གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

སྐལ་བཟང་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༢༢ཉིན།

༄༅།། བོན་གྱི་བསྟན་བཅོས་《གཏན་ཚིགས་གལ་མདོ་རིག་པའི་ཚད་མའི་》བྱུང་བ་དང་གཞུང་དོན་སྐོར་ལ་དཔྱད་པ།

སྐལ་བཟང་བཀྲ་ཤིས།
          [ནང་དོན་གནད་བསྡུས། ] 《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ཞེས་པའི་བསྟན་བཅོས་འདིའི་བྱུང་བ་དང་ལྟ་བ་བརྗོད་དེ། དར་རྒྱས་གསལ་སྒྲོན་སོགས་བསྟན་འབྱུང་རྣམས་སུ་ཡེར་པའི་གཏེར་གྱི་ཁ་བྱང་གསལ་པོར་འཁོད་ཡོད་ཀྱང་དེ་དག་ཏུ་བསྟན་བཅོས་འདིའི་མཚན་བྱུང་མི་འདུག་པ་དང་། དུས་རབས་བཅུ་གསུམ་པར་འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་《ཚད་མ་ཀུན་བཏུས་རིགས་གཏེར་》དུ་《གཏན་ཚིགས་ངེས་པའི་གལ་མདོ་》སོགས་ལས་མངོན་སུམ་དང་རྗེས་དཔག་སྐོར་གྱི་ལུང་མང་དུ་དྲངས་འདུག་ཀྱང་བསྟན་བཅོས་འདི་ལས་ལུང་དྲངས་མི་འདུག་པ་སོགས་རྒྱུ་མཚན་དུ་དྲངས་ནས། བསྟན་བཅོས་འདི་ནི་དུས་རབས་བཅུ་གསུམ་པའི་རྗེས་སུ་བྱུང་ཚུལ་དང་། གཏེར་མའི་བསྟན་བཅོས་དངོས་ཡིན་མིན་ལ་དོགས་སློང་བྱས་འདུག
          [བརྡ་ཆད་གཙོ་བོ། ] གལ་མདོ། ཚད་མ། དབུ་མ། བདེ་གཤེགས་སྙིང་པོ། ཐིག་ལེ་ཉག་གཅིག
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] K281[ཡིག་ཚང་མཚན་བྱང་། ] A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0092-13 
དང་པོ། བསྟན་བཅོས་དེ་ཉིད་ཀྱི་བྱུང་བ། 
          《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ནི་རྫོགས་ཆེན་དང་ཚད་མ་གཉིས་ཀྱི་བར་དུ་གནས་པའི་རྩོད་གཞི་ཅན་གྱི་བསྟན་བཅོས་ཤིག་ཡིན་པས། བོད་རིག་པ་ཞིབ་འཇུག་པའི་ཁྲོད་དུ་བསྟན་བཅོས་དེ་རྫོགས་ཆེན་གྱི་གཞུང་ངམ་ཚད་མ་རིག་པའི་བསྟན་བཅོས་གང་ཡིན་ཐད་ལ་ལྟ་ཚུལ་མི་མཐུན་པ་བྱུང་ཡོད། དེས་ན། བསྟན་བཅོས་དེ་ཉིད་ཡང་སྙིང་ག་འདྲ་ཞིག་ཡིན་པ་ཤེས་རྟོགས་ཟབ་མོ་འོང་རྒྱུ་གལ་ཆེ་བས་འདིར་ཅུང་ཟད་དཔྱད་ན། བསྟན་བཅོས་དེའི་བྱུང་བ་སྐོར་ལ། མཛད་བྱང་དུ། “ ལྷ་ས་གཡེར་པའི་གཏེར་དུ་བོན་དབང་ཚུལ་ལ་སོགས་ཏེ། ། གཏེར་གྱི་སྒོ་འབྱེད་གསུམ་གྱིས་བསྙེམས་པའོ། ། ”ཞེས་འཁོད་པ་ལྟར་ན་བསྟན་བཅོས་འདི་ནི་དམུ་བོན་དྲན་པ་ནམ་མཁའ་དང་བ་གོར་བེེ་རོ་ཙ་ན་གཉིས་ཀྱིས་གཏེར་དུ་སྦས་ཤིང་། སུམ་པ་དབང་ཚུལ་སོགས་མི་གསུམ་གྱིས་ལྷ་སའི་ཡེར་པའི་གཏེར་ནས་དྲངས་པའི་གཏེར་དུ་གཏོགས་པར་སྣང་། གཏེར་མ་དེའི་སྐོར་ལ་《དར་རྒྱས་གསལ་སྒྲོན་》ལས། “དམུ་བོན་དྲན་པ་ནམ་མཁའ་དང་། བ་གོར་བེེ་རོ་ཙ་ན་གཉིས་ཀྱིས། རིན་ཆེན་རྒྱ་གར་བོན་སྒོ་འདི། བོད་ཡུལ་དབུས་ཀྱི་ཡང་དབེན། ལྷ་ས་ཡེར་པའི་རྫོང་ལ་སྦས། གཏེར་བདག་གསུམ་ལ་གཏད་དོ། ། དེ་ནས་གཙང་གི་བན་དེ་མི་གསུམ་གྱིས་གྲོས་བྱས་ཏེ། སུམ་པ་དབང་ཚུལ་དང་། སྒྲེ་ཚུལ་སེང་། རྐྱང་བུ་དབང་ཕྱུག་གྲགས་གསུམ་གྱིས། ཁ་བྱང་ཅིག་ཁྱེར་ནས། བསམ་ཡས་སུ་ཆོས་གཏེར་འཚོལ་དུ་ཕྱིན་པས། ལོ་གཅིག་གཉིས་སུ་ཐོག དེར་ཡར་ལོག་པས། གཉིས་དྲག་ཤོས་གསུམ་འོང་ནས་གཏེར་མེད་པར་ངོ་ཚ་ཟེར་ཏེ། ཡེར་པ་བཙལ་བས། གཏེར་སྒོ་ཕྱེས་ནས་བྲོས་འོང་སྟེ། གཏེར་བདག་མ་མཆོད་པར། ཐོ་ཆོའི་སྐྱོན་གྱིས་བན་དེ་གསུམ་ཀ་བཙན་གཟེར་གྱིས་གྲོངས་ནས། གཏེར་ཤོག་རྣམས་འདག་ཚ་ཁུད་ཀྱི་གཉན་སྟོན་ལྷ་འབར་ལ་བབས་སོ། དེའི་སྲས་གཉན་སྟོན་གཟི་བརྗིད་ཀྱི་ལུང་བཀྲོལ་ལོ། ”ཞེས་འཁོད་འདུག དུས་རབས་ཉི་ཤུའི་ནང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་《ལེགས་བཤད་མཛོད་》དུའང་གོང་གི་གསུང་སྒྲོས་རྣམས་《དར་རྒྱས་གསལ་སྒྲོན་》དང་ཇི་མ་ཇི་བཞིན་དུ་འཁོད་འདུག འོན་ཀྱང་། བསྟན་འབྱུང་དེ་དག་ཏུ་འཁོད་པའི་ལྷ་ས་ཡེར་པའི་གཏེར་ཀྱི་ཐེམ་བྱང་ཁྲོད་དུ་《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ཞེས་བྱ་བའི་བསྟན་བཅོས་ཀྱི་མཚན་བྱུང་མི་འདུག དེ་བས། 《གཏན་ཚིགས་གལ་མདོ་ངེས་པའི་ཚད་མ་》ཞེས་པའི་བསྟན་བཅོས་དེ་ཉིད་ལྷ་ས་ཡེར་པའི་གཏེར་མ་ཡིན་མིན་ལ་དོགས་པ་ཅུང་ཟད་མཆིས། 《ཐུའུ་བཀན་གྲུབ་མཐའ་》ལས། གཏེར་སྟོན་དུ་གྲགས་པ་འགའ་ཞིག་གིས་རང་གིས་བཅོས་ནས་སྦས་ཏེ་བཏོན་པའི་བརྫུས་མའང་ཡོད། ཞེས་འཁོད་པ་ནང་བཞིན། གཏེར་མ་ཡིན་ཟེར་ཚད་གཏེར་མ་དངོས་ཡིན་པར་མ་ངེས། ཡིན་ཡང་གཏེར་མ་གཤའ་མར་ཁས་བླངས་ཆོག་པའང་འགའ་རེ་སྣང་སྟེ། དེང་སང་བོན་པོར་ཞིབ་འཇུག་གནང་མཁན་གྱི་མཁས་དབང་སྐོར་ཞིག་གིས་གཏེར་སྟོན་དེ་ཉིད་ཆོས་ལུགས་རང་དང་འབྲེལ་བ་དམ་ཟབ་མེད་པའི་སྤྱིར་བཏང་གི་མི་ཡིན་པ་མ་ཟད་ལོ་རྒྱུས་མཁན་པོས་གཏེར་སྟོན་དེ་དག་ངོ་སྤྲོད་གནང་སྐབས་དེ་རྣམས་ལ་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་བསྟན་རྒྱུ་ཡོད་ཚུལ་འཁོད་མི་འདུག་པའི་རིགས་གཏེར་རྫུན་མིན་ཚོད་ཅེས་བཞེད་འདུག དཔེར་ན། དུས་རབས་བཅུ་པའི་མཇུག་ཙམ་ལ་ལྷོ་བལ་ནས་ཐོན་པའི་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་རྙེད་པའི་བྱང་གཏེར་དང་། རྔོན་པ་གསུམ་གྱིས་ས་དོང་དྲུས་སྐབས་རྙེད་པའི་བོན་དཔེ་དང་། དུས་རབས་བཅུ་གཉིས་པར་ལུག་རྫི་ཞིག་གིས་དཔེ་ཆས་གང་བའི་བྲག་ཕུག་ཅིག་རྙེད་པ་སོགས་ལྟ་བུ་ཡིན། གོང་བསྟན་སུམ་པ་དབང་ཚུལ་དང་། འབྲོ་ཚུལ་སེང་། གཅེར་བུ་དབང་ཕྱུག་གསུམ་གྱིས་ཡེར་པ་ནས་དྲངས་པའི་གཏེར་མ་ནི་རིགས་དེར་མི་གཏོགས་པས་དུས་རབས་བརྒྱད་པའི་སྐབས་གཏེར་དུ་སྦས་པའི་གཏེར་མ་དངོས་ཡིན་མིན་བརྡར་ཤ་གཅོད་དཀའ་བའི་ཚོད་དུ་གདའ་། ཡིན་ཡང་། ཡེར་པའི་གཏེར་མ་བྱུང་བའི་ དུས་ཚོད་ནི་མ་མཐར་ཡང་གཏེར་སྟོན་གསུམ་གྱིས་གཏེར་དྲངས་པའི་དུས་སྐབས་ཏེ་དུས་རབས་བཅུ་གཅིག་ཙམ་ལ་དེད་ཆོག་པར་སེམས། ནང་དོན་གྱི་ཆ་ནས་གཞིགས་ན། བོན་གྱི་བཀའ་རྟེན་མ་བྱུང་སྔོན་གྱི་ལག་བྲིས་མ་རྒྱུགས་ཆེ་བའི་སྐབས་དེ་ཤེད་དུ། གཏེར་མ་རྣམས་དུས་ཡུན་རིང་པོར་ལག་བྲིས་ཀྱི་ཚུལ་དུ་ཡང་བཤུས་བསྐྱར་བཤུས་ཀྱིས་དགོན་སྡེ་དང་གྲོང་པ་རྣམས་ཀྱི་ཁྲོད་དུ་ཁྱབ་བརྡལ་ཕྱིན་ཡོད་པར། ཡི་གེ་ཕབ་བཤུས་ཀྱི་རྒྱུད་རིམ་ཁྲོད་སྔར་གྱི་ནང་དོན་ལ་འགྱུར་བ་ཏོག་ཙམ་རེ་བྱུང་ཡོད་པར་སེམས། ལར་ཡང་གཏེར་མ་ཞེས་པ་ནི་དོན་དངོས་ཐོག་སྔོན་གྱི་དཔེ་ཆ་རྙིང་པ་རྙེད་པ་གང་ཞིག་གི་རྨང་གཞིའི་སྟེང་དུ་བསྐྱར་བྲིས་སམ་དེ་དག་རྒྱས་པར་སྤྲོས་པ་ལས་བྱུང་བ་ཞིག་ཡིན། དེའི་ཐད་བོན་གྱི་དཔེ་ཆ་《གཟེར་མིག་》ཅེས་པ་དེ་དཔེ་མཚོན་ཡག་པོ་ཞིག་ཡིན་སྟེ། གཏེར་སྟོན་དྲང་རྗེ་བཙུན་པ་གསེར་མིག་གིས་ཏུན་ཧོང་གི་ལོ་རྒྱུས་དཔེ་ཆའི་ནང་དོན་ཁག་གཅིག་《གཟེར་མིག་》ནང་དྲངས་ཡོད་པ་ལྟར་རོ། ། དེས་ན། བོན་ཕྱི་དར་སྐབས་ཀྱི་གཏེར་གྱི་རྣམ་གཞག་རྒྱ་ཆེར་བཤད་པའི་《དར་རྒྱས་གསལ་སྒྲོན་》དུ་འཁོད་པའི་ཡེར་པའི་གཏེར་བྱང་དུ་《གཏན་ཚིགས་གལ་མདོ་རིག་པའི་ཚད་མའི་》མཚན་བྱུང་མི་འདུག་པའི་རྒྱུ་རྐྱེན་ནི་གཏེར་མ་དེ་ཉིད་ཡེར་པའི་གཏེར་མ་མིན་ཡང་རྗེས་མིས་ཡིན་ཁུལ་གྱིས་གསར་བཟོ་བྱས་པ་མིན་ནམ་སྙམ། ཡིན་ན་ཡང་། ལྟ་ཚུལ་དེ་ལ་བདེན་དཔང་ཁུངས་བཙུན་པ་ཞིག་ད་དུང་རྙེད་མེད་པས་དཔྱད་གཞིར་ལུས་ཡོད། ། དུས་རབས་བཅོ་ལྔའི་རྗེས་སུ་བྱུང་བའི་བོན་གྱི་གཏེར་མའི་ལོ་རྒྱུས་འཁོད་པའི་བསྟན་འབྱུང་ཁག་ཏུ་ལྷ་ས་ཡེར་པའི་གཏེར་མ་གླེང་སྐབས་《གཏན་ཚིགས་གལ་མདོ་རིག་པའི་ཚད་མའི་》མཚན་བྱང་བྱུང་མི་འདུག་པ་དེ་ནི་དེབ་ཐེར་མཁན་པོས་ཐུགས་མཉམ་མ་བཞག་པའི་དབང་གིས་བསྐྱེད་པའང་ཡིན་སྲིད། གང་ཡིན་ཞེ་ན། 《དར་རྒྱས་གསལ་སྒྲོན་》ནི་སྤ་སྟོན་བསྟན་རྒྱལ་བཟང་པོས་དུས་རབས་བཅོ་ལྔའི་ནང་བརྩམས་པ་ཡིན་པས། དུས་རབས་བཞི་ལྷག་གི་ཡར་སྔོན་དུ་བྱུང་བའི་གཏེར་མ་དེ་དག་གི་མཚན་བྱང་བསྟན་འབྱུང་དུ་འཁོད་སྐབས་ཆད་ལྷག་ཏོག་ཙམ་རེ་བྱུང་སྲིད་པ་དང་། 《ལེགས་བཤད་མཛོད་》སོགས་ཕྱིས་བྱུང་བསྟན་འབྱུང་གྲགས་ཅན་ཁག་ཏུ་གཏེར་མའི་ལོ་རྒྱུས་སྐོར་འཁོད་སྐབས་ཚིག་གི་བརྗོད་པ་འགའ་རེ་མི་འདྲ་བ་མ་གཏོགས་ཕལ་ཆེར་《དར་རྒྱས་གསལ་སྒྲོན་》ལས་ཐད་ཀར་བླངས་འདུག་ཅེས་ཚིག་ཐག་བཅད་ནས་བཤད་ཆོག་པས་ན། ཚེས་གཅིག་ནས་འཁྲུལ་ན་གནམ་གང་བར་དུ་འཁྲུལ་ཞེས་པའི་དཔེ་ལྟར། མ་དག་རྒྱུན་འབྱམས་ཀྱི་ནང་དོན་རེ་གཉིས་བྱུང་ཡོད་སྲིད། དེས་ན། 《དར་རྒྱས་གསལ་སྒྲོན་》དུ་དབུས་གཏེར་གྱི་ནང་གསེས་ཡེར་པའི་གཏེར་མ་སྐོར་གླེང་སྐབས་《གཏན་ཚིགས་རིག་པའི་གལ་མདོ་ཚད་མའི་》མཚན་བྱང་མི་འདུག་པ་ནི་དེབ་ཐེར་མཁན་པོས་ཐུགས་ཉམས་མ་བཞག་པར་ཆད་ལུས་བྱུང་བའམ། ཡང་ན་བསྟན་འབྱུང་དུ་གཏེར་གྱི་ཐེམ་བྱང་འཁོད་པའི་ཚིག་མཇུག་གི་སོགས་སྒྲའི་ནང་དུ་བསྡུས་ཟེར་ནའང་འགལ་བར་མི་འགྲོ་མོད། འདིར་སྒྲུབ་བྱེད་ཁུངས་ཐུབ་མ་རྙེད་སྔོན་དུ་འོལ་ཚོད་ཀྱི་གཏམ་མི་སྨྲ་བས། ཀུན་གྱིས་མུ་མཐུད་བརྟག་པར་འཚལ། 
གཉིས་པ། བསྟན་བཅོས་དེར་དབུ་མའི་ལྟ་བ་འདྲེས་པའི་སྐོར། 
          ནང་དོན་གྱི་ཆ་ནས། 《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ནི་ཚད་མའི་རིགས་ལམ་སྤྱད་ནས་རྫོགས་པ་ཆེན་པོའི་གནས་ལུགས་གཏན་ལ་ཕབས་པའི་གཞུང་ཞིག་ཏུ་ལགས་མོད། དབུ་མ་དང་གཞན་སྟོང་གི་ལྟ་བའང་ཅུང་ཟད་འདྲེས་པར་སྙམ། གང་ཡིན་ཞེ་ན། བསྟན་བཅོས་དེར། “འཁོར་འདས་ཀྱི་བོན་ཐམས་ཅད་ཀྱི་སྙིང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ལ་དངོས་པོ་དང་མཚན་མ་ཡང་དག་ཏུ་གྲུབ་པ་མེད་པའི་ཕྱིར། རྟག་པའི་མཐའ་རུ་ཡང་མི་འགྱུར་རོ། ཤེས་རིག་བྱང་ཆུབ་ཀྱི་སེམས་སུ་གསལ་བ་མ་འགག་པའི་ཕྱིར། ཆད་པའི་མཐའ་རུ་མི་འགྱུར་རོ། ། ” ཞེས་དང་། “ཁྱད་པར་བླ་མེད་རྫོགས་ཆེན་འདི། ། རྟག་ཆད་གཉིས་ལས་གྲོལ་བར་བསྟན། ། རྟག་ན་གཡུང་དྲུང་སྙིང་པོ་ཅན། ། ཆད་ན་སྐྱེ་མེད་ནམ་མཁའི་དབྱིངས། ། རྟག་ཆད་གཉིས་མེད་བོན་གྱི་སྐུ། ། རྟག་ཆད་གཉིས་ལས་རྣམ་པར་གྲོལ། ། གྲོལ་དང་མ་གྲོལ་དབྱིངས་ལས་འདས། ། ” ཞེས་འཁོད་པ་ལས་རྫོགས་ཆེན་གྱི་ལྟ་བ་ནི་རྟག་ཆད་གཉིས་ཀྱི་མཐའ་རུ་མ་ལྷུང་བའི་དབུ་མའི་ལྟ་བ་ཞིག་ཡིན་པ་བསྟན་ཡོད། དེ་ཡང་དབུ་མ་བའམ་ངོ་བོ་ཉིད་མེད་པར་སྨྲ་བའི་མཚན་ཉིད་ལ། 《ཐུའུ་བཀྭན་གྲུབ་མཐའ་》ལས། “ མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་དབུ་མ་བ་དང་། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་”ཞེས་འཁོད་པ་གོང་སྨྲོས་གལ་མདོ་རྫོགས་ཆེན་གྱི་ལྟ་དགོངས་དང་ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་། འོ་ན་གལ་མདོར་བསྟན་པའི་རྫོགས་ཆེན་གྱི་དབུ་མ་ནི་དབུ་མ་ཐལ་རང་གཉིས་ལས་གང་ལ་གཏོགས་ཞེ་ན། བསྟན་བཅོས་དེར་བདག་མེད་ཕྲ་རགས་ཀྱི་རྣམ་གཞག་དང་དགག་བྱའི་འདོད་ཚུལ་གང་ཡང་བསྟན་མེད་པས་ཐལ་རང་གི་རྣམ་དབྱེ་འབྱེད་ཐབས་བྲལ། ལར་ཡང་བོད་དུ་གྲུབ་མཐའ་ཀུན་གྱིས་རང་ཉིད་གྲུབ་མཐའ་གོང་མ་སྟེ་ཐལ་འགྱུར་པ་ཡིན་པར་ཁས་འཆེས་པ་ལས་རང་རྒྱུད་པ་མན་ཆད་ཡིན་པར་ཁས་འཆེས་པ་གཅིག་ཀྱང་མེད་པས། རང་རང་ལུགས་ལ་དབུ་མ་པ་ཞེས་པའི་བཤད་སྲོལ་བྱུང་ཡོད། དེ་ལ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། “ཐལ་འགྱུར་བས་གཞལ་ན་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་མཐའ་དག་རྟག་ཆད་ཀྱི་མཐའ་གཉིས་ཀར་ལྷུང་ཡང་། རང་རང་གི་ལུགས་ལ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པར་བརླམས་ནས་དབུ་མ་པར་ཁས་འཆེ་པར་བྱེད་དོ། ། ”ཞེས་ལེགས་བཤད་རྨད་དུ་བྱུང་བ་གསུངས་འདུག་པ་དེ་བཞིན་ནོ། ཡང་རྙིང་མ་དང་ཇོ་ནང་པའི་མཁས་པ་འགའ་རེས་དབུ་མར་ཐལ་རང་གི་ཁྱད་པར་མི་ཕྱེ་པར། སྔ་མ་དེས་དབུ་མ་དང་དབུ་མ་རྫོགས་པ་ཆེན་པོ་ཞེས་དང་། ཕྱི་མ་དེས་དབུ་མ་དང་དབུ་མ་གཞན་སྟོང་ཞེས་འཇོག་པའི་ལུགས་ཡོད་པ་བཞིན། 《གཏན་ཚིགས་གལ་མདོ་རིགས་པའི་ཚད་མར་》དབུ་མ་དང་དབུ་མ་རྫོགས་ཆེན་གྱི་ལྟ་བ་བསྟན་ཡོད་པ་ལས་བདེན་གཉིས་རྣམ་དབྱེ་ཁས་ལེན་གྱི་མེད། རྒྱུ་མཚན་ནི་བསྟན་བཅོས་དེར་ཤེས་བྱར་བདེན་པ་ཉག་གཅིག་ཡོད་པ་ནི་ཐིག་ལེ་ཉག་གཅིག་ཡིན། ཤེས་བྱ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་རུ་ཁས་བླངས་ན་རྟག་ཆད་ཀྱི་མཐའ་གཉིས་སུ་ལྷུང་བར་བཞེད་ཡོད་དེ། “དང་པོར་ཁྱོད་ནི་བདེན་པ་གཉིས་ཁས་ལེན་པའི་ཕྱིར། ཤེས་བྱའི་ཕུག་གཉིས་པར་འགྱུར་རོ། ། ང་བདེན་པ་གཉིས་སུ་མི་འདོད་དེ་ཡེ་ནས་ཐིག་ལེ་ཆེན་པོ་གཅིག་གི་ངང་ལས་མ་གཡོས་པར་འདོད་པའི་ཕྱིར་ཁྱད་པར་འཕགས་སོ། ། ཡང་ཁྱོད་ཀུན་རྫོབ་ཏུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོད་པར་འདོད་ཅིང་། ཡུལ་དང་སེམས་སུ་འབྱེད་པའི་ཕྱིར་ཡོད་པའི་མཐར་འགྱུར་ལ། དོན་དམ་པར་ཅིར་ཡང་མ་ཡིན་ཞིང་མེད་པར་ཁས་ལེན་པའི་ཕྱིར་ཆད་པའི་མཐའ་རུ་འགྱུར་རོ། ང་ནི་བོན་ཡེ་ནས་གཉིས་སུ་མི་འབྱེད་དེ། སེམས་ཉིད་རང་གསལ་འདོད་པའི་ཕྱིར་མཐའ་གཉིས་ཀྱིས་མ་རེག་སྟེ་ཁྱད་པར་དུ་འཕགས་སོ། ། ”ཞེས་ཤེས་བྱ་ཀུན་རྫོབ་དང་དོན་དམ་གཉིས་སུ་རྣམ་པར་དབྱེ་སྲོལ་བཀག་ཡོད་དོ། ། 
གསུམ་པ། བསྟན་བཅོས་དེར་བདེ་གཤེགས་སྙིང་པོའི་ལྟ་བ་བསྟན་པའི་སྐོར། 
          《གཏན་ཚིགས་གལ་མདོ་རིག་པའི་ཚད་མར་》བྱུང་བའི་རྫོགས་པ་ཆེན་པོའི་སེམས་ཉིད་ཐིག་ལེ་ཉག་གཅིག་ཅེས་པ་ནི་རྒྱུད་བདེ་གཤེགས་སྙིང་པོ་དང་མིང་སྦྱོར་སྟངས་མི་འདྲ་བ་ཙམ་ལས་དོན་དུ་གཅིག་པར་སོང་འདུག དེ་ལས། “སེམས་ཉིད་འོད་གསལ་ཐིག་ལེ་འདི། དངོས་པོའི་རྫས་སུ་ཡེ་ནས་མེད། ཤེས་རིག་གསལ་བ་ཡེ་ནས་ཡོད། འདི་ཞེས་བསྟན་དུ་ངས་མ་བཏུབ། ”ཞེས་དང་། “རང་བྱུང་གི་ཡེ་ཤེས་དེ་ཡེ་ནས་སྒྲིབ་པ་ཐམས་ཅད་དང་བྲལ་རིག་པ་ཟང་ཐལ་དུ་གནས་པས། གསར་དུ་བཙལ་མི་དགོས་སོ། དཔེར་ན་ས་གསེབ་ཀྱི་གསེར་དེ་ཡེ་ནས་གསེར་རང་ཡིན་པ་བཞིན་ནོ་བྱའོ། ” ཞེས་དང་། “ཡང་ཁྱོད་ཀྱིས་འདོད་པའི་ཐིག་ལེ་ཉག་གཅིག་དེ་ཡང་དག་པར་མེད་དེ། ཡོད་ན་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་རོ་ཞེ་ན། འོ་ན་ས་འོག་ན་གསེར་ཡོད་ངེས་ཀྱང་ཕྱི་སས་སྒྲིབ་སྟེ། མི་མཐོང་བའི་ཕྱིར་གསེར་ཉིད་མེད་པར་ཐལ་ལོ། ” ཞེས་ཐིག་ལེ་ཉག་གཅིག་གམ་རང་བྱུང་ཡེ་ཤེས་ཞེས་པ་དེ་ཉིད་སེམས་ཅན་ཀུན་གྱི་རྒྱུད་ན་ཡོད་མོད། སྒྲིབ་པའི་དབང་གིས་མཐོང་དུ་མི་སྣང་བ་བསྟན་པ་དེ་ཉིད། ས་འོག་ཏུ་གནས་པའི་གསེར་གྱི་དཔེ་ཅན་དུ་བཀོད་ནས་བརྗོད་ཡོད། དེ་ནི་ཇོ་ནང་པའི་གཞན་སྟོང་སོགས་སུ་འདོད་པའི་སེམས་ཅན་ཀུན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་རང་ཆས་སུ་ཡོད་པར་འདོད་པའི་ལྟ་བ་དང་ཤིན་ཏུ་མཐུན། དེ་ལ་གཞན་སྟོང་ལྟ་བའི་ཁུངས་གཏུགས་སའི་ཕྱི་མོ་ལྟ་བུར་གྱུར་བའི་《དེ་བཞིན་གཤེགས་པའི་སྙིང་པོའི་མདོ་》ལས། “དེ་བཞིན་སེམས་ཅན་ཀུན་གྱི་སངས་རྒྱས་ས། ། ཉོན་མོངས་རྣམས་ཀྱིས་ཁེབས་པར་ངས་མཐོང་ནས། ། ངས་ནི་དེ་དག་རྣམ་པར་སྦྱང་བ་དང་། ། སངས་རྒྱས་མྱུར་ཐོབ་བྱ་ཕྱིར་ཆོས་སྟོན་ནོ། ། སེམས་ཅན་ཀུན་ལ་ང་འདྲའི་ཆོས་ཉིད་ནི། ། ཉོན་མོངས་བརྒྱ་ཡིས་དཀྲིས་ནས་གང་ཡོད་པ། ། དེ་ནི་རྣམ་སྦྱང་ཐམས་ཅད་ཇི་ལྟ་བུར། ། རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྟོན་ཏོ། ། ”ཞེས་དང་། “ཇི་ལྟར་འདི་ན་སྦྲང་ཚང་ཡོད་པ་ལ། ། བུང་བས་ཀུན་ཏུ་བསྲུངས་ཤིང་སྦས་གྱུར་པ། ། མི་གང་སྦྲང་རྩི་འདོད་པས་དེ་མཐོང་ནས། ། དེ་ནི་བུང་བར་རབ་ཏུ་སྐྲོད་པར་བྱེད། ། དེ་བཞིན་འདིར་ཡང་སྦྲང་ཚང་ལྟ་བུ་ནི། ། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དོ། ། དེ་དག་ཉོན་མོངས་བྱེ་བ་མང་བ་སྟེ། ། ཉོན་མོངས་དབུས་ན་དེ་བཞིན་གཤེགས་འདུག་མཐོང་། ། ”ཞེས་སོགས་འཁོད་འདུག་པ་ལས་ཤེས་རྟོགས་ཐུབ། གཞན་ཡང་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་《གཞན་སྟོང་སྙིང་པོ་ཞེས་བྱ་བ་བཞུགས་སོ་》ལས། “སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གནས་པ་ལ་མི་རིགས་པ་ཅི་ཞིག་ཡོད། ”ཞེས་སེམས་ཅན་ཀུན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་པར་བཞེད། ལྟ་བ་དེ་ནི་མདོ་ལས་བྱུང་བའི་ “སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། ། དྲི་མ་དེ་བསལ་སངས་རྒྱས་ཡིན། ། ” ཞེས་གསུངས་པ་དེ་ཉིད་འཐད་ཅན་དུ་བཀོད་པ་འདྲ། དེར་འཁོད་པའི་རྒྱུད་བདེ་གཤེགས་སྙིང་པོ་དེ་གང་ནས་བྱུང་བའི་སྐོར་ལ་གཙོ་ཆེ་བ་ཨ་ཡིག་ལས་བྱུང་བར་འདོད་དེ། ཀརྨ་རང་བྱུང་རྡོ་རྗེས། “ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཆོས་ཀྱི་སྐུ་ཡང་སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་གཞོམ་དུ་མེད་པའི་ཨ་ཡིག་ལས་བྱུང་བ་དང་། ཨ་ཡིག་དེ་ཉིད་གདོད་མ་ནས་སྐྱེ་བ་མེད་ཅིང་མཆོག་ཏུ་རྣམ་པར་དག་”ཅེས་གསུངས་ཡོད། བོད་དུ་དགེ་ལུགས་ཕུད་པའི་གྲུབ་མཐའ་ཕལ་མོ་ཆེས་རྒྱུད་བདེ་གཤེགས་སྙིང་པོ་སེམས་ཅན་གྱི་རྒྱུད་ན་གནས་པ་ཁས་ལེན་པར་མཐོང་། རྙིང་མར་མཚོན་ན། སེམས་ཉིད་རང་བྱུང་ཡེ་ཤེས་ཞེས་ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་ཏུ་གནས་པའི་རིག་པ་གསལ་སྟོང་རྗེན་པ་ཞིག་གནས་པ་དེ་ཉིད་བདེ་གཤེགས་སྙིང་པོར་གོ་བ་ལེན་གྱིན་ཡོད་པར་ཟད་དེ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་མཛད་པའི་《མཁའ་འགྲོ་སྙིང་ཐིག་གི་དཀྱིལ་འཁོར་བྲི་ཚུལ་རྣམས་བཞུགས་སོ་》ཞེས་བྱ་བ་ལས། “རང་བཞིན་རྫོགས་པ་ཆེན་པོ་ལྟར་ན་བདེན་གཉིས་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་ཡེ་ནས་གནས་པའི་གཞི་རྒྱུད་བདེ་གཤེགས་སྙིང་པོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རྩལ་སྣང་ལྷ་སྐུར་ཤར་བ་ལས་སློབ་གསར་དུ་སྒྲོ་བཏགས་མ་ཡིན་པའི་ངེས་ཤེས་རྙེད། ”ཅེས་གསུངས་འདུག་པ་ལས་ཅུང་རྟོགས་ཐུབ། ས་སྐྱ་པར་མཚོན་ན་ཡང་། 《ལམ་འབྲས་》སུ། “འཕོ་འགྱུར་མེད་པའི་རིག་པ་དེ། ། གཞི་རྒྱུད་བདེ་གཤེགས་སྙིང་པོ་ཡིན། ། ཡར་ལྟོས་དང་ནམ་མཁའ་ལ་སྐྱེ་འཆི་མེད། ། ཚུར་ལྟོས་དང་སེམས་ཉིད་ལ་སྐྱེ་འཆི་མེད། ། ”ཅེས་རྒྱུད་བདེ་གཤེགས་སྙིང་པོ་དེ་ཉིད་སྐྱེ་འཇིག་འཕོ་འགྱུར་མེད་པར་ཁས་བླངས་ཡོད་པ་ལས་ཤེས་ནུས། དེ་ལྟར་《གཏན་ཚིགས་གལ་མདོ་རིགས་པའི་ཚད་མར་》བྱུང་བའི་ཐིག་ལེ་ཉག་གཅིག་གམ་རང་བྱུང་ཡེ་ཤེས་ཞེས་པ་དང་རྒྱུད་བདེ་གཤེགས་སྙིང་པོ་གཉིས་བསྟན་དོན་གཅིག་ཏུ་སོང་། 
བཞི་པ། ཐིག་ལེ་ཉག་གཅིག་དང་རང་བྱུང་ཡེ་ཤེས་བར་གྱི་འབྲེལ་བ། 
          ཐིག་ལེ་ཉག་གཅིག་གི་ལྟ་བ་འདི་བོན་ལུགས་རྫོགས་ཆེན་ཙམ་དུ་མ་ཟད་རྙིང་མའི་རྫོགས་ཆེན་དུ་གལ་ཆེན་པོར་བརྩི། དེ་ལ་རྙིང་མའི་རྫོགས་ཆེན་དུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་མིང་བཏགས་པ་མང་། ཡིན་ཡང་རྙིང་མའི་རྫོགས་ཆེན་གྱི་གཞུང་དང་པོར་ངོས་འཛིན་པའི་རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་བྱ་བས་བརྩམས་པའི་《ཀུན་བྱེད་རྒྱལ་པོ་》ཞེས་བྱ་བར། རང་བྱུང་གི་ཡེ་ཤེས་དེ་ལ་“གདོད་མའི་གཞི་”ཞེས་མིང་བཏགས་ཡོད་དེ། གཞུང་དེར། “གདོད་མའི་གཞི་ཞེས་པ་ཞིག་ཡོད་པ་དེ་ནི་འཁོར་བ་དང་མྱང་འདས་གཉིས་ཀྱི་བར་ན་གནས་པའི་སྣང་བའི་གཞི་ཞིག་ཡིན་ལ། གནས་དེར་སེམས་ཅན་ཀུན་ཙམ་མ་ཟད་སངས་རྒྱས་ཀྱང་མ་མཆིས་སོ་ཞེས་བརྗོད་པ་ཡིན། གདོད་མའི་གཞི་ཞེས་པའི་གཞི་དེ་ནི་དག་ལ་གཙང་ཞིང་འོད་ཟེར་གྱི་དྲ་བས་བཏུམས་པའི་གནས་ཤིག་ལགས་པ་དང་། འོད་ཟེར་གྱི་དབྱིངས་ནས་ཁ་མདོག་སྣ་ལྔའི་འོད་མདངས་འཕྲོ་ལ། སྐྱེ་བོ་གང་ཞིག་གི་བློས་འོད་མདངས་དེ་ཉིད་བཟུང་ཐུབ་ན་དེ་ལ་རིག་པ་ཞེས་ཟེར་བ་ཡིན་ལ་འོད་དེ་ཉིད་ཡེ་ཤེས་ལྔ་ཞེས་པར་ངོས་འཛིན་བྱ་བ་ཡིན། གལ་ཏེ་སྐྱེ་བོ་ཞིག་གིས་འོད་དེ་བློར་འཛིན་མ་ཐུབ་ན་དེ་ལ་མ་རིག་པ་ཞེས་ཟེར་བ་ཡིན་ལ་འོད་དེ་ཉིད་ཀྱང་དུག་ལྔར་གྱུར་རྗེས་མི་ལུས་བླངས་ནས་འཇིག་རྟེན་འཁོར་བའི་སྡུག་བསྔལ་རྣམས་མྱོང་དགོས་པར་གྲགས། ཀུན་ཏུ་བཟང་པོ་ནི་ཐོག་མར་རིག་པ་ཞེས་པ་དེ་བློ་ངོར་བཟུང་ཐུབ་ནས་སེམས་ཉིད་འོད་སྣ་ལྔའི་དབྱིངས་སུ་ཐིམས་པར་བྱེད་མཁན་གྱི་གང་ཟག་དང་པོ་དེ་ཡིན་པར་གྲགས། ”བསྟན་བཅོས་དེའི་རྩོམ་པ་པོ་རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་ཞུ་བ་ནི་སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ། བེེ་རོ་ཙ་ན་བཅས་ལ་རྫོགས་ཆེན་གྱི་ཆོས་གནང་མཁན་ཡིན་པར་བཤད་ལ། ཁོང་གིས་མཛད་པའི་《ཀུན་བྱེད་རྒྱལ་པོ་》ཞེས་པའི་རྫོགས་ཆེན་གྱི་གཞུང་སྔ་གྲས་དེར་འོད་གསལ་རིག་པ་ཞེས་པ་ཞིག་ཡོད་ཚུལ་བཏོན་པ་ནི་རྗེས་སུ་རྫོགས་ཆེན་གྱི་གཞུང་ཀུན་ན་གསལ་བའི་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་ཞེས་པ་དེ་ཡིན་པར་ངེས། གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལ་མདོ་རྒྱུད་རྣམས་སུ་རྣམ་བྱང་གི་སེམས་དང་། བདེ་གཤེགས་སྙིང་པོ་དང་། རང་བཞིན་འོད་གསལ་གྱི་སེམས་དང་། སེམས་ཀྱི་རྡོ་རྗེ། ཀུན་གཞི་རྒྱུ་རྒྱུད་སོགས་མིང་གི་རྣམ་གྲངས་དུ་མར་བཏགས་ཡོད་པར་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བཞེད། 《མཁའ་འགྲོ་ཡང་ཏིག་》ཏུ་ཡང་། “ལྟ་བའི་རྒྱལ་པོར་རང་བྱུང་ཡེ་ཤེས་ལྟོས། ། སྒོམ་པའི་རྒྱལ་པོར་འོད་གསལ་ལྷུན་གྲུབ་བསྒོམས། ། སྤྱོད་པའི་རྒྱལ་པོར་སྣང་སྲིད་སྒྱུ་མར་སྦྱོངས། ། འབྲས་བུའི་རྒྱལ་པོར་གདོད་མའི་ཟབ་སར་སྐྱོལ། ། ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་འགྱུར། ། འདི་ནི་གཞི་རྫོགས་རང་བཞིན་གཉུག་མའི་དོན། ། ”ཞེས་རང་བྱུང་ཡེ་ཤེས་རྫོགས་ཆེན་ལྟ་བའི་སྙིང་པོར་བཤད། བོན་ལུགས་སུ་ཐིག་ལེ་ཉག་གཅིག་གམ་རང་བྱུང་ཡེ་ཤེས་སྲོག་ཏུ་བྱས་པའི་རྫོགས་ཆེན་གྱི་ལྟ་བ་དུས་ནམ་ཞིག་ནས་ཉམས་ལེན་བྱས་འགོ་བརྩམས་པའི་སྐོར་ལ་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཕལ་ཆེར་དུས་རབས་བཅུ་གཅིག་པའི་ནང་ཡིན་པར་བཞག་འདུག བོན་ལུགས་སུ་ཡང་ཐིག་ལེ་ཉག་གཅིག་ལ་མཚམས་རེར་གཞིའི་གནས་ལུགས་ཞེས་བཏགས་ཡོད། དེར་གཞི་རང་བཞིན་རྣམ་དག་གི་གནས་ལུགས་ནི། སངས་རྒྱས་སེམས་ཅན་གཉིས་ཀའི་སྔོན་རོལ་ན། འོད་གསལ་སྟོང་པ་བོན་གྱི་སྐུ་ངོ་བོ་རང་བཞིན་རྣམ་དག བག་ཆགས་སྒྲིབ་པས་མ་གོས་ཤིང་། ཅི་ཡང་མ་ཡིན་ལ་ཅི་ཡང་གསལ་བ། གདོད་ནས་སངས་རྒྱས་ཀྱི་ངོ་བོར་གནས་པ། བྱ་བའི་རྒྱུ་ལས་མ་གྲུབ། བྱེད་པའི་རྐྱེན་ལས་མ་ལྟོས་པར་རྩོལ་མེད་ལྷུན་གྲུབ་རང་ཆས་སུ་ཡོད་དེ། དེ་རྟོགས་པས་བཟང་དུ་མ་སོང་། མ་རྟོགས་པས་ངན་དུ་མ་སོང་པས། སངས་རྒྱས་དང་སེམས་ཅན་ལ་ཡོད་པ་དེ་གཉིས་ལ་བཟང་ངན་མེད། ཀུན་ལ་ཁྱབ་གདལ་ཆེན་པོ་ཡོད་པ་ནི་གཞིའི་གནས་ལུགས་ཏེ། དེ་ལས་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། ཆོས་ཐམས་ཅད་དེའི་ངང་ལ་གནས་སོ། ། ཞེས་གཞིའི་གནས་ལུགས་སམ་རང་བྱུང་ཡེ་ཤེས་དེ་ཉིད་སངས་རྒྱས་དང་སེམས་ཅན་གཉིས་ལ་ཆ་མཉམ་དུ་ཡོད་པར་གསུངས་པ་ནི་རྙིང་མའི་རྫོགས་ཆེན་དང་འདྲ་ས་མཆིས་པ་མ་ཟད་གཞན་སྟོང་ལྟ་བར་བྱུང་བའི་རྒྱུ་བདེ་གཤེགས་སྙིང་པོ་དང་ཡང་ཆ་མཐུན། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ལགས་ཀྱི་གསུང་ལས་ཀྱང་། ཟླ་བའི་སྒྲོན་མེས་ཞུས་པའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཅེས་གསུངས་པ་དེས། གཞི་རང་བྱུང་ཡེ་ཤེས་ཡོད་པ་བསྟན་འདུག དེ་ཡིན་ན་རྫོགས་པ་ཆེན་པོའི་བརྗོད་བྱ་དོན་གྱི་སྙིང་པོ་མཐར་ཐུག་པ་ནི། གཞི་རང་བྱུང་ཡེ་ཤེས་ཡིན་ལ་དེ་གཏན་ལ་ཕབ་ནས་རྟོགས་པར་བྱེད་ཅིང་ཉམས་སུ་ལེན་པའི་ཐབས་ལ་གོང་དུ་བཤད་པའི་རྫོགས་ཆེན་གྱི་རྒྱུད་སྡེ་སྟོང་ཕྲག་དུ་མ་གསུངས། ཞེས་རྫོགས་ཆེན་ནི་བརྒྱ་བའི་སྟོན་པ་གཤེན་རབ་ཀྱིས་ཐོག་མར་བོད་དུ་གསུངས་ཀྱང་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་མ་གསུངས་པའི་ངེས་པ་མི་འདུག་སྟེ། མདོ་ལས་བྱུང་བའི་བདེ་གཤེགས་སྙིང་པོ་དེ་ནི་གཞི་རང་བྱུང་ཡེ་ཤེས་ཡིན་ལ། དེ་ནི་རྫོགས་ཆེན་ལྟ་བའི་གནད་འབབ་ས་ཡིན་པར་བཞེད་འདུག་པ་དེ་ནི་གཟུར་བོར་གནས་པའི་གཏམ་ཏུ་སེམས། ། 
          བན་བོན་རྫོགས་ཆེན་ལྟ་གྲུབ་ལ་འདྲ་བའི་ཆ་མང་དུ་མཆིས་པ་མ་ཟད་བདེ་གཤེགས་སྙིང་པོའི་ལྟ་བ་འདྲེས་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཡོད་དེ། སྤྱི་ལོ་785ལོ་སྟེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་45ཕེབས་དུས་བོན་བསྣུབས་པར་བོན་པོ་རྣམས་ཀྱིས་བོན་གཞུང་རྣམས་རྩ་མེད་དུ་འགྱུར་བའི་ཉེན་ཁ་གཡོལ་ཆེད་དེ་དག་གཏེར་ལ་སྦས་པ་དང་། སྐབས་དེ་ཤེད་དུ་ཆོས་ལ་དད་མཁན་ཁྲོད་རྒྱུད་སྡེའི་སྐོར་རྣམས་རྟོགས་མཁན་ཉུང་པས་དེ་དག་ཡོངས་སུ་དར་བའི་དུས་སྨིན་མེད་པར་དགོངས་ནས་མ་འོངས་པར་དར་བའི་ཆེད་དུ་གཏེར་དུ་སྦས། ཏུན་ཧོང་གི་ཡིག་རྙིང་ཁྲོད་རྙེད་པའི་ཡིག་རྙིང་《རིག་པའི་ཁུ་བྱུག་》དང་《སྦས་པའི་རྒུམ་ཆུང་》ཞེས་པ་གཉིས་ནི་དུས་རབས་བརྒྱད་པའི་སྐབས་ཀྱི་ཡིག་ཆ་ཡིན། ཡིག་ཆ་དེ་གཉིས་ལ་གཉན་དཔལ་དབྱངས་སོགས་ཀྱིས་འགྲེལ་བ་ཉུང་རེ་བརྩམས་པ་དང་། རྫོགས་ཆེན་ཞེས་པའི་ཚིག་དེ་ཉིད་ཅིག་ཅར་པའི་སྲོལ་རྒྱུན་གྱི་ཆ་ཤས་ངེས་ཅན་འདྲེས་པའི་བཟོ་མངོན་པའི་ལྟ་གྲུབ་དང་། སེམས་སྡེ་རིགས་ཀྱི་གཞུང་། གསང་སྙིང་སོགས་སུ་འགྲེལ་བ་མཛད་ཡོད་པའི་རྒྱུད་ཀྱི་གཞུང་གཙོ་བོ་དག་ལ་ངོས་འཛིན་འགོ་བརྩམས་ཡོད། རྙིང་མའི་རྒྱུད་འབུམ་ཁྲོད་བཅུག་པའི་《སྦས་པའི་རྒུམ་ཆུང་》ཞེས་པ་ནི་རང་རྐྱ་འཕེར་བའི་བསྟན་བཅོས་ཤིག་མིན་ནའང་། དེ་ནི་《ཀུན་བྱེད་རྒྱལ་པོ་》དང་བོན་གྱི་《བསྒྲགས་པ་སྐོར་གསུམ་》ཁྲོད་དུ་ཚུད་པའི་《གསེར་གྱི་རུས་སྦལ་》སོགས་སེམས་སྡེའི་གཞུང་རྣམས་ཀྱི་ཕྱི་མོ་ཡིན། རྫོགས་ཆེན་གྱི་འབྱུང་ཁུངས་ཐད་ཞིབ་འཇུག་པ་རྣམས་ལ་བཞེད་པ་མི་མཐུན་པ་མཆིས་ན་ཡང་། དུས་རབས་བཅུ་གཅིག་ནས་བཟུང་བོན་པོ་དང་རྙིང་མ་གཉིས་ཆར་རྫོགས་ཆེན་ཡིན་ཟེར་བའི་གཞུང་ཁ་ཤས་བྱུང་ཡོད་པ་ངེས་གསལ་རེད། རྫོགས་ཆེན་གྱི་གཞུང་དེ་དག་ནི་གཙོ་བོ་དུས་རབས་བཅུ་བའི་མཇུག་ནས་བྱུང་བའི་བོན་དང་རྙིང་མའི་གཏེར་སྟོན་རྣམས་ཀྱིས་གཏེར་དྲངས་པར་བརྟེན་ནས་དར་ཁྱབ་བྱུང་ཞིང་། གཏེར་སྟོན་འགའ་རེ་བན་བོན་གཉིས་ཆར་གཏོགས་པས་བོན་དང་རྙིང་མའི་རྫོགས་ཆེན་གྱི་གཞུང་ལུགས་ཕན་ཚུན་ཤན་ཞུགས་པར་སེམས། རྡོ་རྗེ་གླིང་པ་(1346ནས་1405)ནི་དཔེ་མཚོན་ཅན་ཞིག་ཡིན་ཏེ། ཁོང་ལ་བོན་ལུགས་སུ་བོན་ཞིག་གླིང་པ་དང་རྙིང་མའི་ལུགས་སུ་རྡོ་རྗེ་གླིང་པ་འབོད་ལ། གྲུབ་མཐའ་རིས་སུ་མ་ཆད་ཅིང་བེེ་རོ་ཙ་ནའི་སྤྲུལ་བ་ཡིན་པར་ཁས་འཆེས་མཁན་ཞིག་ཡིན། དེས་རྫོགས་ཆེན་ལྟ་བའི་འཕེལ་རྒྱས་ལ་བྱེད་ནུས་གལ་ཆེན་བཏོན་མྱོང་། ཁོང་གིས་གཏེར་ནས་དྲངས་པའི་《ལྟ་བ་ཀློང་ཡངས་》ཞེས་བྱ་བའི་བསྟན་བཅོས་ནི་རྫོགས་ཆེན་གྱི་གཞུང་གཙོ་བོ་ཞིག་ཡིན། 1370ལོར་གཏེར་ནས་བཏོན་པའི་《རྫོགས་ཆེན་གསེར་གྱི་ཐུར་མ་》ཞེས་པ་ནི་བོན་ལུགས་རྫོགས་ཆེན་གྱི་གཞུང་གཙོ་བོ་ཞིག་ཡིན། བསྟན་བཅོས་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་སྣུབ་སྐབས་བེེ་རོ་ཙ་ནས་བལ་བོའི་སྤ་གྲོ་སྟག་ཚང་ཞེས་པའི་གནས་ལ་གཏེར་དུ་སྦས་པར་བཤད། རྒྱུ་རྐྱེན་དེའི་དབང་གིས་རྡོ་རྗེ་གླིང་པས་རང་ཉིད་བེེ་རོའི་སྤྲུལ་བ་ཡིན་པར་ཁས་འཆེས་པ་འདྲ། རྡོ་རྗེ་གླིང་པའི་རྣམ་ཐར་ལྟར་ན་རྡོ་རྗེ་གླིང་པས་བེ་རོ་ཙ་ནའི་སྐུ་སྐྱེ་སྔ་མ་ཞིག་ནི་ཡིད་ཀྱི་ཁྱེའུ་ཆུང་ཡིན་པར་དགོངས། བོན་ལུགས་ཀྱི་བཤད་ཚུལ་ལྟར་ན་ཡིད་ཀྱི་ཁྱེའུ་ཆུང་ནི་སྟོན་པ་གཤེན་རབ་མི་བོའི་རྗེས་འབྲངས་ཡིན་ལ། རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་ཨ་ནན་ཏ་བྱ་བར་སྐུའི་སྐྱེ་བ་བཞེས་པར་བཤད། 《རྫོགས་ཆེན་གསེར་གྱི་ཐུར་མའི་ལོ་རྒྱུས་སྤྱི་ཆིང་ཆེན་པོ་གོ་བ་འབྱེད་པའི་ལྡེ་མིག་》ཅེས་པ་ལྟར་ན་རྡོ་རྗེ་གླིང་པས་《གསེར་ཐུར་》གཏེར་ནས་དྲངས་པ་དེར་དྲན་པ་ནམ་མཁས་སྔ་མོ་ནས་ལུང་བསྟན་ཡོད་པར་བཤད། བཤད་ཚུལ་དེ་འདྲའི་དབང་གིས་བོན་པོ་རྣམས་ཀྱིས་རྡོ་རྗེ་གླིང་པ་བོན་པོའི་གཏེར་སྟོན་གལ་ཆེན་ཞིག་ཏུ་བརྩི། རྡོ་རྗེ་གླིང་པས་《རྫོགས་ཆེན་གསེར་གྱི་ཐུར་མ་》གཏེར་ནས་དྲངས་རྗེས་སྤ་གྲོ་ནས་ཐོན་ཏེ་1371ལོར་བསམ་གླིང་དང་ཉི་བའི་བླ་མ་འདུལ་བ་རིན་པོ་ཆེའི་གདན་ས་སྐུ་འབུམ་བྱ་བར་འབྱོར་ནས་སྐད་རིགས་མི་འདྲ་བའི་ཤོག་སེར་གྱི་ཚུལ་དུ་ཡོད་པའི་གཏེར་ཡིག་རྣམས་བོད་ཡིག་ཏུ་ཕབ་བཤུས་བྱས་པར་བཤད། ཤོག་སེར་དང་མཁའ་འགྲོ་བརྡ་ཡིག་སོགས་ཀྱི་སྐོར་ལ་དེང་གི་ཚན་རིག་ཞིབ་འཇུག་གི་ལམ་ནས་སྐད་ཆ་བཤད་དཀའ་མོད། ཕབ་བཤུས་བྱེད་མཁན་གྱིས་རང་གི་ཤེས་བྱ་དང་གོ་བ་ལྟར་དུ་ཤོག་སེར་སྟེང་གི་བརྡ་ཡིག་ལ་འབྲེལ་བ་རྒྱག་པ་ཆོས་ཉིད་ལགས་ན། གང་དེས་བརྩམས་པའི་ཆ་ཡང་མེད་པའི་ངེས་པ་མི་སྲིད། དེས་ན། བོན་པོ་དང་རྙིང་མ་གཉིས་ཀྱིས་གཏེར་སྟོན་དུ་བཀུར་བའི་རྡོ་རྗེ་གླིང་པས་གཏེར་ནས་དྲངས་པའི་རྫོགས་ཆེན་གཏེར་མ་ནི་བན་བོན་རྫོགས་ཆེན་གྱི་འདྲེས་མཚམས་གