སྡོམ་རྒྱ།

སྣམ་བུ།(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


རང་ལ་དབང་བའི་སྲིད་པའི་རྫ་སྒང་ནས།།

འོད་ཀྱི་གཤོག་ཟུང་བསྐུམ་འདང་མེད་མོད་ཀྱང་།།

སྣང་བའི་རྒྱལ་ཁམས་མུན་པས་ཐོལ་གྱིས་བཅོམ།།

འཛུམ་གྱི་མེ་ཏོག་སད་ཀྱིས་རྡུལ་དུ་བཏང་།།

འཇའ་ཡི་ལག་པ་མཁའ་ལ་ཡལ་བའི་སྐབས།།

མི་འདོད་མིག་གིས་ཅེར་ཡང་ཕན་པ་མེད།།

སྣང་བའི་ཁུ་ཚུར་འཕྱར་ཡང་དཀྱེལ་ཡངས་མེད།།

རང་བློ་བསྡུས་ཏེ་རང་ལ་ཚ་འདྲི་དང་།།

རང་སེམས་བཀུག་སྟེ་རང་ལ་བསྐོར་བརྒྱབ་ཚེ།།

རང་སྣང་སྒྲིབ་པའི་མི་ཡུལ་ལྐོག་གྱུར་པ།།

རང་ལོ་ཉི་ཤུའི་ཡུན་གྱི་ཟས་རིན་ཡིན།།

བལྟས་པས་མི་ངོམས་སེམས་ཀྱི་རི་མོ་ནི།།

ཕྲ་མོའི་སྐུད་པས་བཏགས་པའི་སྡོམ་རྒྱ་ཡིན།།

དུས་ཀྱི་དཀྱོག་མཚམས་ལོ་ཟླའི་ཧྲག་བར་ན།།

འཇའ་ཡི་མི་དང་རླུང་གི་སྐད་ཆ་ཡོད།།

ཟས་ཀྱི་དྲི་དང་ཤ་ཡི་དྲོད་འཁྱིལ་བའི།།

མི་ཁྱིམ་ཕལ་བའི་གཞིས་ཀ་རེ་རེ་ནི།།

མུན་པའི་འོབས་ཀྱི་ཁྲག་ཐིགས་རྡོག་རེ་ཡིན།།

ཕུབ་མས་བཀབ་པའི་ཆུ་དོང་རེ་རེ་ཡིན།།

མུན་པ་བཀླགས་པའི་མཚན་མོ་རེ་རེ་དང་།།

ཟླ་འོད་བཙལ་བའི་ཞག་མ་རེ་རེ་ལ།།

སྨྲ་བསམ་ཐ་སྙད་མང་པོ་ང་དང་བཀྱེད།།

བརྗོད་འདས་བུ་ག་རེ་རེས་གམ་ནས་འཕྱས།།

ཁྲེས་པོ་གང་ཞིག་མལ་དུ་བསྐྱལ་བ་དང་།།

འགན་འཁུར་ཅི་ཞིག་གཏན་དུ་གྲུབ་པ་ལྟར།།

རང་སེམས་དེའུ་འབུར་སྟེང་ནས་སྐད་ཅིག་ལ།།

སྣང་བ་ཡན་པོར་བོར་ཏེ་ངལ་གསོས་ཚེ།།

མི་ཁོམ་སེམས་ལ་གང་དྲན་འདི་དྲན་མེད།།

བལྟས་ན་མི་མཐོང་སེམས་ཀྱི་རི་རྐེད་ན།།

སེང་གེས་འཕར་བ་བཀུར་བའི་གོ་ལྡོག་ཡོད།།

སྐེ་ན་ལྕགས་ཐག་མེད་པའི་ཁྱི་དག་ཀྱང་།།

ཟས་ཀྱི་ལྷག་མར་རེ་བ་སུ་ཡིས་ལན།།

མཆོག་དང་དམན་གྱི་ངོ་བོ་འདྲེས་པ་དང་།།

རྩ་དང་རྩེ་མོ་འཆོལ་བའི་འཁོར་བ་ནི།།

རོ་དང་འཆི་བ་སྒོམ་པའི་རླུང་བུ་ཡིན།།

མཐུད་དང་མདུད་མཚམས་མེད་པའི་ཨ་ལོང་ཡིན།།

བལྟས་པ་ཙམ་གྱིས་ཤིན་ཏུ་ཞི་བ་དང་།།

མ་གཞིར་ཟང་ཟིང་རབ་ཏུ་ཆེ་བ་ཡི།།

མི་ཡུལ་ཁམས་ཀྱི་ནམ་སྨད་རེ་རེ་ལ།།

ངས་ནི་སྲིད་རྩེར་སྙེག་པའི་རྡོག་ལམ་བཙལ།།

ཁང་རྩེག་རེ་རེར་བལྟས་ཤིང་ངུ་འབོད་བྱས།།

བཤད་ན་སེམས་ཀྱང་སྒམ་ལ་བསྡུ་ཐུབ་ཅིང་།།

བླངས་ན་ག་ས་ག་ནས་བཞུད་འགྲོ་བའི།།

མ་རུང་སྲིད་ཀྱི་ཆོ་ལོ་འདི་དག་ནི།།

ལོ་བརྒྱར་གུ་ཡངས་མེད་པའི་ཉེས་ཅན་ཡིན།།

ང་ནི་སྨྲེང་ཞིང་སྐྱོ་བའི་ཤུགས་རིང་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1