། ལ་ལའི་ཚིག་སྦྱོར་ཆུ་རྙོག་རྡོ་མི་མཐོང་། །གབ་ཚིག་ལྟ་བུའི་དགོས་པ་གཞན་མེད་ན། །སྔ་མ་ཡོན་ཏན་ཕྱི་མ་སྐྱོན་དུ་བལྟ། །28ཞེས་གསུངས། གོ་སླ་བའི་མིང་བརྡ་དེ་དག་ཀྱང་ཕལ་ཆེར་སྐབས་དེའི་སྐད་བརྡའི་སྣང་ཚུལ་དང་ཉུང་ཤས་ནི་རྩོམ་པ་པོས་ཉན་པ་པོ་རྣམས་ལ་བསམ་བཞིན་དུ་དམིགས་ནས་སྤྱད་པའང་ཡིན། ཡང་སྐབས་དེའི་བརྩམས་ཆོས་མི་ཉུང་བ་ཞིག་ལ་ཡུལ་ལུང་ཕྱོགས་རེ་བའི་སྤྱི་ཚོགས་ཀྱི་ལོགས་སྐད་སྤྱད་པའང་འགའ་ཞིག་འདུག་པ་དེ་དག་ཉན་པ་པོ་བྱེ་བྲག་པ་དག་ལ་དམིགས་པ་ཡིན་ན་མ་གཏོགས་སྐྱོན་ལས་དགེ་བ་ཆུང་། ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས། གོ་བདེར་བཤད་ན་རང་གི་སེམས་འཛིན་རྒྱུ། གཞན་གྱི་མི་ལ་བཤད་རྒྱུ་གཉིས་ཀ་ཡོད་པས་ཕན་ཐོགས་ཤིན་ཏུ་ཆེ་29ཞེས་གསུངས་པས། གོ་རིག་མི་བཟང་བའི་མི་ལ་ལྟོས་ན་དེ་ལྟར་ཡིན་ཞིང་། ལྷག་པར་“བཀའ་གདམས་པའི་རྩོམ་རིགས་”དུས་རབས་ཀྱི་མི་སྐྱ་ཕལ་ཆེར་ཡིག་རྨོངས་སམ་ཡང་ན་དེ་ཙམ་མི་མཁས་པར་མངོན་པས་སྐྱོན་བས་དགེ་མང་། གོ་སླའི་ཐ་སྙད་དེ་དག་ཚིག་གི་སྦྱོར་བར་འཇུག་སྐབས་སུའང་རྒྱན་ཆ་ཉུང་བས་བརྗོད་དོན་གྱི་རང་གཟུགས་ལྷག་པར་གསལ་བ་ཡིན། ལྷག་པར་སྐབས་དེའི་བརྩམས་ཆོས་དག་གི་ནང་དུ་རྗེས་སུ་སྦྱོར་བའི་སྒྲ་ཧ་ཅང་མང་བ་དཔེར་ན། སྣམ་སྣེམ་དང་། ཡན་ཡན། སྲག་སྲིག བན་བན། ཧྲི་ལི་ལི། རས་སེ་རས་སེ། ཀྱལ་ཀྱིལ། ཅ་ལེ་ཅོ་ལེ། སྙམ་མེ་སྙོམ་མེ་སོགས་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་སྐབས་དེའི་བོད་པའི་ངག་གི་སྦྱོར་བ་ཚད་མཐོ་པོར་སླེབས་ཟིན་པ་དང་། དབང་པོ་སྒོ་ལྔ་དང་ཡིད་སོགས་ལས་བྱུང་བའི་ཚོར་སྣང་སྣ་ཚོགས་བརྗོད་པའི་སྒྲ་ནི་དེང་གི་དུས་ལས་ཀྱང་ལྷག་པའི་ཚོད་དུ་ཡོད་ཚུལ་རྟོགས་ཐུབ། ཕྱིས་ཀྱི་《མེ་ལོང་མ་》 ཡི་དུས་སྐབས་ཀྱི་བརྩམས་ཆོས་དག་ལ་མཚོན་ན་རྩོམ་རིགས་ཀྱི་ཐ་སྙད་རྣམས་ཡུལ་སྐད་དང་ལུང་ཚན་བྱེ་བྲག་པའི་སྐད་ལས་རྒྱ་ཁྱབ་རང་བཞིན་གྱི་ཡིག་སྐད་དུ་སོང་བ་དེས། སྐད་དང་ཡི་གེའི་སྦྱོར་བ་གོང་བུ་གཅིག་ཏུ་བསྒྲིལ་བར་ནུས་པ་ཆེན་པོ་ཐོན་པས་མི་རིགས་འདིའི་སྲོག་གི་རྩ་བ་བརྟན་དུ་ཕྱིན་པ་དང་། མངོན་བརྗོད་དུ་མ་བཀོལ་བས་མིང་བརྡ་ཕུན་སུམ་ཚོགས་སུ་ཕྱིན་པ། བརྡ་རྙིང་མི་ཉུང་བ་བཀོལ་རྒྱུ་ཡང་རྒྱུན་བསྐྱངས་པས་གནའ་སྐད་དང་དེང་སྐད་ཀྱི་ཡ་བྲལ་གོམ་ཐག་ཐུང་དུ་ཕྱིན་པ། མདོ་རྒྱུད་བསྟན་བཅོས་དག་ལས་བྱུང་བའི་ཐ་སྙད་དང་ཆོས་ཀྱི་རྣམ་གྲངས་སོགས་བཀོལ་རྒྱུར་ཡང་མཐོང་ཆེན་གནང་བས། བོད་མིའི་ཐོས་བསམ་ལས་བྱུང་བའི་ཤེས་པ་རྒྱ་ཇེ་ཆེར་ཕྱིན་པ། ལྷག་པར་བརྩམས་ཆོས་ཕལ་ཆེར་《 