རྫུན་གཏམ་བཤད་པའི་ངན་འབྲས།

རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། དམངས་ཁྲོད། སྤེལ་དུས། 06-18




གནའ་སྔ་མོའི་དུས་སུ་ཀོང་པོའི་ཡུལ་དུ་མདའ་རྩལ་ལ་ཧ་ཅང་དགའ་བའི་སྤོ་བོ་ཞིག་ལ་བུ་མོ་སྐྱེ་འབྲས་མཚར་ཞིང་གཤིས་ཀ་འཇམ་པ་དང་། ལས་ཡལ་བརྩོན་ཞིང་རྒན་པར་གུས་བཀུར་ཆེ་བ་ནམ་མཁའི་སྲས་མོ་མི་ཡུལ་དུ་བབས་པ་ལྟ་བུ་ཞིག་ཡོད།བུ་མོ་དེ་འཇིག་རྟེན་མཐུན་འཇུག་གི་ན་ཚོད་ལ་སླེབས་སྟབས་ཕར་མནའ་མར་སློང་མཁན་དང་།ཚུར་མག་པ་སྟེར་འདོད་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་ནའང་སྤོ་བོ་ནི་མདའ་རྩལ་ལ་ཤིན་ཏུ་དགའ་བར་བརྟེན་མི་ཚང་མར་ངའི་བུ་མོ་འདི་དབང་ཆེན་གྱི་དཔོན་པོའི་བུ་ལ་མི་སྟེར་ལ་རྒྱུ་ཆེན་གྱི་ཕྱུག་པོའི་བུ་ལའང་མི་སྟེར།གང་ལྟར་མདའ་རྩལ་ལ་མཁས་པའི་གཞོན་པ་ཞིག་དང་ཐུག་ཚེ་ངས་དེ་མག་པར་བླངས་ཏེ་ངའི་གཞིས་བཟུང་དུ་འཇུག་རྒྱུ་ཡིན་ཞེས་ཤོད་ཀྱི་ཡོད།གཏམ་དེ་ཡུལ་ཀོང་པོ་དང་ཉེ་ཡང་མི་ཉེ་ལ་རིང་ཡང་མི་རིང་བའི་ཡུལ་ཞིག་ཏུ་རྫུན་གཏམ་ཤོད་པར་ཧ་ཅང་མཁས་པའི་གཞོན་པ་ཞིག་ཡོད་པ་ངེས་ཐོས། ཁོའི་སེམས་སུ་བུ་མོ་ལྷའི་སྲས་མོ་འདྲ་བ་དེའི་མག་པ་བྱེད་རྒྱུ་བྱང་ན་ཅི་མ་རུང་སྙམཞིང་།རྫུན་གཏམ་བཤད་དེ་བུ་མོའི་མག་པ་བྱ་རྒྱུ་དང་སྤོ་བོ་དེའི་གཞིས་འཛིན་རྒྱུའི་སྟོང་བསམ་འཁོར་ནས་རྫུན་གྱིས་གཞན་མགོ་སྐོར་རྒྱུའི་ཐབས་ཤེས་སྣ་ཚོགས་བཙལ།ཉིན་ཞིག་རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེས་ནགས་གསེབ་ཏུ་རི་བྱ་འཛིན་བྱེད་ཀྱི་རྙི་མང་པོ་བཙུགས་པས་རི་བྱ་སྤུ་སྒྲོ་ཤེན་ཏུ་མཛེས་པ་ཞིག་འཛིན་ཐུབ་པ་བྱུང་།ཁོས་ལུས་ལ་གཟབ་སྤྲོས་ཀྱིས་བརྒྱན། གློ་ལ་མདའ་གཞུ་སག་ཐག་བསྐོར། རྟ་པོ་འགྲོས་དང་ལྔན་པ་ཞིག་བཞོན། སྤུ་སྒྲོ་མཛེས་པའི་རི་བྱ་དེ་ཨམ་ཁྲག་ཏུ་བཅུག་སྟེ་མདའ་རྩལ་ལ་ཧ་ཅང་དགའ་བའི་སྤོ་བོ་ལགས་དེའི་ཡུལ་ཕྱོགས་སུ་ཤར་རེར་བསྐྱོད།རྫུན་གཏམ་ཤོད་པར་མཁས་པའི་གཞོན་པ་ངེ་མདའ་རྩལ་ལ་དགའ་བའི་
