གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༢༡ཉིན།

༄༅།། ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གྱི་ཁྱད་པར་དང་འབྲེལ་བའི་སྐོར་མདོ་ཙམ་གླེང་བ།

 བསྟན་པ་ཡེ་ཤེས།
          [ནང་དོན་གནས་བསྡུས།  ] དཔྱད་རྩོམ་འདིར་མར་ཁེ་སི་རིང་ལུགས་ཀྱི་རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་ལ་གཞི་བྱས་ཤིང་། རྩོམ་རིག་གཤིབ་བསྡུར་རིགས་ལམ་གྱི་ཐབས་ཤེས་ལ་བརྟེན་ཏེ་དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་གཙོ་བོར་གྱུར་བའི་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་ཀྱི་གོ་དོན་དང་།  ལོ་རྒྱུས་འཕེལ་བའི་བཤུལ་ལམ་རིང་མོའི་ཁྲོད་དུ་དེ་གཉིས་དབར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་དང་འབྲེལ་བའི་སྐོར་ལ་ཅུང་ཞིབ་ཆ་དང་ལྡན་པའི་སྒོ་ནས་མཐའ་དཔྱོད་བྱས་ཏེ།   དེ་གཉིས་དབར་ཐད་ཀར་མཚུངས་རྟགས་བརྒྱབ་ན་མི་ཆོག་པར་གནའ་རབས་ཀྱི་དུས་སུ་བྱུང་བའི་རྩོམ་ལུས་ཀྱི་རྣམ་པ་མི་འ དྲ་བ་གཉིས་ཡིན་པའི་ལྟ་ཚུལ་གསལ་སྟོན་བྱས་ཡོད། 
          [བརྡ་ཆད་གཙོ་བོ། ] ལྷ་སྒྲུང་།  ལོ་རྒྱུས་སྙན་རྩོམ།  གོ་དོན།  འབྲེལ་བ།  ཁྱད་པར། [ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] I29 [ཡིག་ཚང་མཚོན་བྱང་། ] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946-946X(2012)01-092-10 
གླེང་གཞི།
          དེ་ཡང་མིའི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ནས་བལྟས་ཚེ།  དམངས་ཁྲོད་ཀྱི་རྩོམ་རིག་ནི་ཆེས་སྔ་བ་ཡི་གེ་མ་བྱུང་བའི་སྐབས་ནས་བྱུང་ཞིང་རྩོམ་ལུས་ཀྱི་རྣམ་གྲངས་མང་ལ་བརྗོད་བྱའི་ནང་དོན་གཞི་རྒྱ་ཆེ་བ་དང་ཕུན་སུམ་ཚོགས་པོ་ཡོད་པས།  རྩོམ་རིག་སྒྱུ་རྩལ་སྤྱིའི་ཁྱབ་ཁོངས་ནང་གལ་ཆེའི་གནས་བབས་བཟུང་ཡོད་ལ་དེར་ཞིབ་འཇུག་གི་རིན་ཐང་ཡང་ཤིན་ཏུ་ནས་ཆེ་བ་ཡོད།  ལྷག་པར་དུ་དམངས་ཁྲོད་ཀྱི་ལྷ་སྒྲུང་ནི་རྩོམ་རིག་གི་གདོད་མའི་དུས་ཀྱི་རྣམ་པ་ཞིག་ཡིན་ལ་དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་སྟབས།  ཕྱིས་སུ་བྱུང་བའི་ངག་རྩོམ་དང་ཡིག་རྩོམ་ཅི་རིགས་ལ་མང་ཉུང་ལ་མ་ལྟོས་པར་དེའི་ཤུགས་རྐྱེན་ཐེབས་ཡོད་པ་ནི་གོར་མ་ཆག
          དེས་ན་ལོ་རྒྱུས་སྙན་རྩོམ་ཡང་ལྷ་སྒྲུང་གི་ཕྱི་ལོགས་དེ་མ་ཐག་དུ་བྱུང་བའི་ཐོན་དངོས་ཞིག་ཡིན་ཙ་ན་ལྷ་སྒྲུང་གི་རང་བཞིན་མངོན་པར་གསལ་ཞིང་གསོན་ཤུགས་ཀྱང་རྩོམ་ལུས་གཞན་ལས་ཆེས་ཆེར་ལྡན་ཡོད།  ཡིན་ནའང་ལྷ་སྒྲུང་གི་ཤུགས་རྐྱེན་ཐེབས་པ་དང་ལྷ་གཤིས་ལྡན་པ་དེ་རྟགས་སུ་བཀོད་ནས་ཉ་ཉུང་མཉམ་བསྲེས་ཀྱིས་ལོ་རྒྱུས་སྙན་རྩོམ་དེ་ཉིད་ལྷ་སྒྲུང་གི་ཁོངས་སུ་བཞག་ན་ཤིན་ཏུ་ནས་མི་འཐད་པས།  འདིར་ཁོ་བོས་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་དང་འབྲེལ་བའི་སྐོར་ལ་རང་བློས་གང་དཔོག་གིས་གསེད་དཀྲོལ་ཅུང་ཟད་བྱ་བར་འདོད་དོ།
          དང་པོ།  ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གྱི་གོ་དོན་སྤྱིར་བཤད་པ།
          གཅིག ལྷ་སྒྲུང་གི་གོ་དོན་སྤྱིར་བཤད་པ། 
          འཛིན་མའི་དཀྱིལ་འཁོར་ཡངས་པོ་འདིར་འཚོ་ཞིང་གནས་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་ཚང་མར་རང་རང་གི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་པོ་རེ་ཡོད་ལ།   སོ་སོའི་ཁྱད་ཆོས་མངོན་པར་མཚོན་ཞིང་མཚར་ཉམས་དང་ལྡན་པའི་ལྷ་སྒྲུང་ཡང་སྣ་ཚོགས་ཡོད།   མི་རིགས་གང་འདྲ་ཞིག་ལ་མཚོན་ནའང་ལྷ་སྒྲུང་ནི་མི་རིགས་དེའི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་མཐའ་དག་གྲུབ་པའི་རྨང་གཞིའམ་རྩ་བ་ལྟ་བུ་ཞིག་ཡིན་སྟབས།  ཆུ་འགོ་གངས་དང་ཆོས་འགོ་སངས་རྒྱས་ལ་གཏུགས་པ་ལྟར་མི་རིགས་དེའི་རིག་གནས་ཀྱི་ཁྱབ་ཁོངས་སུ་གྱུར་བའི་རྩོམ་རིག་དང་།  ཆོས་ལུགས།  མཚན་ཉིད་རིག་པ།  སྤྱི་ཚོགས་རིག་པ།  ལོ་རྒྱུས་སོགས་ལ་ཕྱོགས་ཡོངས་ནས་བསམ་གཞིག་དང་ཞིབ་འཇུག་བྱེད་སྐབས། ཐོག་མར་ལྷ་སྒྲུང་ནས་འགོ་བརྩམས་དགོས་པ་ནི་ལྡོག་ཏུ་མེད་པའི་བྱ་བ་ཞིག་ཡིན།  དེས་ན་ད་ལྟའི་བར་ཞིབ་འཇུག་པ་ཚོས་རང་རང་སོ་སོའི་ཞིབ་འཇུག་བྱ་ཡུལ་གྱི་རིག་ཚན་དེའི་ཁྱབ་ཁོངས་དང་དགོས་མཁོ་སོགས་ལ་ལྟོས་ཏེ།  ལྷ་སྒྲུང་ལ་མཚན་ཉིད་ཀྱང་མི་འདྲ་བ་སྣ་ཚོགས་བཞག་ཡོད་དེ་དཔེར་ན།  “རང་བྱུང་རིག་པའི་གྲུབ་མཐའ་སྨྲ་བ་ཚོས་ལྷ་སྒྲུང་ནི་གནའ་སྔ་མོའི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་འཚོལ་ཞིབ་བྱས་པའི་རིགས་པའི་གཞུང་ལུགས་དང་བསམ་པའི་འཆར་སྒོའི་སྣང་ཚུལ་ཞིག་ཡིན་པར་གསུངས།  ལོ་རྒྱུས་རིག་པའི་གྲུབ་མཐའ་སྨྲ་བ་ཚོས་ལྷ་སྒྲུང་ནི་སྐབས་དེའི་ལོ་རྒྱུས་ཟིན་ཐོར་བཀོད་པ་རྣམ་དག་ཅིག་ཡིན་ཟེར།  གཞན་ཡང་།  སྤྱི་ཚོགས་རིག་པའི་གྲུབ་མཐའ་སྨྲ་བ་ཚོས་ལྷ་སྒྲུང་དང་སྐབས་དེའི་སྤྱི་ཚོགས་གོམས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གའི་དབར་འབྲེལ་བ་དམ་ཟབ་ཡོད་པར་བཤད།  དེ་བཞིན།  མིའི་རིགས་རིག་པའི་གྲུབ་མཐའ་སྨྲ་བ་ཚོས་ལྷ་སྒྲུང་ནི་གདོད་མའི་དད་མོས་ཀྱི་ལྷག་ལུས་དངོས་པོ་ཞིག་ཡིན་པར་གསུངས་”①པ་ལྟ་བུ་ཡིན།  དེ་དག་ནི་ཕྱོགས་རྐྱང་པའམ་ཟུར་ངོས་གཅིག་རང་ལ་གཞི་བྱས་ཏེ་ལྷ་སྒྲུང་ལ་ངོས་འཛིན་དང་གདེང་འཇོག་བྱས་པ་ཤ་སྟག་ཡིན་སྟབས།  རང་རང་ཞིབ་འཇུག་བྱ་ཡུལ་གྱི་རིག་ཚན་དེ་ཁོ་ནའི་དགོས་མཁོ་སྐོང་ཐུབ་པ་ཙམ་ལས།  ཆ་ཚང་བའི་སྒོ་ནས་ལྷ་སྒྲུང་བྱུང་བའི་དུས་རིམ་དང་ནང་དོན་སོགས་ལ་གསལ་འགྲེལ་བྱེད་ཐུབ་མེད།  འོན་ཀྱང་དེ་དག་གིས་ཕྱོགས་ཡོངས་ནས་ལྷ་སྒྲུང་ལ་ཞིབ་འཇུག་བྱ་རྒྱུར་བློ་སྒོ་འབྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་པ་ནི་བརྗོད་མི་དགོས།
          འོ་ན།  ལྷ་སྒྲུང་བྱུང་བའི་དུས་རིམ་དང་ནང་དོན་སོགས་ལ་གོ་བ་ཇི་ལྟར་ལེན་སྙམ་ན།  འདིར་ཁོ་བོས་མར་ཁེ་སི་རིང་ལུགས་ཀྱི་རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བར་གཞི་བྱས་ཏེ། ཐོག་མར་ལྷ་སྒྲུང་ཞེས་པའི་ཆེད་སྤྱོད་ཐ་སྙད་ཀྱི་བྱུང་ཚུལ་ནས་འགོ་བཙུགས་ཏེ་བརྗོད་པར་འདོད་དེ།  ད་ལྟ་ང་ཚོས་རྒྱུན་དུ་བེད་སྤྱོད་བྱ་བཞིན་པའི་ལྷ་སྒྲུང་ཞེས་པའི་ཐ་སྙད་འདིའི་འབྱུང་ཕྱི་དངོས་ནི་གནའ་བོའི་ཞི་ལཱ་རྒྱལ་ཁབ་ཏུ་ཡིན་ཅིང་།  དེ་ཡང་“གནའ་བོའི་ཞི་ལཱའི་སྐད་དུMYTHOSཞེས་པ་འདི་ཐ་སྙད་དེའི་འབྱུང་རྩ་དངོས་དེ་ཡིན་ཞིང་། ཐོག་མར་དེའི་དོན་ནི་གཏམ་རྒྱུད་དང་སྒྲུང་ཟེར་བ་ཡིན་ལ་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་དང་ལྔ་པའི་སྐབས་རང་རྐྱ་ཐུབ་པའི་མིང་རྐྱང་ཞིག་ལ་གྱུར་ཞིང་དོན་ཡང་ལྷ་གཤིས་ལྡན་པའི་གཏམ་རྒྱུད་ཟེར་བ་ཡིན།  དུས་རབས་བཅུ་དགུ་ནས་འཛམ་གླིང་ཐོག་ལྷ་སྒྲུང་རིག་པ་སྔར་བས་ཤུགས་ཆེར་དར་བ་དང་ལྷ་སྒྲུང་ཞིབ་འཇུག་ཐད་གྲུབ་འབྲས་ངེས་ཅན་ཐོབ་པས་ལྷ་སྒྲུང་ཞེས་པའི་ཐ་སྙད་དེ་འཛམ་གླིང་རང་བཞིན་ལྡན་པའི་ཆེད་ལས་ཐ་སྙད་ལ་གཏན་འཁེལ་བྱུང་བ་ཡིན།  ” ②དེས་ན་བོད་སྐད་ཀྱི་ལྷ་སྒྲུང་ཞེས་རྒྱ་སྐད་ནང་གི་神话དང་དོན་སྟོན་ཚུལ་གཅིག་པར་གྱུར་བའི་ཆེད་སྤྱོད་ཐ་སྙད་ཀྱི་གོ་བ་ལེན་ཚུལ་དེ་ཡང་རང་མི་རིགས་ལ་སྔ་མོ་ནས་ས་སྐྱེས་རྡོ་སྐྱེས་སུ་ཡོད་པ་ཞིག་མ་ཡིན་པར་འཛམ་གླིང་ལྷ་སྒྲུང་རིག་པའི་ཞིབ་འཇུག་གི་འཕེལ་རྒྱས་དང་སྦྲགས་ཏེ་ནང་འདྲེན་བྱས་པ་ཞིག་ཡིན་པ་གསལ་པོར་རྟོགས་ནུས་ཏེ།  དེ་ཡན་གྱི་ལྷ་སྒྲུང་དང་།  ལོ་རྒྱུས་སྙན་རྩོམ།  གཏམ་རྒྱུད་སོགས་ཚང་མར་ཐུན་མོང་དུ་སྒྲུང་ཞེས་པའི་ཐ་སྙད་བཀོལ་འདུག་པས་སོ།  དཔེར་ན།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་“མདོ་སྡེ་བྱུང་བའི་ལྟས་སུ་སྒྲུང་རྣམས་དར།  རོ་ལང་གསེར་སྒྲུབ་ཀྱི་སྒྲུང་དང་།  མ་སངས་ཀྱི་སྒྲུང་།  མཆིལ་པའི་སྒྲུང་སོགས་ཉན་བཤད་དང་” ③ཞེས་གསལ་ལེར་འཁོད་འདུག་ལ།  གཞན་ཡང་《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་《ཨ་ཁུ་སྟོན་པའི་སྒྲུང་》སོགས་གྲངས་ལས་འདས་པ་ཞིག་འདུག་པ་དག་ལ་ཡང་ཐུན་མོང་ཐོག་སྒྲུང་ཞེས་མགྲིན་གཅིག་དང་དབྱངས་གཅིག་ཏུ་བརྗོད་པ་ལས་ཀྱང་ངེས་ཤེས་འདྲོང་ཐུབ་བོ།  འོན་ཀྱང་ལྷ་སྒྲུང་གི་བརྩམས་ཆོས་ནི་ཆེས་སྔ་མོའི་དུས་ནས་ཡོད་དེ།  ཡོངས་གྲགས་སུ་ལྷ་སྒྲུང་ནི་གདོད་མའི་རུས་རྒྱུད་ཚོ་པའི་སྐབས་སུ་བྱུང་ཞེས་བཞེད་པ་ལྟར་གདོད་མའི་དུས་སྐབས་སུ་མི་རྣམས་ཀྱི་ཐོན་སྐྱེད་ཆུ་ཚད་ཧ་ཅང་དམའ་བ་དང་ཤེས་རྟོགས་ཀྱི་ནུས་པ་ཡང་ཤིན་ཏུ་ནས་ཞན་པར་བརྟེན།  མིག་ལམ་དུ་ལྷང་ངེར་འཆར་བཞིན་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མཚར་པོ་དག་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་མ་ཐུབ་པར།  ཚང་མར་བླ་སྲོག་ཡོད་པ་མ་ཟད་འགྲོ་བ་མིའི་རིགས་དང་འདྲ་བར་འཇིག་རྟེན་ཁམས་འདིར་འཚོ་བ་སྐྱེལ་བཞིན་ཡོད་པར་འདོད་པ་སོགས།  ཡ་མཚན་ཞིང་དགོད་བྲོ་བའི་འགྲེལ་བཤད་སྣ་ཚོགས་བྱས་པ་ལས་བྱུང་བ་ཞིག་ཡིན་པས།  མར་ཁེ་སིས་“ལྷ་སྒྲུང་གང་འདྲ་ཞིག་ཡིན་རུང་ཚང་མ་བསམ་པའི་བཀོད་ཤུགས་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཅོས་དང་བཀོལ་སྤྱོད་བྱེད་འདོད་ནས་རང་བྱུང་ཁམས་ཀྱི་ནུས་ཤུགས་དེ་གཟུགས་སུ་བཀོད་པ་ཞིག་ཡིན་པས།  རང་བྱུང་ཁམས་ཀྱི་ནུས་ཤུགས་དེ་རིགས་དངོས་སུ་བསྒྱུར་བཅོས་དང་བཀོལ་སྤྱོད་བྱེད་ཐུབ་ན་ལྷ་སྒྲུང་ཡང་མེད་པར་འགྲོ་ཡི་རེད་” ④ཅེས་གསུངས་པ་ནི་ལྷ་སྒྲུང་བྱུང་བའི་དུས་རིམ་དང་ནང་དོན་སོགས་ཀྱི་ཁྱད་ཆོས་ལ་ཡང་དག་ཅིང་གནད་ལ་འཁེལ་བའི་བསྡོམས་ཚིག་འཁྲུལ་མེད་ཅིག་ཏུ་མཐོང་།
          མདོར་ན།  ལྷ་སྒྲུང་ནི་བསམ་པའི་བཀོད་པ་ལས་བྱུང་བའི་ཐོན་དངོས་ཤིག་ཡིན་ལ།  སྒྱུ་རྩལ་གཞན་དང་འདྲ་བར་སྤྱི་ཚོགས་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ཞིག་གི་སྟེང་ནས་བྱུང་བའི་སྟེང་གི་བཀོད་པའི་ཁོངས་གཏོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཀྱང་ཡིན་སྟབས།  དུས་ནམ་ཡིན་ཡང་རང་བྱུང་ཁམས་དང་ལྷ་སྒྲུང་བྱུང་བའི་སྤྱི་ཚོགས་ཀྱི་རྣམ་པ་དེ་དང་ཁ་བྲལ་ཐབས་མེད།  དེ་ནི་གདོད་མའི་མིས་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རྣམ་པར་རང་འགུལ་མ་ཡིན་པའི་སྒྱུ་རྩལ་གྱི་ལས་སྣོན་བྱས་པ་ཞིག་ཡིན་པས།  ང་ཚོས་ལྷ་སྒྲུང་གི་མཚན་ཉིད་ཀྱང་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་བྱུང་བའི་ཐོག་མའི་ངག་ཐོག་གི་སྒྱུ་རྩལ་རྣམ་པ་སྟེ།  མི་རྣམས་ཀྱིས་རང་གི་འཆར་སྒོ་དང་།  སེམས་ཁམས།  འདོད་བློ་བཅས་ལ་བརྟེན་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ལྐོག་གྱུར་ནུས་པར་འགྲེལ་པ་དང་གསལ་བཤད་བྱས་པའི་སྒྲུང་ཞིག་ལ་ཟེར་བ་ཡིན་ཞེས་བརྗོད་ན་འགྲིག་པར་སེམས་སོ།
          གཉིས།  ལོ་རྒྱུས་སྙན་རྩོམ་གྱི་གོ་དོན་སྤྱིར་བཤད་པ།
          དེ་ཡང་མར་ཁེ་སིས་ལོ་རྒྱུས་སྙན་རྩོམ་དར་འཕེལ་གྱི་ལོ་རྒྱུས་ཆ་རྐྱེན་གླེང་བའི་སྐབས་སུ།  “སྒྱུ་རྩལ་རང་ངོས་ཀྱི་ཁྱབ་ཁོངས་ནང་གལ་ཆེའི་དོན་སྙིང་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་འགའ་སྒྱུ་རྩལ་གྱི་ཚད་དམའ་བའི་འཕེལ་རྒྱས་ཀྱི་དུས་སྐབས་ལ་གཞི་ནས་འབྱུང་སྲིད་” ⑤ཅེས་ལོ་རྒྱུས་སྙན་རྩོམ་ནི་མིའི་རིགས་སྤྱི་ཚོགས་ཀྱི་སྔ་དུས་དང་།  མིའི་རིགས་སྒྱུ་རྩལ་གྱི་ཆུ་ཚད་དམའ་བའི་དུས་སྐབས་སུ་བྱུང་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་བསྟན་པ་དང་།  ཨུ་རུ་སུའི་གྲགས་ཅན་རྩོམ་རིག་མཁས་ཅན་བེ་ལེན་སི་ཅིས།  “གལ་སྲིད་གནའ་རབས་ཀྱི་ལོ་རྒྱུས་སྙན་རྩོམ་རང་རེ་དེང་རབས་སུ་འབྱུང་སྲིད་སྙམ་ན།  ཁུངས་ལུང་མེད་པའི་ཚད་ནི་རང་རེ་དེང་རབས་ཀྱི་མིའི་རིགས་ལོ་དར་མ་ནས་སླར་ཡང་བྱིས་པར་འགྱུར་ནུས་པ་དང་འདྲ་བར་ངོས་འཛིན་པ་དང་མཚུངས་”⑥ཞེས་གསུངས་པས།  ལོ་རྒྱུས་སྙན་རྩོམ་བྱུང་རིམ་གྱི་དུས་སྐབས་གཙོ་བོ་ནི་གནའ་བོའི་དུས་ཁོ་ན་ཙམ་དུ་ངེས་པས་ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་པ་ཚོས་ཀྱང་དུས་སྐབས་དེ་རང་དུ་བྱུང་བའི་བརྩམས་ཆོས་རྣམས་གཙིགས་ཆེར་བཟུང་སྟེ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་རང་རང་གི་འདོད་ཚུལ་སྣ་ཚོགས་བརྗོད་ཡོད།           རྒྱ་རིགས་ཀྱི་དམངས་ཁྲོད་རྩོམ་རིག་མཁས་ཅན་སྐུ་ཞབས་ཀྲོན་ཅིན་དབན་གྱིས།  “ལོ་རྒྱུས་སྙན་རྩོམ་ནི་དམངས་ཁྲོད་ཀྱི་དོན་བརྗོད་སྙན་རྩོམ་རིང་མོའི་གྲས་སུ་བརྗིད་ཆགས་ཤིང་ཆེས་སྔ་བའི་རྩོམ་ལུས་ཤིག་ཡིན་ཏེ།  དེས་སྙན་ངག་གི་ལམ་ལ་བསྟུན་ནས་མི་རིགས་སོ་སོའི་འཇིག་རྟེན་ཆགས་ཚུལ་དང་འགྲོ་བ་མིའི་རིགས་བྱུང་ཚུལ་བསྟན་ཡོད་པ་མ་ཟད་མི་རིགས་གནས་སྤོ་བ་དང་། མི་རིགས་དབར་བྱུང་བའི་གཡུལ་འཁྲུག་དང་མི་རིགས་དཔའ་བོའི་སྙན་གྲགས་བརྗོད་ཡོད་པ་ཡིན་པས། དེ་ནི་མི་རིགས་ཀྱི་ལོ་རྒྱུས་དང་སྦྲགས་ནས་དར་འཕེལ་བྱུང་བ་ཞིག་ཡིན་པ་དང་།  ཡང་ཕྱོགས་གཞན་ཞིག་ནས་བལྟས་ན།  མི་རིགས་ཀྱི་ལོ་རྒྱུས་སྙན་ངག་ནི་མི་རིགས་དེར་དུས་སྐབས་ངེས་ཅན་ཞིག་ཏུ་བྱུང་མྱོང་བའི་ལོ་རྒྱུས་ཡིན་” ⑦ཞེས་གསུངས་པ་མ་ཟད།  ལོ་རྒྱུས་སྙན་རྩོམ་ནང་བསྟན་པའི་བརྗོད་བྱའི་ནང་དོན་ལ་གཞི་བྱས་ཏེ་སྲིད་པ་ཆགས་ཚུལ་གྱི་ལོ་རྒྱུས་སྙན་རྩོམ་(创世史诗)དང་དཔའ་བོའི་ལོ་རྒྱུས་སྙན་རྩོམ་(英雄史诗)ཞེས་རིགས་ཆེ་བ་གཉིས་སུ་ཡང་བཀར་ཡོད།  ཡང་ཁ་ཅིག་གིས་ལོ་རྒྱུས་སྙན་རྩོམ་ཡིན་ན་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཁོ་ན་ཡིན་དགོས་པ་ལས་སྲིད་པ་ཆགས་ཚུལ་གྱི་ལོ་རྒྱུས་སྙན་རྩོམ་དེ་ལོ་རྒྱུས་སྙན་རྩོམ་མ་ཡིན་པར་འདོད་དེ།  སྲིད་པ་ཆགས་ཚུལ་གྱི་ལོ་རྒྱུས་“སྙན་རྩོམ་དེའི་བརྗོད་བྱ་རྒྱུ་མཚན་དུ་བྱས་ནས་སྙན་རྩོམ་དེའི་ནང་གདོད་མའི་མིས་རང་གི་བློ་འདོད་གཞིར་བྱས་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་ཚུལ་དང་བྱུང་ཚུལ་ལ་འགྲེལ་པ་དང་གསལ་བཤད་བྱས་པས་ལྷ་སྒྲུང་གི་ཁོངས་སུ་གཏོགས་” ⑧ཞེས་གསུངས་པ་ལྟ་བུ་ཡིན།
          འོན་ཀྱང་སེམས་རྣལ་དུ་ཕབ་སྟེ་ལོ་རྒྱུས་སྙན་རྩོམ་ཞེས་པའི་སྒྲ་བཤད་དང་འབྲེལ་ཏེ་ཞིབ་ཏུ་བསམས་ན།  སྲིད་པ་ཆགས་ཚུལ་གྱི་ལོ་རྒྱུས་སྙན་རྩོམ་དེ་ཉིད་ཀྱིས་ཀྱང་སྙན་ངག་གི་རྩོམ་སྟངས་བེད་སྤྱད་དེ་སྐབས་དེའི་མི་རྣམས་ཀྱི་བསམ་པའི་དྲན་སྒོར་ཆེས་ཐོག་མའི་སྐབས་སུ་འཆར་བའི་འཇིག་རྟེན་གྱི་ལྟ་ཚུལ་དང་འགྲོ་བ་མི་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་བཅས་མངོན་པར་མཚོན་པར་བྱས་ཡོད་པས།  ལོ་རྒྱུས་སྙན་རྩོམ་ཞེས་པའི་ཐ་སྙད་འཇུག་ཏུ་རུང་བ་ཙམ་མ་ཟད།   ལོ་རྒྱུས་སྙན་རྩོམ་ཞེས་པའི་ཐ་སྙད་དེར་སྒྲ་ཡངས་དོག་གཉིས་ཀྱི་ཆ་ནས་གོ་བ་བླངས་ན་ཤིན་ཏུ་ནས་འཐད་ཅིང་བདེན་ཞེན་གྱི་རྩོད་གླེང་ཀུན་ཞི་བར་འགྱུར་ངེས་པས་འདིར་རང་གི་འདོད་ཚུལ་ཅུང་ཟད་གླེང་བར་བྱ་རྒྱུ་ཡིན།
          དེ་ཡང་།  སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་ལོ་རྒྱུས་སྙན་རྩོམ་ཞེས་པ་ནི་དུས་རབས་ངེས་ཅན་ཞིག་གི་སྐབས་སུ་དངོས་སུ་བྱུང་མྱོང་བའི་ལོ་རྒྱུས་དེ་སྙན་ངག་གི་རྟ་ལ་དྲངས་ནས་བརྗོད་པའི་བརྩམས་ཆོས་མཐའ་དག་ལ་གོ་ན་འགྲིག་ཅིང་།  དེའི་ནང་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཚུད་ཡོད་ལ་སྲིད་པ་ཆགས་ཚུལ་གྱི་ལོ་རྒྱུས་སྙན་རྩོམ་ཡང་ཚུད་ཡོད་པས།  གོང་དུ་བརྗོད་པའི་སྐུ་ཞབས་ཀྲོན་ཅིན་དབན་གྱི་དགོངས་ཚུལ་དེ་ཡང་སྒྲ་ཡངས་འཇུག་གི་ཁོངས་སུ་བཞག་ན་འཐད་པར་མཐོང་།  འོ་ན།  སྒྲ་དོག་འཇུག་གི་ལོ་རྒྱུས་སྙན་རྩོམ་ཞེས་པ་དེ་གང་འདྲ་ཞིག་ལ་གོའམ་སྙམ་ན།  རང་ལུགས་སུ་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཁོ་རང་ལ་ངོས་འཛིན་པར་འདོད་དེ། 