མེ་ལོང་མ་》ཡི་རྒྱན་གསུམ་གྱིས་སྤུད་པས་སྒྱུ་རྩལ་གྱི་ལག་ལེན་སྣ་ཚོགས་ཐགས་སུ་བཀྲ་ཞིང་རྩོམ་རིགས་ཀྱི་སྒྱུ་རྩལ་དེ་མཛེས་རྟོག་རིག་པའི་པང་དུ་བསྐྱིལ་བར་ལེགས་སྐྱེས་ཕུལ་བ་རེད། ཀི་རི་སིའི་མཚན་ཉིད་སྨྲ་བ་ལང་ཅི་ནུ་སི་ཡི་ངོས་འཛིན་ལྟར་ན། ཚིག་རྒྱན་ནི་བརྩམས་ཆོས་གང་ཞིག་ལེགས་པའི་རྒྱུ་ཡིན་ལ་ཞན་པའི་རྩ་བའང་ཡིན་30ཞེས་པ་ལྟར་ཚིག་རྒྱན་ལེགས་པར་སྤྱོད་ཤེས་ན་སྒྱུ་རྩལ་རྩོམ་རིག་གི་རྒྱན་དུ་འགྲོ་ཞིང་དེ་ལས་ལྡོག་ན་རྩོམ་ང་པོ་རང་ཉིད་ཀྱིས་ལན་པ་ཡིན།  དེ་ལྟར་“་བཀའ་ས་གདམས་པའི་རྩོམ་རིགས་”ཀྱིས་དེའི་ཡར་སྔོན་གྱི་ལེགས་ཆ་རྒྱུན་འཛིན་ཐོག་གསར་གཏོད་འཕེལ་རྒྱས་སུ་བཏང་ཞིང་། 《མེ་ལོང་མ་》ཡི་དུས་སྐབས་སུ་ཡང་དེ་ལས་མ་འདས་པས་གོམ་པ་མདུན་དུ་སྤོས་པ་ལས་ཕྱིར་ནུར་བ་ནི་མ་ཡིན། “བཀའ་གདམས་པའི་རྩོམ་རིགས་”སྤྱི་དང་ལྷག་པར་སྒྱུ་རྩལ་རྩོམ་རིག་གི་དོན་གྱི་སྟོན་ཚུལ་ནམ། རྩོམ་པ་པོའི་དགའ་སྡུག་ཆགས་ཞེན་འཁྲེང་སེམས་སོགས་ཡིད་འགྱུ་ཇི་སྙེད་པའི་མཚོན་ཐབས་ནི་ཉི་ཤར་མུན་གསལ་ལྟ་བུ་དང་ཕྱིས་ཀྱི་《མེ་ལོང་མ་》ཡི་དུས་ཀྱི་རྩོམ་རིགས་ནི་དུ་བ་སྔོན་དང་མེ་རྗེས་སུ་ལྟ་བུའི་ཐབས་རྩལ་སྤྱད་པ་མང་། རྩོམ་པ་པོ་ནི་ནི་མིའི་རིགས་ཀྱི་ལས་དབང་ལ་སེམས་འཁུར་བྱེད་མཁན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་པ་ཞིག་ཡིན་པར་འདོད་པ་བཞིན་བཀའ་ས་གདམས་པའི་རྩོམ་པ་པོ་ཚོས་ཀྱང་། བརྩམས་ཆོས་ཀྱི་དོན་ལྷ་ཆོས་མི་ཆོས་གང་རུང་ཐོག་ནས་འཇིག་རྟེན་འཕྲལ་ཕུགས་ཀྱི་སྡུག་བསྔལ་ཇི་སྙེད་པ་སེལ་རྒྱུའི་ལྷག་བསམ་ལ་གཞོལ་བས། རྩོམ་རིགས་དེ་དག་ལ་མིའི་བླ་སྲོག་གི་དྲི་ངད་ཀྱང་ཆིལ་ལེར་འཐུལ་བཞིན་ཡོད།
          མདོར་ན། འདིར་བཀོལ་བའི་“བཀའ་གདམས་པའི་རྩོམ་རིགས་”ཞེས་པའང་“བཀའ་གདམས་དུས་སྐབས་ཀྱི་རྩོམ་རིགས”ལ་གོ་བ་ཡིན་ཞིང་། འདི་འདྲའི་རྩོམ་རིགས་ཀྱི་གནད་དོན་གཏན་ལ་འབེབས་ཐུབ་མིན་ནི་འདི་འདྲའི་རྩོམ་ཐུང་རེ་གཉིས་ཀྱིས་ཐག་གཅོད་མི་ཐུབ་པས། རྩོམ་རིག་སྨྲ་བ་གཞན་གྱིས་ཐུགས་སྣང་ཡོང་ཆེད་ཙམ་དུ་གླེང་སློང་རེ་གཉིས་བྱས་པ་ལགས། །
          ①②28དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ་》ཞེས་པའི་ཤོག་ངོས་18、23、7བཅས་སུ་གསལ།
          ③④⒃ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི་《 བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོལ་མེ་》 ཞེས་པའི་ཤོག་ངོས་55、77 、78བཅས་ཀྱི་ངོས་སུ་གསལ།
          ⑤⑩⑾⒁རིན་ཆེན་རྡོ་རྗེས་བསྒྲིགས་པའི་《 བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས་》ཀྱི་ཤོག་ངོས་4-6བཅས་ཀྱི་ངོས་སུ་གསལ། 
          ⑥ངག་དབང་བྱམས་པས་བྲིས་པའི་《 ཇོ་བསྟོད་དང་འབྲོམ་བསྟོད་སྙིང་རྗེའི་རང་བཞིན་ཅན་བཞུགས་སོ་》 (ཤིང་པར་)ཞེས་པའི་ཤོག་ངོས་ 4 པར་གསལ། 
          ⑦30章棋安等编订:《西方文芝理论史—从柏拉图到尼采》p51 p48           
          ⑧དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་《མུན་འཇོམས་ནོར་བུའི་ཕྲེང་བ་》ཡི་ཤོག་ངོས204རུ་གསལ། 
          ⑨⑿《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་》གྱི་ཤོག་ངོས་769དང་1086 པར་གསལ། 
          ⒀《བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་》གླེགས་བམ་ལྔ་བཅུ་ང་དགུ་པའི་ཤོག་ངོས་309རུ་གསལ། 
          ⒂《བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་》གླེགས་བམ་ལྔ་བཅུ་ང་གཉིས་པའི་ཤོག་ངོས9པར་གསལ།
          ⒄⒅《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ་》 དེབ་བཅུ་དྲུག་པའི་ཤོག་ངོས་6、1 、14、 286བཅས་ཀྱི་ངོས་སུ་གསལ། 
          ⒆梁真译:别林期基:《一八四○・别林斯基作品选集》,《别林斯基论文学》p4-5
          ⒇ 22  23《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ》 དེབ་བཅུ་བདུན་པའི་ཤོག་ངོས་2、56、199བཅས་སུ་གསལ།
          25 27《བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག》 གླེགས་བམ་དང་པོའི་ཤོག་ངོས་74、46 པར་གསལ།
          26《བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་》 གླེགས་བམ་དང་པོའི་ཤོག་ངོས་708ནང་གསལ།
          29ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་《ཆོས་བཤད་གཞན་ཕན་ཉི་མ་》ཡི་ཤོག་ངོས་3པ་རུ་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1