སྤོ་བོ་ལགས་དེའི་ཁང་པའི་འཁྲིས་ལ་སླེབས་པའི་སྐབས་མདའ་དོང་ནང་ནས་མདའ་མོ་གཅིག་བླངས་ཏེ་སྤུ་མཛེས་རི་བྱ་དེའི་སྐེ་ནས་ལྟག་རྒྱབ་ཏུ་དོན་པ་ཅིག་བཙུགས་ནས་འཕྲལ་དུ་སྤོ་བོ་ལགས་དེའི་སྒོ་རྭའི་ནང་དབྱུགས་པ་དང་། ལག་གཡས་པས་གཞུ་མོ་འཆང་ཞིང་ལག་གཡོན་མས་རྟ་ཕོ་ཁྲིད་ནས་སྤོ་བོ་ལགས་དེའི་རྒྱལ་སྒོ་ཤུགས་ཀྱིས་བརྡུངས།སྤོ་བོ་ལགས་སྒོ་ཁར་ལྟ་བར་ཡོང་སྐབས་རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེས་རག་གན་གསེར་བརྫུས་ལྟར་གུས་ལུགས་ཀྱི་སྒོ་ནས་སྤོ་བོ་བགྲེས་སོང་ལགས།ཁྱེད་ལ་ཐུགས་བསུན་ཞུས་སོང་བས་དགོངས་འགལ་མེད་པར་མཁྱེན། ད་ལྟ་ངས་རྟར་བཞོན་ནས་རྒྱ་ལམ་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་ནམ་མཁའ་ནས་ཡ་མཚན་ཅན་གྱི་རི་བྱ་ཞིག་འཕུར་འགྲོ་བཞིན་འདུག་པས།ངས་རྟ་ཕོ་རྒྱུག་གིན་དུ་རི་བྱ་དེའི་སྐེ་ལ་གཏད་དེ་མདའ་ཞིག་འཕངས་པ་ཡིན་པས་རི་བྱ་དེར་མདའ་ཐེབས་ཏེ་སྤོ་བོ་ལགས་ཁྱེད་ཚོའི་སྒོ་རྭའི་ནང་ལྷུང་སོང་། ང་ལ་རི་བྱའི་བྱ་རོ་དང་མདའ་མོ་ཕྱིར་གནང་ན་འགྲིག་གམ་ཞེས་བཤད། སྤོ་བོ་ལགས་དེས་སྒོ་རྭའི་ནང་མིག་བསྐོར་ཞིག་བརྒྱབ་པས་ཏག་ཏག་རི་བྱ་ཞིག་གི་སྐེ་ལ་མདའ་མོ་ཕྲེད་གཟར་བྱས་ཐོག་འཕགས་མཆོངས་བྱེད་བཞིན་ཡོད་པ་མཐོང་བས།རི་བྱ་དང་མདའ་མོ་བཅས་པ་གཞོན་པ་དེར་སྤྲད་པ་མ་ཟད།དགའ་མགུ་ཡི་རང་གི་ངང་ནས་གཞོན་པ་དེ་ཁྱིམ་དུ་བསུས་ཤིང་བཟའ་བཏུང་གི་སྣེ་ལེན་གང་ལེགས་བྱས།གཞོན་པ་དེ་དང་མདའ་རྩལ་སྐོར་གླེང་མོལ་བྱས་པས་གཞོན་པ་དེས་རང་ཉིད་མདའ་རྩལ་ཤིན་ཏུ་མཁས་པ་འགྲན་ཟླ་བྲལ་བ་ཡིན་ཚུལ་སྐོར་རྫུན་གཏམ་མང་དག་ཅིག་བཤད། སྤོ་བོ་ནི་མདའ་རྩལ་ལ་ཤིན་ཏུ་དགའ་སྟབས་སེམས་སུ་གཞོན་པ་འདི་རང་ཉིད་ཀྱི་བུ་མོའི་མག་པ་འོས་པ་ཞིན་ཡིན་ནམ་སྙམ།ཡིན་ནའང་སྤོ་བོ་ལགས་དེའི་སེམས་སུ་གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར་ཡིན་པས་བུ་མོའི་མི་ཚེའི་དོན་ཆེན་ལ་འཚབ་འཚུབ་བྱ་རྒྱུ་མེད།གཞོན་པ་འདི་དངོས་འབྲེལ་མདའ་རྩལ་ལ་མཁས་པ་ཞིག་ཡིན་མིན་རྟོག་ཞིབ་ཅིག་བྱས་ན་ལེགས་སྙམ་བཞིན་པའི་སྐབས་དེར་ཏག་ཏག་ཁང་པའི་མདུན་གྱི་མཚེའུའི་ནང་བྱ་ངང་པ་ཁྱུ་གཅིག་བབས་ཡོང་བ་སྒེའུ་ཁུང་ནས་མཐོང་།སྤོ་བོ་ལགས་ཀྱི་སེམས་སུ་ངས་གཞོན་པ་འདི་མདའ་རྩལ་ལ་དངོས་འབྲེལ་བྱང་ཆུབ་ཅིང་མཁས་པ་ཞིག་ཡིན་མིན་རྟོག་ཞིབ་བྱེད་པའི་གོ་སྐབས་བཟང་པོ་ཞིག་བྱུང་སོང་བསམ་ཏེ་གཞོན་པ་དེར་ཝ་ཡེ་ཕོ་གཞོན་ལགས།ཕ་གིའི་མཚེའུ་ཡི་ནང་བྱ་ངང་པ་མང་པོ་བབས་སོང་བས་ཁྱེད་མདའ་གཞུ་ཁྱེར་ནས་སོང་ལ་ངང་པ་གཅིག་བསད་ནས་ཁྱེར་ཤོག་དང་ཞེས་བརྗོད།གཞོན་པ་དེའི་སེམས་སུ་དངངས་འཚབ་ཆེས་ཆེར་བྱུང་ཡོད་ནའང་མདའ་གཞུ་ཁྱེར་ནས་མཚེའུ་ཡི་ཕྱོགས་སུ་མ་འགྲོ་ཐབས་མེད་བྱུང་།གཞོན་པ་དེར་དོན་དངོས་ཐོག་མདའ་རྩལ་གང་ཡང་མེད་སྟབས་འཕྲལ་དུ་མདའ་རྒྱག་མ་ནུས་ཤིང་ཁོའི་སེམས་སུ་ངང་པ་འདི་དག་གང་མགྱོགས་འཕུར་ཕྱིན་ན་ཅི་མ་རུང་སྙམ་བཞིན་མདའ་མོ་ཞིག་གཞུ་སྟེང་དུ་བཞག་ནས་གཞུ་མོ་བཀང་ཙམ་གློད་ཙམ་སོགས་ཀ་རེ་ཀོ་རེ་བྱས་ནས་བསྡད་པས།སྤོ་བོ་ལགས་དེས་ཁོའི་འཇབ་ཙམ་དང་མངོན་ཙམ་གྱ་ཚུལ་དེ་མཐོང་སྐབས་མི་འདིས་མདའ་རྩལ་ལ་མཁས་རྒྱུ་ཕར་བཞག་མདའ་རྒྱག་གྱང་ཤོས་ཀྱི་ཨེ་ཡོད་ན་བསམས་ཏེ་ཁོང་ཁྲོ་དང་སྦྲགས་སྐད་ཤུགས་ཆེན་པོས།ཝ་ཡེ།ག་རེ་བྱེད་ཀྱི་ཡོད་དམ་ཞེས་བརྗོད་པས། གཞོན་པ་དེས་ཝ་ཡེ་ཞེས་ཐོས་པ་དང་དངངས་སྐྲག་ངང་མདའ་མོ་མཐེབ་མཛུབ་བར་ནས་ཤོར་སྟབས་སྟེས་དབང་སྟབས་ལེགས་ཀྱིས་མདའ་མོ་དེས་བྱ་ངང་པ་གཉིས་གཤིབ་བྱས་ནས་བསྡད་པ་ཞིག་ལ་ཐེབས་ཏེ་དུས་གཅིག་ལ་ངང་པ་གཉིས་བསད།གཞོན་པ་དེ་དགའ་ཐག་ཆོད་ནས་ངང་པའི་རོ་དེ་གཉིས་སྤོ་བོ་ལགས་ཀྱི་མདུན་དུ་ཁྱེར་ཡོང་ནས་སྤོ་བོ་ལགས།ཁྱེད་ཀྱིས་ཐུགས་བྲེལ་མ་གནང་ན་ངས་སྡེབ་ཅིག་ལ་བྱ་ངང་པ་དགུ་སྒྲིག་བྱས་པ་ཞིག་གསོད་དགོས་བསམས་ནས་བསྡད་ཡོད། འོན་ཀྱང་ཁྱེད་ཀྱིས་ཐུགས་བྲེལ་གནང་ཙང་ངང་པ་གཉིས་སྒྲིག་བྱས་པ་ཞིག་ལས་བསད་ཐུབ་མ་སོང་ཞེས་བཤད།མདའ་རྩལ་ལ་དགའ་བའི་སྤོ་བོ་ལགས་དེས་གཞོན་པ་དེས་སྟེས་དབང་སྟབས་ལེགས་ཀྱིས་ངང་པ་གཉིས་སྒྲིག་བྱས་པ་བསད་པ་ཡིན་པ་མ་ཤེས་ཏེ་དངོས་འབྲེལ་མདའ་རྩལ་ལ་མཁས་པ་ཡོད་པ་འདྲ་སྙམ་ནས་ང་རང་ལོ་ཆུང་དུས་ལུང་པ་འདིར་མདའ་རྩལ་ལ་སྐད་གྲགས་ཡོད་པའི་མི་ཞིག་ཡིན།ཡིན་ནའང་ཁྱེད་ཀྱི་མདའ་རྩལ་དང་བསྡུར་ན་བསྡུར་རིན་མི་འདུགརི་བྱ་བར་སྣང་ངུ་འཕུར་བཞིན་དུ་རྟའི་ཐོག་ནས་མདའ་མོས་བསད་པ་དང་། མདའ་གཅིག་གིས་ངང་པ་གཉིས་སྒྲིག་བསད་ཐུབ་པ་གཏན་ནས་བྱུང་མྱོང་མེད་ཅེས་བརྗོད་པས། གཞོན་པ་དེས་དེ་བས་རག་གན་གསེར་མདོག་དང་ཞ་ཉེ་དངུལ་མདོག སེམས་དུལ་ཞིང་ཁེངས་སྐྱུངས་ཆེ་མདོག་བཅས་གྱི་ངང་ནས་སྤོ་བོ་ལགས། ངས་རང་ཉིད་མདའ་རྩལ་ལ་མཁས་ཚུལ་སྐོར་བཤད་མང་ན་རང་གིས་རང་ལ་འུད་བསྟོད་བྱེད་པ་ལྟ་བུ་ཞིག་ཡོང་བ་འདུག་སྙམ་སྟེ་མང་པོ་ཞུས་མེད། དྲང་པོར་ཞུས་ན་དེ་རིང་སྤོ་བོ་ལགས་ཁྱེད་ཀྱིས་མཐོང་བ་འདི་དག་ནི་ཤོད་རིན་དེ་ཙམ་མེད་པའི་མདའ་རྩལ་ཞིག་རེད། ངས་དེ་སྔ་སྟད་བྱང་ཐང་དུ་ཕྱིན་ཏེ་འབྲོང་ཆེན་བསད་མྱོང་ལ་སྨད་ལྷོ་རོང་དུ་ཕྱིན་ཏེ་སྟག་རྒོད་ཀྱང་བསད་མྱོང་།
ལྷག་པར་དུ་སྟག་རྒོད་གསོད་པར་དཔའ་རྩལ་དང་བློ་སྟོབས་དངོས་འབྲེལ་འགྲན་ཟླ་བྲལ་བ་ཞིག་ཡོད། སྤྱིར་བཏང་བྱས་ན་རྔོན་པ་ཚོས་སྟག་གསོད་པར་ས་མདའ་བཙུགས་པ་དང་འཇབ་མདའ་འཕེན་པ་སོགས་བྱེད་ཀྱི་ཡོད། འོན་ཀྱང་ངས་སྟག་གསོད་སྐབས་སྟག་རྒོད་དང་ཐད་ཀར་དམར་འཛིང་བྱེད་ཀྱི་ཡོད། དེ་ཡང་སྟག་རྒོད་ལ་མདའ་ཞིག་འཕེན་ན་སྟག་རྒོད་ངར་ནས་ངའི་ཐོག་ལ་ཚུར་མཆོངས་ཡོང་གི་ཡོད། དེའི་དུས་སུ་བློ་རྩ་བརྟན་པོའི་ངང་ཁུ་ཚུར་བསྒོམས་ཏེ་གཡོ་འགུལ་མེད་པར་བསྡད་པ་དང་།སྟག་རྒོད་གམ་དུ་སླེབས་འཕྲལ་འཕགས་མཆོངས་དང་བཅས་ཏེ་སྟག་རྒོད་ཀྱི་སྣ་ལ་ཁུ་ཚུར་ཞིག་གཞུས་ན་སྟག་རྒོད་ཕར་རེ་མཆོངས་འགྲོ་གི་ཡོད།ཡང་དེའི་སྐབས་འཕྲལ་དུ་མདའ་རེ་བཏོན་ཏེ་སྟག་རྒོད་ཀྱི་རྐུབ་ནང་མདའ་བརྒྱབ་ན་སྟག་རྒོད་དེ་བས་ངར་ནས་ཚུར་རེ་མཆོངས་ཡོང་གི་ཡོད།དེ་ལྟར་སྟག་རྒོད་ཚུར་མཆོངས་སྐབས་སྣ་ལ་ཁུ་ཚུར་རེ་དང་ཕར་མཆོངས་སྐབས་མདའ་རེ་བྱས་ཏེ་གསོད་ཀྱི་ཡོད་པས་སྟག་རྒོད་བསད་ཚར་ནས་བཤའ་སྐབས་ཁོག་པའི་ནང་མདའ་ཆག་པ་རེ་ཙམ་ལེན་རྒྱུ་ཡོད་པ་དང་མདའ་ཁ་ཤས་ནི་སྟག་གི་སྙིང་ལ་ལྕེ་ལྡག་(ཀོང་ཡུལ་གྱི་ཟས་རིགས་ཤིག་གི་མིང་)རྒྱུག་པས་གཟེར་བ་ལྟར་སྡོད་ཀྱི་འདུག་ཅེས་རྫུན་གཏམ་ཧ་ཅང་མང་པོ་བཤད། སྤོ་བོ་ལགས་དེས་ཁོའི་རྫུན་ལ་ཐུགས་ཡིད་ཆེས་ཐག་ཆོད་ནས་ཁྱེད་ནི་ཡུལ་འདི་ཙམ་དུ་མ་ཟད།ཐ་ན་བོད་ཁམས་ཡོང་ལ་འགྲན་ཟླ་བྲལ་བའི་མདའ་རྩལ་མཁས་ཅན་ཞིག་ཡིན་འདུགཁྱེད་ངའི་བུ་མོའི་མག་པ་བྱེད་མི་འདོད་དམ་ཞེས་བཤད་པས།རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེའི་སེམས་སུ་ད་ནི་ངའི་འདོད་དོན་ཡོངས་རྫོགས་འགྲུབ་རེ་འདུག་སྙམ་ནས་སེམས་ནང་དགའ་སྤྲོའི་མེ་ལྕེ་རབ་ཏུ་འཕྱུར་ནའང་ཕྱི་ཚུལ་དུ་རྣམ་འགྱུར་སྒམ་བརླིང་ལྡན་པ་ཞིག་བཟུང་སྟེ་སྤོ་བོ་ལགས།འཇིག་རྟེན་གཏམ་དཔེར་ལས་ལ་གང་བསྐོས་མ་གཏོགས།
སེམས་ལ་གང་བསམས་མི་ཡོང་ཞེས་པ་དེ་ཡིན་པས། ངའི་སེམས་སུ་དེ་སྔ་དམིགས་གཏད་དུ་བྱས་པའི་བུ་མོ་གཅིག་ཀྱང་མེད་རུང་། ད་ཐེངས་སྤོ་བོ་ལགས་ཁྱེད་ཀྱིས་ཁྱེད་རང་གི་བུ་མོ་ང་ལ་ངོ་སྦྱོར་གནང་བ་འདི་ནི་ཕལ་ཆེར་སྔར་བསགས་སྔོན་ལས་ཤིག་ཡིན་སྲིད་ལ་ལྷག་པར་དུ་སྤོ་བོ་ལགས་ཁྱེད་ཀྱིས་ཕྲན་ལ་བློ་དཀར་བློས་འགེལ་འདི་ལྟ་བུ་གནང་བར་ངས་མིན་ཞེས་ཞུ་ཕོད་པ་མི་འདུག་ཅེས་བརྗོད། དེས་ན་སྤོ་བོ་ལགས་དེ་དགའ་ཐག་ཆོད་ནས་སྟག་རྒོད་གསོད་པའི་དཔའ་བོ་ལགས།ཁྱེད་ནི་ངའི་བུ་མོའི་མག་པར་གཏན་འཁེལ་བ་ཡིན་པས།སང་ཉིན་རང་དགོན་པར་གཟའ་སྐར་འཕྲོད་སྦྱོར་རྩིས་ཞུས་ཏེ་མི་རིང་བར་གཉེན་སྟོན་གཟབ་ཅིང་རྒྱས་པ་ཞིག་བྱ་རྒྱུ་ཡིན་ཞེསབརྗོད་དེ་རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེ་སྤོ་བོ་ལགས་དེས་དེ་ནུབ་དེ་གར་ཞག་པོར་སྡོད་དུ་བཅུག དེའི་ཕྱི་ཉིན་སྤོ་བོ་ལགས་དང་རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེ་གཉིས་དགོན་པར་གཉེན་སྟོན་གྱི་དུས་ཚོད་དང་གཟའ་སྐར་འཕྲོད་སྦྱོར་སོགས་རྩིས་ཞུ་བར་སོང་སྟེ་ཚུར་ཡོང་བའི་ལམ་བར་དུ་རྫོང་ཞིག་བརྒྱུད་དགོས་པས་རྫོང་དེའི་སྒོ་ཆེན་གྱི་མདུན་དུ་མི་ཚོགས་མང་པོས་《རྩ་ཚིག》ཅིག་ལ་ལྟ་རུབ་རྒྱག་བཞིན་ཡོད་པ་མཐོང་། ཁོང་གཉིས་ཀྱང་དེའི་ཕྱོགས་སུ་བསྐྱོད་དེ་ལྟ་བར་ཕྱིན་པས་《རྩ་ཚིག》ནང་འདི་ལྟར་འཁོད་ཡོད་པ་སྟེ།ཉེ་ལམ་རང་རེ་རྫོང་ཁོངས་སུ་སྟག་མོ་མི་གཟན་ཞིག་སླེབས་ཏེ་བརྒྱ་ཡར་འགྲོ་དང་སྟོང་མར་འོང་གི་འགྲུལ་ལམ་བཀག་པ་མ་ཟད། མི་ཡང་བསད་རྨས་མི་ཉུང་བ་ཞིག་བཟོས་འདུག་པའ་མི་སུ་ཞིག་གིས་སྟག་མོ་དེ་བསད་ཐུབ་ཚེ་དེ་ལ་རྫོང་གཞིས་ཀྱི་གསུམ་ཆ་གཅིག་སྤྲོད་རྒྱུ་དང་། དེ་མིན་གྱི་བྱ་དགའ་ཡང་གྱ་ནོམས་པ་སྤྲད་ཐོག་མི་དེའི་མིང་ལའང་སྟག་གསོད་དཔའ་བོ་ཞེས་བཏགས་རྒྱུ་ཡིན་ཞེས་འཁོད། སྤོ་བོ་ལགས་དེས་བློ་ཐག་ཆོད་པོའི་སྒོ་ནས་《རྩ་ཚིག》དེ་ཐེ་ཚལ་སྦ་ཚལ་དུ་དབྲལ་བས་རྫོང་གི་ལས་སྣེ་རྣམས་ཀྱིས་འཕྲལ་དུ་སྤོ་བོ་ལགས་དེ་བཟུང་ནས་རྫོང་དཔོན་གྱི་མདུན་དུ་བསྐྱལ།རྫོང་དཔོན་གྱིས་རྫིག་ཉམས་དང་བཅས་ཏེ་ཝ་ཡེ། རྒད་པོ་ཁྱོད་ལྟ་བུ་ཞིག་གིས་སྟག་མོ་མི་གཟན་གསོད་ཐུབ་པ་འདུག་གམ་ཞེས་དྲིས་པས། སྤོ་བོ་ལགས་དེས་ང་རྒད་པོ་ལོ་རྒན་དྲུག་ཅུས་གཉའ་ནས་ནོན། སྙིང་གི་སྟོབས་ཉམས། ལུས་ཀྱི་རྩལ་འཁུམས་སྟབས་སྟག་མོ་མི་གཟན་གསོད་པའི་མཐུ་རྩལ་མེད་ནའང་ངའི་བུ་མོའི་མག་པ་ནི་མདའ་རྩལ་འགྲན་ཟླ་བྲལ། བློ་ཁོག་ལ་དོ་ཟླ་དབེན་པ། དེ་སྔ་སྟག་མོ་གཉིས་གསུམ་ཙམ་གསོད་མྱོང་མཁན་གྱི་གཞོན་པ་ཞིག་ཡིན་པས་སྟག་མོ་མི་གཟན་གསོད་པར་ཐེ་ཚོམ་མེད་ཅེས་ཞུས།
    རྫོང་དཔོན་གྱིས་འཕྲལ་དུ་སྤོ་བོ་ལགས་ཀྱིས་བཤད་པ་ལྟར་གཞོན་པ་དེའང་མདུན་དུ་བཀུག་སྟེ་ཁྱེད་ནི་སྟག་གསོད་དཔའ་བོ་ཞིག་ཡིན་པ་འདྲ་བས།ད་ཐེངས་སྟག་མོ་མི་གཟན་གསོད་པར་ཁྱེད་ལ་མཚོན་ཆ་དང་དཔུང་རོགས་སོགས་གང་དགོས་འཛེམས་བག་མེད་པར་ཤོད་དང་རྫོང་ནས་གཟིགས་སྐྱོང་ཡོད་པ་བྱས་ཆོག་ཅེས་བཤད་པས། རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེས་སྟག་གསོདདགོས་པའི་གཏམ་དེ་གོ་བ་དང་སེམས་ལ་འཇིགས་སྣད་ཤིན་ཏུ་ཆེན་པོ་བྱུང་ནས་གཟུགས་པོ་ཡོངས་རྫོགས་འདར་སིག་རྒྱག་ཅིང་། གདོང་ནས་རྔུལ་ནག་གི་ཐིགས་ཕྲན་བབས།་བཟུང་ན་ལག་པ་འཚིགས།བཏང་ན་རྫ་མ་ཆག་ཅེ་པའི་དཔེ་ལྟར་སྟག་གསོད་རྒྱུ་ཁས་མ་ལེན་ན་ཁ་ཕོ་མང་པོ་སྔོན་ལ་བཏང་ཚར་བ་མ་ཟད།བུ་མོ་ལྷའི་སྲས་མོ་འདྲ་བ་དེ་ཡང་བདག་ཏུ་བཟུང་ཐབས་བྲལ། ཁས་ལེན་དགོས་ཀྱང་དེ་སྔ་སྟག་གསོད་རྒྱུ་ཕར་བཞག་སྟག་གི་སྐད་གོ་བ་ཙམ་གྱིས་བླ་ཆད་གྲབས་བྱེད་ཀྱི་ཡོད་པར་བརྟེན་སྟག་གིས་རང་ཉིད་ཟ་འགྲོ་བར་དེ་བས་ཀྱང་ཞེད་དེ་གནས་སྐབས་རིང་གཞོན་པ་དེ་སྨྲ་བ་མེད་པར་
གནས། རྫོང་དཔོན་གྱིས་ཚུལ་དེ་མཐོང་བ་དང་གཞོན་པ་དེར་དོགས་པ་ཕྲན་བུ་བྱུང་སྟེ་ཁྱོད་འདར་སིག་རྒྱག་ཅིང་གདོང་ནས་རྔུལ་ཆུ་འབབ་བཞིན་འདུག་པ་དེ་གང་བྱས་པ་ཡིན་ནམ་ཞེས་དྲིས་པར་རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེས་ཡང་བསྐྱར་རྫུན་གཏམ་ཡིད་ལ་འཁོར་ཏེ་རྫོང་དཔོན་ལགས། ངའི་ལུས་པོ་འདར་སིག་རྒྱག་པ་འདི་སྟག་མོ་མི་གཟན་ལ་ཞེད་ནས་འདར་བ་མ་ཡིན་ཏེ་སྟག་མོ་མི་གཟན་དེས་སྐྱེ་འགྲོ་སེམས་ཅན་ལ་གནོད་འཚེ་ཚབས་ཆེན་བཏང་བར་ཁོང་ཁྲོ་ཟ་ནས་འདར་བ་ཡིན། ངའི་གདོང་ནས་རྔུལ་ཆུ་དོན་པ་ནི་དེ་བས་ཀྱང་ཞེད་ནས་རྔུལ་ཆུ་དོན་པ་མ་ཡིན་ཏེ་དེ་ནི་ངས་ད་ལྟ་ནས་ཁོའི་སྣ་ཁུག་ལ་ཁུ་ཚུར་གཞུ་རྒྱུའི་ཤུགས་སྒོམ་བཞིན་ཡོད་པའི་སྟབས་ཀྱིས་ཡིན། རྫོང་དཔོན་ལགས་ནས་ང་ལ་སྟག་གསོད་པར་དཔུང་རོགས་མི་བཅུ་དང་། འཁར་རྔ་སྐད་གསང་ཤོས་གཅིག་ལས་གཞན་མཚོན་ཆ་གང་ཡང་མི་དགོས་ཞེས་བརྗོད་ཅིང་སེམས་སུ་འཁར་རྔ་བརྡུངས་ན་སྟག་མོ་ཞེད་དེ་བྲོས་འགྲོ་ངེས་རེད་ལ་གལ་ཏེ་སྟག་མོ་དང་འཐབ་དགོས་བྱུང་རུང་དམག་མི་ཉུང་ཉུང་ལས་མེད་ན་དེ་རྣམས་སྟག་མོར་ཡ་ལན་བྱེད་ཐུབ་པ་མི་འདུག་བསམས་ནས་བྲོས་འགྲོ་ངེས་རེད། དེས་ན་སྟག་མོ་གསོད་མ་ཐུབ་ཚེ་ང་ལ་ཁ་གཡར་ས་ཞིག་རག་གི་རེད་སྙམ། དེ་ནས་རྫོང་དཔོན་གྱིས་གཞོན་པ་དེའི་འདོད་བློ་དང་རེ་བ་བཞིན་དམག་མི་བཅུ་དང་དགོན་པའི་འཁར་རྔ་གཅིག་བསྐུར་ཏེ་སྟག་མོ་མི་གཟན་གནས་པའི་ལུང་པ་དེར་བཏང་། ལུང་པའི་མདོ་དེར་སླེབས་སྐབས་རྫུན་གཏམ་ཤོད་མཁས་པའི་གཞོན་པ་དེས་དམག་མི་བཅུ་པོ་ལུང་པའི་གཡས་སུ་བཏང་། ཁོ་རང་གཡོན་དུ་འགྲོ་རྒྱུ་བྱས།དམག་མི་བཅུ་པོར་ངས་འཁར་རྔ་ལྡིང་ལྡིང་ཞེས་དལ་པོའི་ངང་རྡུང་སྐབས་སྟག་མོ་མ་བརྙེད་པའི་རྟགས་ཡིན་པས་ཁྱོད་ཚོས་སྟག་མོ་འཚོལ་ཤིགངས་འཁར་རྔ་ལྡིང་ལྡིང་ལྡིང་ཞེས་མགྱོགས་རྡུང་བྱས་བྱུང་ཚེ་ངས་སྟག་མོ་དང་འཐབ་པའི་རྟགས་ཡིན་པས་ཁྱེས་ཚོས་བློ་བདེ་པོའི་ངང་ངལ་གསོ་བརྒྱབ་ནས་སྡོད་ཅིག་ཅེས་བཤད་པ་དང་། དམག་མི་རྣམས་ཀྱིས་ཀྱང་དེ་ལྟར་བྱ་རྒྱུ་བྱས་ཏེ་སོང་། གཞོན་པ་དེས་ལུང་པའི་གཡོན་ནས་འཁར་རྔ་ལྡིང་ལྡིང་ཞེས་བརྡུངས་པ་དང་།སེམས་སུ་སྟག་མོས་འཁར་རྔའི་སྐད་ཐོས་པ་དང་ཞེད་དེ་ལུང་པའི་གཡས་སུ་བྲོས་འགྲོ་ངེས་རེད་བསམས་མོད།འོན་ཀྱང་དེ་ལས་ལྡོག་སྟེ་སྟག་མོ་མི་གཟན་དེས་འཁར་རྔའི་སྐད་སྐྲ་དེད་ནས་ཚུར་རྒྱུགས་ཡོང་སྟེ་རྫུན་གཏམ་ཤོད་མཁས་པའི་སྟག་གསོད་དཔའ་བོ་རྫུན་མ་དེ་དང་ཐུག  གཞོན་པ་དེས་སྟག་མོ་མཐོང་འཕྲལ་འཁར་རྔ་ཤུགས་གང་ཡོད་ཀྱིས་མགྱོགས་པོར་བརྡུངས་པས་སྟག་མོ་མི་གཟན་དེ་དེ་བས་ངར་ལངས་ཏེ་ཁོའི་ཐོག་ཏུ་མཆོངས།ཁོའི་དཔུང་རོགས་དམག་མི་རྣམས་འཁར་རྔ་མགྱོགས་རྡུང་བྱེད་པ་ཐོས་སྐབས་ཁོའི་བཀོད་སྒྲིག་ལྟར་ངལ་གསོས་ནས་ལྷོད་པོར་བསྡད། རྫུན་གཏམ་ཤོད་པར་མཁས་པའི་གཞོན་པ་དེས་འཁར་རྔ་ཇི་ཙམ་བརྡུངས་ན་སྟག་མོ་མི་གཟན་དེས་དེ་ཙམ་གྱིས་ངར་ལངས་ནས་ཁོའི་ལུས་ཐོག་ཏུ་མཆོངས་ཤིང་རྨུག་པས་སྐད་ཅིག་ཉིད་དུ་ཁོ་སྲོག་དང་འབྲལ་ཞིང་སྟག་མོའི་ཞིམ་ཟས་སུ་གྱུར།རྫུན་གཏམ་ཤོད་པར་མཁས་པའི་གཞོན་པ་དེ་དབུགས་ཆད་ལ་མ་ཆད་ཀྱི་མཚམས་སུ་རྫུན་གྱིས་རང་ཉིད་ཀྱི་སྲོག་ཀྱང་ཕུང་སོང་བསམས་ཏེ་འགྱོད་གདུངས་ཚད་མེད་བྱུང་ནའང་བསམ་བློ་སྔ་གཏོང་མཁས་པ་ཡིན།འགྱོད་པ་ཕྱིས་ན་ཕན་པ་མེད་ཅེས་པའི་དཔེ་བཞིན་ཕན་ཐོགས་གང་ཡང་མ་བྱུང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1