          ༡ ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་འཕེལ་རིམ་གྱི་གོ་བ་ལེན་ཚུལ་ནས་བཤད་ན་ཕ་རན་སིའི་གྲགས་ཅན་རྩོམ་རིག་མཁས་ཅན་ཕུར་ཐིས།  (伏尔泰)“ལོ་རྒྱུས་སྙན་རྩོམ་ཞེས་པའི་མིང་དེ་ཞི་ལཱའི་ཡི་གེεπosལས་བྱུང་ཞིང་ཐོག་མའི་དོན་ནི་གཏམ་གླེང་བྱས་པ་(谈话)ལ་གོ་བ་དང་། སྔར་མུས་བཞིན་གོམས་འདྲིས་འབའ་ཞིག་དབང་གིས་མིང་དེ་དང་སྙན་ངག་རྩོམ་སྟངས་བེད་སྤྱད་ནས་བྲིས་པའི་ཉེན་ཁར་མི་འཛེམས་པའི་དཔའ་བོའི་མཛད་རྗེས་སྐོར་གྱི་དོན་བརྗོད་པ་གཉིས་འབྲེལ་འདྲིས་དམ་པོར་གྱུར།  དཔེར་ན་ལཱ་ཏིང་ཡི་གེའི་ནང་གི་oratioདང་འདྲ་སྟེ་མིང་དེའི་ཆེས་ཐོག་མའི་དོན་ནི་གཏམ་གླེང་བྱས་(谈话)པ་ལ་གོ་བ་དང་དེ་རྗེས་དངོས་སུ་གཏམ་བཤད་(演说)བྱས་པར་ཆེད་མངགས་གོ་བ་ཡིན།  Imperator་ཞེས་པའི་འབོད་ཚུལ་དེ་ཡང་དེ་ལྟར་ཡིན་ཏེ། ཐོག་མར་དམག་དཔུང་ནང་གི་དམག་དཔོན་ཁོ་ན་ལ་བེད་སྤྱོད་པ་དང་ཕྱིས་སུ་རོ་མའི་དབང་སྒྱུར་བྱེད་མཁན་མཐོ་ཤོས་ཀྱི་མཚན་སྙན་དུ་ཆེད་མངགས་འབོད་པ་ཡིན།  དེར་བརྟེན་ལོ་རྒྱུས་སྙན་རྩོམ་ཞེས་པ་དེ་རང་ལ་བལྟས་ན།  དེ་ནི་སྙན་ངག་གི་རྩོམ་སྟངས་བེད་སྤྱད་ནས་བྲིས་པའི་ཉེན་ཁར་མི་འཛེམས་པའི་དཔའ་བོའི་མཛད་རྗེས་སྐོར་གྱི་དོན་བརྗོད་པ་ཞིག་ཡིན་” ⑨ཞེས་སུངས་པ་ལྟར།  ད་ལྟ་ང་ཚོས་རྒྱུན་དུ་བེད་སྤྱོད་བྱ་བཞིན་པའི་ལོ་རྒྱུས་སྙན་རྩོམ་ཞེས་པའི་ཐ་སྙད་དེའི་འབྱུང་ཁུངས་དངོས་ནི་གནའ་བོའི་ཞི་ལཱའི་ཡི་གེ་επosཞེས་པ་དེ་ཡིན་པ་མ་ཟད།  དེའི་ཆེས་ཐོག་མའི་དོན་ནི་གཏམ་གླེང་བྱས་པ་ལ་ཟེར་ཡང་།  ཕྱིས་སུ་གོམས་འདྲིས་འབའ་ཞིག་དབང་གིས་སྙན་ངག་གི་རྩོམ་སྟངས་བེད་སྤྱད་ནས་བྲིས་པའི་ཉེན་ཁར་མི་འཛེམས་པའི་དཔའ་བོའི་མཛད་རྗེས་སྐོར་གྱི་དོན་བརྗོད་པའི་ཆེད་སྤྱོད་ཐ་སྙད་ལྟ་བུར་གྱུར་ཡོད།
          ༢ དེང་སྐབས་འཛམ་གླིང་ཐོག་ཆེས་ཤིན་ཏུ་རིང་ལ་མིང་གྲགས་ཆེ་ཤིང་ཐུན་མོང་གིས་ཁས་ལེན་པའི་ལོ་རྒྱུས་སྙན་རྩོམ་ཕལ་ཆེ་བ་ནི་དཔའ་བོའི་རྟོགས་པ་བརྗོད་པ་ཤ་སྟག་ཡིན་པ་མ་ཟད།  ལོ་རྒྱུས་སྙན་རྩོམ་གྱི་སྐབས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གླེང་ཤུགས་ཆེ་བར་མཐོང་སྟེ།  དཔེར་ན་གནའ་བོའི་ཞི་ལཱའི་ཧེ་མའི་ལོ་རྒྱུས་སྙན་རྩོམ་དང་།  གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གཉིས།  པ་པི་ལུན་གྱི་《ཅི་མི་ཧྲི》(吉乐伽美什)དང་།  བོད་མི་རིགས་ཀྱི་《གླིང་གེ་སར་རྒྱལ་པོའི་སྒྲུང་》དེ་བཞིན་ཤིང་ཅང་ཁུལ་ཁོར་ཅི་རིགས་ཀྱི་《མ་ནི་སི་》(玛纳斯)ལ་སོགས་པ་ཇི་སྙེད་ཅིག་འདུག་པ་དག་ལ་བལྟས་པ་ཙམ་གྱིས་ཀྱང་ཚོར་སྣང་སྦྱིན་ཐུབ་པས་ཡིན།  དེས་ན།  འདིར་ཁོ་བོས་གླེང་བར་བྱ་བའི་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་ཀྱི་ཁྱད་པར་དང་འབྲེལ་བ་ཞེས་ཁ་བྱང་ནང་བསྟན་པའི་ལོ་རྒྱུས་སྙན་རྩོམ་དེ་ཡང་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་ལོ་རྒྱུས་སྙན་རྩོམ་ཁོ་ན་ལ་གོ་བ་ཡིན་ནོ་ཞེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྨྲ་བར་བྱེད་དོ།   །
          གཉིས་པ།  ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་དང་བར་གྱི་འབྲེལ་བ།
          སྤྱིར་ན་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་ནི་ཆེས་སྔ་མོའི་དུས་སྐབས་ནས་ངལ་རྩོལ་མི་དམངས་རྣམས་ཀྱིས་ཐུན་མོང་ཐོག་གསར་རྩོམ་དང་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཞིག་ཡིན་སྟབས།  དེ་གཉིས་དབར་རང་ཤུགས་སུ་འབྲེལ་བ་ཟབ་པོ་ཡོད་པ་ཡིན།  འོན་ཀྱང་ཞིབ་ཕྲའི་འབྲེལ་བ་འདི་ཡིན་ཞེས་ཐད་ཀར་ཁ་ཚོན་གཅད་རྒྱུ་ནི་ཤིན་ཏུ་ནས་དཀའ་བའི་གནས་སུ་སྣང་།  ཡོངས་གྲགས་སུ་ལྷ་སྒྲུང་ནི་ཕྱིས་ཀྱི་སྒྱུ་རྩལ་རྩོམ་རིག་འཁྲུངས་པའི་ཞིང་ས་གཤིན་པོ་ཞིག་དང་དམངས་ཁྲོད་ཀྱི་རྩོམ་རིག་རྒྱ་མཚོ་ལྟ་བུ་འདི་ཉིད་འབྱུང་བའི་ཆུ་འགོ་གངས་ལ་གཏུགས་པ་ལྟར་ཡིན་ཞེས་པ་དང་།  ལྷག་པར་དུ་རླབས་ཆེན་གྱི་གཙོ་འཛིན་མར་ཁེ་སིས།  “ཞི་ལཱའི་ལྷ་སྒྲུང་ནི་ཞི་ལཱའི་སྒྱུ་རྩལ་གྱི་བང་མཛོད་དང་དེའི་ཞིང་སའམ་མའི་མངལ་ལྟ་བུ་ཡིན་” ⑩ཞེས་གསུངས་པར་དཔགས་ན།  ལོ་རྒྱུས་སྙན་རྩོམ་འདི་ཡང་ལྷ་སྒྲུང་རྨང་གཞིར་བྱས་པ་དང་དེའི་ཤུགས་རྐྱེན་འོག་གསར་རྩོམ་དང་འཕེལ་རྒྱས་སོང་བ་ལས་བྱུང་བ་ཞིག་ཡིན་པར་གདོན་མི་ཟ་བས།  ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་དབར་གྱི་འབྲེལ་བ་ཡང་རྒྱུ་དང་འབྲས་བུའི་འབྲེལ་བ་ཙམ་དུ་བཞག་ན་མི་འཐད་པ་མེད་སྙམ་སྟེ།  ལྷ་སྒྲུང་དེས་ལོ་རྒྱུས་སྙན་རྩོམ་འདི་ཉིད་ཐོན་པར་ཧ་ཅང་ཕུན་སུམ་ཚོགས་པའི་རྒྱུ་ས་བོན་ལྟ་བུ་ཞིག་བཏབ་ཡོད་པས་སོ།  དཔེར་ན་རང་རྒྱལ་བོད་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་པོ་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་》ལ་ཆ་མཚོན་ན་ཡང་དེའི་སྔ་ལོགས་སུ་བྱུང་བའི་རྒྱུ་སྟེ།  མཚར་ཉམས་དང་ལྡན་པའི་ལྷ་སྒྲུང་དག་གི་རྩོམ་སྟངས་དང་སྒྲིག་སྟངས་བཅས་གང་སྤྱིའི་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད།  གང་འཚམ་བཀོལ་སྤྱོད་བྱས་ཡོད་པའང་གསལ་པོར་མངོན་རྒྱུ་ཡོད་དེ།  《གླིང་སྒྲུང་》 ལས་གེ་སར་རྒྱལ་པོའི་གཟུགས་བརྙན་དེ་ལྷ་དང་མི་གཉིས་ཀའི་ཁྱད་ཆོས་ལྡན་ལ་མི་ལས་འདས་པའི་རྫུ་འཕྲུལ་དང་མངོན་ཤེས་སྣ་ཚོགས་ཤེས་མཁན་ཞིག་ཏུ་བསྐྲུན་ཡོད་པ་དང་།  ཐ་ན་སྒྲུང་ནང་བསྟན་པའི་མདའ་གྲི་མདུང་གསུམ་དང་། འདབ་ཆགས།  རྟ་ལ་སོགས་པ་དུད་འགྲོ་དང་བེམ་པོའི་རིགས་དག་མི་སྐད་བརྗོད་ནུས་པ་མ་ཟད།  དགྲ་གྲོགས་ལ་ཉེ་རིང་ཆགས་སྡང་གི་འདུ་ཤེས་ཀྱང་ཡོད་མཁན་ཞིག་ཏུ་བསྐྲུན་ཡོད་པས། ལྷ་སྒྲུང་གསར་རྩོམ་གྱི་ཐབས་ལམ་གཙོ་བོ་སྟེ་འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་སོར་བཞག་རྒྱུན་འཛིན་བྱས་ཡོད་པ་གསལ་པོར་ཤེས་ཐུབ།  དེ་བཞིན་“ གེ་སར་སྒྲུང་དུ་ཐོག་མར་གླིང་གེ་སར་རྒྱལ་པོ་ནི་སྟེང་ཕྱོགས་ལྷ་ཡུལ་གྱི་ལྷ་ཚངས་པ་དཀར་པོའི་སྲས་གསུམ་ལས་ཐ་ཆུང་དོན་གྲུབ་དཀར་པོ་ཡིན་པར་བསྟན་ཡོད་པ་དང་། སྐབས་དེར་འཇིག་རྟེན་མི་ཡུལ་བདུད་དང་མ་རུང་པས་དབང་དུ་བསྒྱུར་ནས་མགོ་ནག་མི་ལ་གནོད་འཚེ་གཏོང་བ་དང་སྐྱེ་འགྲོ་རྣམས་ཉིན་གཅིག་ཀྱང་གནས་བཟོད་མི་བདེ་བའི་ཚུལ་འཕགས་པ་སྤྱན་རས་གཟིགས་ཀྱིས་མཁྱེན་ནས་ལྷ་ཚངས་པ་དཀར་པོ་དང་གྲོས་བྱས་ཏེ་སྲས་ཐ་ཆུང་དོན་གྲུབ་དཀར་པོ་མི་ཡུལ་དུ་སྐྱབས་མགོན་ལ་མངགས་པ་རེད་”⑾ཅེས་པའི་ཚུལ་དེ་དང་བོད་ཀྱི་གནའ་རབས་ལྷ་སྒྲུང་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོའི་སྒྲུང་ནང་གི་སྤྲེའུ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱིས་མི་ཡུལ་དུ་མངགས་པ་གཉིས་སྟེས་དབང་གིས་འདྲ་མཚུངས་སུ་སྣང་།  མ་ཟད་གླིང་སྒྲུང་ནང་དུ་བྱུང་བའི་མི་སྣ་ཕན་ཚུན་གཏམ་གླེང་བྱས་པའི་གླུ་ཚིག་ཕལ་ཆེ་བ་ཡང་ལུས་བཅད་པ་ཡིན་པ་གང་ཞིག་ལ་སྒྲིག་སྟངས་ཀྱི་རྣམ་པ་ཡང་གཙོ་བོ་དྲི་བ་དྲི་ལན་གྱི་ཐབས་ལམ་སྤྱད་ཡོད་པས།  དེ་དང་གནའ་རབས་ཀྱི་དུས་སུ་བྱུང་བའི་བོད་ཀྱི་ལྷ་སྒྲུང་《སྲིད་པ་ཆགས་གླུ》དང་《སྲིད་པས་བ་ཆུང་བཤའ་བ་》སོགས་ཀྱི་རྣམ་པ་དང་སྒྲིག་གཞི་གང་ནས་བསམས་ཀྱང་སྤྱིར་མཚུངས་པ་ཁོ་ནར་ངེས་པས་དེ་དག་གི་ཤུགས་རྐྱེན་ཐེབས་པའང་སྲིད་དོ།
          མདོར་ན།  གོང་གསལ་གྱི་དཔེ་མཚོན་དག་ལས་ང་ཚོས་ངེས་ཤེས་འདྲོང་ཐུབ་པ་ནི།  གནའ་རབས་ཀྱི་དུས་སྐབས་སུ་བྱུང་བའི་རྣམ་མང་ཕུན་སུམ་ཚོགས་པའི་ལྷ་སྒྲུང་དག་གིས་ལོ་རྒྱུས་སྙན་རྩོམ་གྱི་དར་འཕེལ་ལ་རིན་ཐང་བྲལ་བའི་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་བྱས་ཡོད་པ་མ་ཟད།  སྒྱུ་རྩལ་གྱི་རྨང་གཞི་ཡང་ལེགས་པོ་ཞིག་བཏིང་ཡོད་པ་དེ་ཡིན་པས།  དེས་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་དབར་གྱི་འབྲེལ་བ་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་རྟོགས་ནུས་ལ།  ད་ཕན་ལོ་རྒྱུས་སྙན་རྩོམ་ལ་སྒྲུང་གི་རྣམ་པ་མངོན་པར་གསལ་ཞིང་གསོན་ཤུགས་ཀྱང་རྩོམ་ལུས་གཞན་ལས་ཆེས་ཆེ་བ་ལྡན་ཡོད་ཚུལ་གསལ་པོར་ཤེས་ཐུབ་བོ། 
          གསུམ་པ།  ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་དབར་གྱི་ཁྱད་པར། གཅིག ཐོག་མའི་བྱུང་དུས་མི་འདྲ་བའི་ཁྱད་པར།
          ༡ ལྷ་སྒྲུང་གི་ཐོག་མའི་བྱུང་དུས། 
          《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ་》ལས།  “ལྷ་སྒྲུང་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་སྔ་བ་གདོད་མའི་སྤྱི་ཚོགས་སྐབས་ནས་བྱུང་བའི་བཀྲག་མདངས་རབ་ཏུ་འཚེར་བའི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པ་དང་།  དེ་ཡང་ཞིབ་ཕྲའི་བྱུང་དུས་ནི་གདོད་མའི་རུས་རྒྱུད་ཚོ་པའི་སྐབས་བྱུང་བར་ཕལ་ཆེ་བ་མཐུན་ཞིང་རྩོམ་རིག་གི་རྣམ་པ་དེ་ནི་སྒྲུང་གི་རང་བཞིན་ལྡན་པའི་རྩོམ་ལུས་སྣ་ཚོགས་པའི་ཁྲོད་བྱུང་སྔ་ཤོས་ཡིན་པ་དང་དམངས་ཁྲོད་རྩོམ་རིག་གི་ཆུ་འགོ་ལྟ་བུ་ཡིན་”⑿ཞེས་གསུངས་པ་ལྟར།  གདོད་མའི་དུས་སྐབས་སུ་སྤྱི་ཚོགས་ཐོན་སྐྱེད་ཀྱི་ཆུ་ཚད་དང་མི་རྣམས་ཀྱི་བསམ་པའི་གོ་རྟོགས་ཧ་ཅང་དམའ་བར་བརྟེན།  ཐུན་མོང་ཐོག་ངལ་རྩོལ་གྱིས་རང་བྱུང་ཁམས་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དུས་བཞིའི་འགྱུར་བ་དང་།  ཉི་ཟླ་སྐར་གསུམ་གྱི་འཆར་ནུབ།  སྐྱེ་རྒ་ན་འཆིའི་ཚུལ་སོགས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་རྟོགས་མ་ཐུབ་པ་དང་།  དེ་དག་ལ་འགྲོ་བ་མི་རང་ཉིད་ལས་ལྷག་པའི་སྟོབས་ཤུགས་གཞན་ཞིག་གིས་ཁ་ལོ་བསྒྱུར་བར་བསམས་ཏེ་དེར་འཇིགས་སྣང་དང་དད་མོས་སྣ་ཚོགས་བྱས་ཐོག་ལྷ་ཀླུ་གཉན་བཙན་གྱི་རིགས་མང་བར་བསྐྲུན་ཞིང་།  དེས་རང་ཉིད་ལ་རོགས་རམ་དང་སྲུང་སྐྱོབ་ཀྱིས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་བར་འདོད་དེ།  སླར་ཡང་དེ་དག་ལ་སྐྱབས་སུ་འཛིན་ཅིང་བསམ་པ་རྣམ་དག་གིས་མཆོད་བསྟོད་དང་གསོལ་འདེབས་བྱས་པ་སོགས།  རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་བྱི་བློ་ཅན་གྱི་བསམ་པས་འགྲེལ་པ་དང་ངོས་འཛིན་བྱས་པ་དག་བརྡ་སྤྲོད་པའི་ཐབས་དམ་པ་སྐད་ཆ་བརྟེན་ནས་མཚོན་པར་བྱས་པས་རིམ་བཞིན་ལྷ་སྒྲུང་དེ་ཉིད་བྱུང་བ་ཡིན། 
          ༢ ལོ་རྒྱུས་སྙན་རྩོམ་གྱི་ཐོག་མའི་བྱུང་དུས།
          ཨུ་རུ་སུའི་གྲགས་ཅན་རྩོམ་རིག་མཁས་ཅན་བེ་ལེན་སི་ཅིས།  “ལོ་རྒྱུས་སྙན་རྩོམ་ནི་མི་རིགས་ཀྱི་འདུ་ཤེས་ཐོག་མར་གསོན་དུས་སྙན་ངག་གི་ལམ་ནས་ཐེངས་དང་པོར་སྨིན་པའི་འབྲས་བུ་སྟེ།  ལོ་རྒྱུས་སྙན་ངག་ནི་མི་རིགས་གང་ཞིག་ལ་ལོ་ན་གཞོན་དུས་སུ་བྱུང་བ་ཞིག་ཡིན་ངེས་”⒀ཞེས་དང་།  ཨིན་ཀི་སིས།  མི་རིགས་ཐོག་མར་ཆགས་གྲུབ་བྱུང་བའི་“དམག་དོན་དམངས་གཙོའི་ལམ་ལུགས་སམ་དཔའ་བོའི་དུས་རབས་སུ་བྱུང་བའི་ཐོན་རྫས་ཤིག་ཡིན་”⒁ཞེས་གསུངས་པ་ལྟར།  ལོ་རྒྱུས་སྙན་རྩོམ་ནི་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བར་བརྒལ་བྱུང་བའི་དུས་རིམ་ཙམ་ནས་ཐོག་མར་བྱུང་ཞིང་།  དུས་སྐབས་དེའི་རིང་ལ་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་སྤེལ་བའི་ཁྲོད་དུ་ཤེས་རྨོངས་ཀྱི་བློ་མུན་བསལ་ཞིང་བསམ་གཞིག་བློ་སྒོ་ཕྱེ་སྟེ་ཐོན་སྐྱེད་ངལ་རྩོལ་ལ་ངེས་པར་མཁོ་བའི་ལག་ཆ་མང་པོ་གསར་སྐྲུན་བྱས་སྟབས་ཞིང་ལས་དང་འབྲོག་ལས།  ལག་ཤེས་བཟོ་ལས་སོགས་ཕྱོགས་གང་སྤྱིའི་ཐད་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  ལྷག་པར་དུ་དེའི་སྐབས་སུ་ཚོ་པ་དང་ཚོ་པ།  སྡེ་པ་དང་སྡེ་པ་ཕན་ཚུན་དབར་རྒྱུ་ནོར་དང་དབང་ཆ་འཕྲོག་ལེན་གྱི་ཟིང་འཁྲུག་དང་འཐབ་རྩོད་རྒྱུན་མི་ཆད་པར་གཅིག་འཇུག་གཉིས་མཐུད་ཀྱིས་ཐོན་ཡོད་སྟབས།  དེས་སྒེར་དབང་ལམ་ལུགས་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  དེས་ན་སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་གོམས་བགྲོད་དེ་ཡང་དངོས་སུ་བྲན་གཡོག་ལམ་ལུགས་སྤྱི་ཚོགས་ངོས་སུ་སྤོ་སྒོ་ཚུགས་ལ་ཆེས་ཐོག་མའི་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཀྱང་སྐྱེས་ཐུབ་པ་བྱུང་ཡོད།  དེ་ནི་ཨིན་ཀི་སིས་གསུངས་མྱོང་བའི་དམག་དོན་དམངས་གཙོའི་ལམ་ལུགས་སམ་དཔའ་བོའི་དུས་རབས་ཞེས་པ་དེ་ཡིན་ཅིང་།  དེ་ལྟ་བུའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ན་དཔའ་གཟུགས་བརྙན་ཡང་མི་ཉུང་བ་ཞིག་ཐོན་སྲིད་པས།  དེ་དག་གི་མཛད་པ་དང་འཕྲིན་ལས་དག་ལ་ཚང་མས་གོང་བཀུར་དང་ཡིད་རངས་ཚད་མེད་ཀྱིས་བསྔགས་པ་རྒྱ་ཆེར་སྤེལ་སྟབས་ལོ་རྒྱུས་སྙན་རྩོམ་ཉིད་བྱུང་བའོ།
          འོན་ཀྱང་གསལ་བཤད་བྱ་དགོས་པ་ཞིག་ནི།  བོད་མི་རིགས་ལ་མཚོན་ན་དུས་སྐབས་དེའི་རིང་ཅུང་ཁ་ཐོར་དང་ཡུལ་ཁག་བཅད་བཟུང་དུ་གནས་པ་ལས་མི་རིགས་ཤིག་ཏུ་དངོས་སུ་གྲུབ་མེད་ལ།  གཉའ་ཁྲི་བཙན་པོའི་སྐབས་སུའང་ཡུལ་ལུང་བྱེ་བྲག་པ་ཙམ་ལས་མ་ཟིན་པའི་ཕྱིར་ན་གྲགས་ཆེ་བའི་ལོ་རྒྱུས་སྙན་རྩོམ་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་》 འདི་ཉིད་དངོས་སུ་ཐོན་པའི་རྒྱུ་ཆེར་མ་སྨིན་ནོ།  རྒྱུ་མཚན་དེའི་རྐྱེན་གྱིས་《་གླིང་སྒྲུང་》འདི་ཡང་ཞིབ་དཔྱད་པ་ཕལ་ཆེ་བས་བོད་སིལ་བུའི་དུས་སུ་དངོས་སུ་བྱུང་བ་ཡིན་ཞེས་གསུངས་པ་ནི་ཚད་མར་ངེས་སོ། །
          མདོར་ན་གོང་གསལ་གྱི་དཔྱད་བརྗོད་དག་ལས་ང་ཚོས་ལྷ་སྒྲུང་ནི་གདོད་མའི་རུས་རྒྱུད་ཚོ་པའི་སྐབས་སུ་ཐོག་མར་བྱུང་བ་དང་།  ལོ་རྒྱུས་སྙན་རྩོམ་ནི་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བར་བརྒལ་བྱུང་བའི་དུས་རིམ་ཙམ་ནས་ཐོག་མར་བྱུང་བ་ཞིག་ཡིན་པས།  ལོ་རྒྱུས་སྙན་རྩོམ་ནི་ལྷ་སྒྲུང་ལས་ཀྱང་དུས་ཕྱིས་ཙམ་དུ་བྱུང་བ་ཞིག་ཡིན་པའི་གནད་འགག་ཤེས་ཐུབ་པ་ནི་དེ་གཉིས་ཀྱི་ཐོག་མར་བྱུང་དུས་ཀྱི་ཁྱད་པར་རོ། །
          གཉིས།  བརྗོད་བྱའི་ནང་དོན་ཐད་ཀྱི་ཁྱད་པར། 
          ༡ ལྷ་སྒྲུང་གི་བརྗོད་བྱའི་ནང་དོན། 
          དེ་ཡང་གོང་དུ་ཞུས་ཟིན་ལྟར་ལྷ་སྒྲུང་བྱུང་བའི་དུས་སྐབས་ནི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་ཡིན་ལ།  སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ཡང་འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་དབར་གྱི་འགལ་བ་ཡིན་སྟབས།  ལྷ་སྒྲུང་གི་བརྗོད་བྱའི་ནང་དོན་ཡང་གཙོ་བོ་གདོད་མའི་མི་རྣམས་ཀྱི་རང་བྱུང་ཁམས་ལ་ཐོག་མར་ངོས་འཛིན་བྱེད་པའི་བྱིས་བློ་ཅན་གྱི་བསམ་པ་དང་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་ཐོན་སྐྱེད་ངལ་རྩོལ་གྱི་ཆེ་བསྟོད་ཙམ་མོ།  ཡིན་ནའང་ལྷ་སྒྲུང་འདི་ཉིད་ངག་ཐོག་ཏུ་སྔ་མ་སྔ་མ་ནས་ཕྱི་མ་ཕྱི་མར་བརྒྱུད་ཡོང་བའི་སྐབས་སུ་དབང་སྒྱུར་གྲལ་རིམ་གྱིས་བཟོ་བཅོས་དང་བེད་སྤྱོད་བྱ་སྲིད་ལ།  རྒྱ་ཆེའི་ངལ་རྩོལ་མི་དམངས་རྣམས་ཀྱིས་ཀྱང་སོ་སོའི་མོས་པ་དང་མཐུན་སླད་བསྣོན་འཕྲི་སྤོར་གཅོག་ཅི་ཡང་བྱ་སྲིད་པས།  གདོད་མའི་ལྷ་སྒྲུང་གི་ནང་དོན་རྣལ་མ་ལ་ལྷད་སྐྱོན་ཞུགས་པའང་མངོན་སུམ་དུ་སྣང་།  དེ་དག་ལ་ང་ཚོས་ས་འཕྱར་རྡོ་འབུད་ཀྱིས་གཙང་སེལ་ལེགས་པོ་མ་བགྱིས་པར་ཨུ་ཚུགས་ཀྱི་རང་གཤིས་བརྟན་པོར་སྲུང་ན།  དམངས་ཁྲོད་རྩོམ་རིག་གི་རྩ་བའི་ཁྱད་ཆོས་ཏེ་ངག་ཐོག་གི་རང་བཞིན་དང་།  འགྱུར་བའི་རང་བཞིན།  མཉམ་སྡེབ་ཀྱི་རང་བཞིན།  རྒྱུན་འཛིན་གྱི་རང་བཞིན་བཅས་ལ་ཁྱད་བསོད་བྱེད་པའི་སྐྱོན་དུ་འགྲོ་ངེས།  དེས་ན་མར་ཁེ་སིས།  “ལྷ་སྒྲུང་གང་འདྲ་ཞིག་ཡིན་ཡང་ཚང་མ་བསམ་པའི་བཀོད་ཤུགས་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཅོས་དང་བཀོལ་སྤྱོད་བྱེད་འདོད་ནས་རང་བྱུང་ཁམས་ཀྱི་ནུས་ཤུགས་དེ་གཟུགས་སུ་བཀོད་པ་ཞིག་གོ” ⒂ཞེས་གསུངས་པ་ལྟར།  ལྷ་སྒྲུང་གིས་གདོད་མའི་དུས་ཀྱི་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས།  དེ་བཞིན་མི་རང་ཉིད་ལས་གྲུབ་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ངོས་འཛིན་བྱེད་པའི་བརྒྱུད་རིམ་ནང་གྲུབ་པའི་ཐུན་མོང་ལྟ་བ་དང་བསམ་སྟངས་རྣལ་མར་མཚོན་པར་བྱས་ཡོད། 
          འོན་ཀྱང་རྒྱལ་ཁབ་བམ་མི་རིགས་མི་འདྲ་བའམ་རང་རང་འཚོ་གནས་བྱེད་སའི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བའི་དབང་གིས་ལྷ་སྒྲུང་ནང་དུ་བསྟན་བྱའི་བརྗོད་བྱ་སྤྱིར་འདྲ་ཡང་བརྗོད་ཚུལ་གྱི་ཐབས་ལམ་མམ་བརྗོད་སྟངས་ཀྱི་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་དེ།  དཔེར་ན་བརྗོད་བྱ་འགྲོ་བ་མི་ཇི་ལྟར་བྱུང་ཚུལ་བསྟན་པ་ལ་ཆ་བཞག་ན།  སྤྲེའུ་ལས་མིར་འགྱུར་བ་དང་།  སྲིད་པ་ཀློང་གི་སྒོ་ང་ལས་མི་བྱུང་བ།  གནམ་ས་གཉིས་བརྡབས་པ་ལས་མི་བྱུང་བ།  དེ་བཞིན་གཅེན་གཅུང་གཉིས་གཉེན་བསྡེབས་པ་ལས་མི་བྱུང་བ་། སྐྱབས་མགོན་གྱིས་མི་བསྐྲུན་པ་སོགས་བརྗོད་ཚུལ་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་ལྟར་རོ། 
          ༢ ལོ་རྒྱུས་སྙན་རྩོམ་གྱི་བརྗོད་བྱའི་ནང་དོན། 
          ལོ་རྒྱུས་སྙན་རྩོམ་བྱུང་བའི་དུས་སྐབས་ནི་གྲལ་རིམ་ཡོད་པའི་སྤྱི་ཚོགས་ཀྱི་ཐོག་མའི་སྐབས་ཡིན་ཞིང་།  སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ཡང་གདོད་མའི་མི་དང་རང་བྱུང་ཁམས་དབར་གྱི་འགལ་བ་ནས་མི་དང་མིའི་དབར་གྱི་འགལ་བར་འགྱུར་ཡོད།  ལྷག་པར་དུ་ལོ་རྒྱུས་སྙན་རྩོམ་ནི་དམག་དོན་དམངས་གཙོའི་ལམ་ལུགས་སམ་དཔའ་བོའི་དུས་རབས་སུ་བྱུང་བའི་ཐོན་དངོས་ཤིག་ཡིན་ཙ་ན།  དེའི་བརྗོད་བྱའི་ནང་དོན་ཡང་གཙོ་བོ་མི་རིགས་ཆགས་གྲུབ་དང་གནས་ཆགས་གཞིས་སྤོས།  རྒྱལ་ཕྲན་དང་མི་རིགས་གཞན་དབར་དཔུང་འཇུག་གཡུལ་འཁྲུག་སོགས་བྱེད་སྐབས་ཐོན་པའི་དཔའ་བོའི་མི་རིགས་དང་དཔའ་བོའི་ལོ་རྒྱུས་མི་སྣའི་འོད་སྟོང་འབར་བའི་མཛད་པ་དང་འཕྲིན་ལས་དག་ཡིན་པས།  དེར་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་ཆེས་ཆེར་ལྡན་ཡོད།  དཔེར་ན་གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་མ་ཧཱ་བྷ་ར་ཏ་(摩河婆罗多)ཞེས་པའི་ནང་པན་ཏུའུ་(般度族)དང་ཅུས་ལུའུ་(俱卢族)མི་རིགས་གཉིས་ད་བར་ལོ་རྒྱུས་ཐོག་རྒྱལ་སྲིད་འཕྲོག་རེས་ཀྱི་ཛ་དྲག་འཐབ་རྩོད་བྱས་པའི་ནང་དོན་དག་སྙན་རྩོམ་གྱི་བརྗོད་བྱར་བཟུང་ནས་སྐབས་དེའི་རྒྱ་གར་གྱི་ཆོས་སྲིད་གང་ཐད་དང་འབྲེལ་བའི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་དེ་དམར་རྗེན་དུ་བཏོན་པ་དང་། ཡང་གནའ་བོའི་ཞི་ལཱ་རྒྱལ་ཁབ་ཀྱི་ཧེ་མའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཨེ་ལེ་ཡཱ་ཐི་(伊利亚特)ཞེས་པའི་ནང་ཞི་ལཱ་དང་ཐི་ལོ་ཡེ་མིའི་དབར་ལོ་བཅུའི་དམག་འཁྲུག་གི་བྱུང་བ་དངོས་དེ་སྙན་རྩོམ་གྱི་བརྗོད་བྱར་སྤེལ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཉིས་ནས་བརྒྱད་པ་ཙམ་གྱི་བར་ཞི་ལཱ་དེ་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བར་བརྒལ་བྱུང་བ་དང་།  ཚོ་རིགས་ཆགས་གྲུབ་བྱུང་ནས་དམག་དོན་དམངས་གཙོའི་ལམ་ལུགས་དེ་རྒྱལ་ཁབ་ཀྱི་ངོ་བོར་བསྒྱུར་འགོ་ཚུགས་པའི་གནའ་བོའི་ཞི་ལཱའི་སྤྱི་ཚོགས་ཀྱི་རྣམ་པ་དེ་གསལ་པོར་མཚོན་ཡོད།  དེ་བཞིན་རང་རྒྱལ་བོད་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་《གླིང་སྒྲུང་》ལ་མཚོན་ན་ཡང་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་གླིང་གེ་སར་རྒྱལ་པོའི་རྨང་གཞིའི་སྟེང་མྱུ་གུ་འབུས་ཤིང་ཡལ་འདབ་རྒྱས་ཏེ་བྱུང་བའི་ཐོན་དངོས་ཤིག་ཡིན་སྟབས་བོད་སིལ་བུའི་དུས་སྐབས་ཀྱི་སྤྱི་ཚོགས་རྣམ་པ་དང་མི་རྣམས་ཀྱི་འདུན་པ་ཇི་བཞིན་མཚོན་པར་བྱས་ཡོད།
          མདོར་ན་ལོ་རྒྱུས་སྙན་རྩོམ་ནི་ལྷ་སྒྲུང་ལྟར་མ་ཡིན་པར་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་དཔའ་བོའི་མི་རིགས་དང་དཔའ་བོའི་མི་སྣའི་འོད་སྟོང་འབར་བའི་མཛད་འཕྲིན་འགའ་རྨང་གཞིའི་བརྗོད་བྱར་བྱས་ནས་སྤེལ་བ་ཞིག་ཡིན།
          གསུམ།  མི་སྣའི་སྣང་བརྙན་མི་འདྲ་བའི་ཁྱད་པར། 
          ༡ ལྷ་སྒྲུང་ནང་གི་མི་སྣ། 
          ལྷ་སྒྲུང་ནང་བསྐྲུན་པའི་མི་སྣའི་སྣང་བརྙན་ཕལ་ཆེ་བ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད།  རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་མ་ཐུབ་སྟབས།  བྱ་དངོས་ཡོད་དོ་ཅོག་ལ་མི་དང་འདྲ་བའི་རྣམ་ཤེས་ཡོད་པ་དང་ལྷ་འདྲེ་བཞུགས་ཡོད་པར་འདོད་དེ།  བྱི་བློ་ཅན་གྱི་བསམ་པས་ཆུ་ལྷ་དང་།  རླུང་ལྷ།  མེ་ལྷ།  ཡུལ་ལྷ།  དགྲ་ལྷ་སོགས་མི་གཤིས་སུ་འགྱུར་བའི་ལྷ་ཀླུ་གཉན་བཙན་གྱི་རིགས་ཇི་སྙེད་ཅིག་བསྐྲུན་ཡོད་པ་དག་ཡིན་པས།  ལྷ་ཀླུ་གཉན་བཙན་གྱི་མི་སྣའི་སྣང་བརྙན་ཁོ་ན་ཙམ་དུ་མཐོང་། 
          ལྷག་པར་དུ་སྣང་བརྙན་དེ་དག་འཆར་ཡན་དང་རྟོག་བཟོའི་རང་བཞིན་ཤས་ཆེ་ལ།  འགྲོ་བ་མིའི་རིགས་ཀྱི་ལས་དབང་ལའང་ཁ་ལོ་བསྒྱུར་བར་ནུས་པའི་མཐུ་སྟོབས་ཡོད་མཁན་ཤ་སྟག་ཏུ་བཞེངས་སྐྲུན་བྱས་ཡོད་སྟབས།  ཡ་མཚན་ཞིང་བགོད་བྲོ་ལ་གསང་བ་ལྐོག་གྱུར་གྱི་གནས་ཁོ་ན་ཙམ་ལས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་དེ་འདྲའི་མི་སྣའི་སྣང་བརྙན་བཙལ་བས་རྙེད་རྒྱུ་མེད་ལ་ལོ་རྒྱུས་ཀྱི་དོན་དངོས་དང་ཡང་རིང་དུ་བརྒལ་བ་ཞིག་ཡིན།  
          ༢ ལོ་རྒྱུས་སྙན་རྩོམ་ནང་གི་མི་སྣ། 
          ལོ་རྒྱུས་སྙན་རྩོམ་ནང་བསྐྲུན་པའི་མི་སྣའི་སྣང་བརྙན་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་སྨྲ་ཤེས་ཤིང་དོན་གོ་བའི་མི་སྣ་ཞིག་རྨང་གཞིར་བྱས་ཐོག སླར་དེ་རིགས་རྟོག་བཟོ་དང་འུད་བརྗོད་ཀྱིས་ལྷ་སྒྲུང་གི་རྣམ་པ་ཅན་དུ་བསྐྲུན་པ་ཞིག་ཡིན་སྟབས།  ཨུ་རུ་སུའི་གྲགས་ཅན་རྩོམ་རིག་མཁས་ཅན་པའེ་ལིན་ཟི་ཅིས།  “ལོ་རྒྱུས་སྙན་ངག་ནང་གི་མི་སྣ་ནི་ལོ་རྒྱུས་དང་ལྷ་སྒྲུང་གི་རང་བཞིན་ཕྱེད་འཛོམས་ཅན་ཞིག་ཡིན་ན་ཆེས་འོས་ཤིང་འཚམ་པ་ཞིག་རེད་” ⒃ཅེས་གསུངས་པ་ནི་རྣག་ཐོག་གཙག་འཁེལ་གྱི་ལེགས་བཤད་དུ་འཁུམས་སོ།  དཔེར་ན་རང་རྒྱལ་གྱི་བོད་མི་རིགས་ཀྱི་གྲགས་ཆེ་བའི་ལོ་རྒྱུས་སྙན་རྩོམ་《གླིང་གེ་སར་རྒྱལ་པོའི་སྒྲུང་》ལ་ཆ་བཞག་ནའང་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་གེ་སར་འདི་ཉིད་རྨང་གཞིར་བྱས་ཐོག སྒྱུ་རྩལ་གྱི་ལས་སྣོན་སྣ་ཚོགས་བྱས་ཏེ་བསམ་ཡུལ་ལས་འདས་པའི་རྫུ་འཕྲུལ་དང་མངོན་ཤེས་ཡ་མ་ཟུང་འདོན་ཤེས་མཁན་གྱི་སྣང་བརྙན་ཞིག་ཏུ་བཞེངས་སྐྲུན་བྱས་ཡོད་པས།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་ཀྱང་“གླིང་གེ་སར་ནི་ལོ་རྒྱུས་སྟེང་བྱུང་བའི་མི་སྣ་ཞིག་ཡིན་ཡང་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་》ནང་གི་གེ་སར་རྒྱལ་པོ་ནི་ལོ་རྒྱུས་སྟེང་བྱུང་བའི་གེ་སར་རྒྱལ་པོ་རྨང་གཞིར་བྱས་ཐོག    སྒྲོ་བཏགས་དང་འུད་བརྗོད་བྱས་ནས་རྒྱ་ཆེར་སྤེལ་བ་ཞིག་ཡིན་སྟབས། ལོ་རྒྱུས་སྟེང་བྱུང་མྱོང་བའི་གླིང་གེ་སར་རྒྱལ་པོ་དངོས་མ་ལས་འདས་པའོ་”⒄ཞེས་གསུངས།  དེས་ན་ལོ་རྒྱུས་སྙན་རྩོམ་ནང་གི་མི་སྣ་ནི་ལྷ་སྒྲུང་ལྟར་མ་ཡིན་པར་ལོ་རྒྱུས་དང་ལྷ་སྒྲུང་གི་རང་བཞིན་ཕྱེད་འཛོམས་ཅན་ཞིག་ཡིན་པ་གསལ་པོར་རྟོགས་ནུས་སོ།  ། 
          མཇུག་གཏམ།
          མདོར་ན།  དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་གཙོ་བོར་གྱུར་བའི་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་ནི་ཆེས་སྔ་མོའི་དུས་སྐབས་ནས་ངལ་རྩོལ་མི་དམངས་རྣམས་ཀྱིས་ཐུན་མོང་ཐོག་གསར་རྩོམ་དང་རྒྱུན་འཛིན་བྱས་ཏེ་བྱུང་བའི་ཐོན་དངོས་ཤིག་ཡིན་པས།  དེ་གཉིས་དབར་རང་ཤུགས་སུ་རྒྱུ་འབྲས་ཀྱི་འབྲེལ་བ་ཟབ་མོ་ཡོད་ལ།  བློ་ཞིབ་མོ་རྣམ་དག་གིས་བསམ་ གཞིག་རྒྱ་ཆེར་བྱས་ཚེ་དེ་གཉིས་དབར་ཁྱད་པར་ཡང་ཆེ་ཞིང་།  རྩོམ་ལུས་ཀྱི་རྣམ་པའང་མི་འདྲ་བ་གཉིས་སུ་མཐོང་བས།  ང་ཚོས་འདྲ་བ་དང་ འབྲེལ་བའི་རྒྱུ་མཚན་གྱིས་དེ་གཉིས་དབར་ཐད་ཀར་མཚུངས་རྟགས་རྒྱབ་ན་མི་ཆོག་པར་སེམས་སོ།   །
          ལུང་འདྲེན་དཔྱད་ཡིག
          ①⑥⑦⒁《民同文学概论》 钟敬文主编 上海文芝出版社 第165、283、282、289页。
          ① ⑧《དམངས་རྩོམ་རྣམ་བཤད་》མིག་དམར་གྱིས་བརྩམས།  ཤོག་ངོས་༥༤དང་༢༧༠ལས་དྲངས།  མི་རིགས་དཔེ་སྐྲུན་ཁང་། 
          ② 《ཆོས་འབྱུང་མཁས་པའི་དགའ་སྟོན་》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  ཤོག་ངོས་༨༩ལས་དྲངས།  མི་རིགས་དཔེ་སྐྲུན་ཁང་། 
          ④⑤⒂《马克思恩格斯选集》第二卷人民出版社第113页。
          ⑨《西方文论选》上册伍蓋甫主编上海译文出版社(论史诗)第320页。
          ⑩《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་》དེབ་གསུམ་པའི་ཤོག་ངོས་༤༥༨ལས་དྲངས།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། 
          ⑾《བོད་ཀྱི་རྩོམ་རིག་ལོ་རྒྱུས་》སྨད་ཆ།  ལྷག་པ་ཆོས་འཕེལ་གྱིས་བརྩམས།  ནང་ཁུལ་དཔྱད་གཞི་ཤོག་ངོས་༡༩ལས་དྲངས། 
          ⑿ 《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ་》སྟོད་ཆ།  ཤོག་ངོས་༡༣༡ལས་དྲངས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 
          ⒀《文学理论学习参考资料》下册北京师范大学中文系文艺理论教研室编 春风文艺出版社第61页。
          ⒃《神话新探》贵州人民出版社第602页。
          ⒄《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་》དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས་༡༨༨ལས་དྲངས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1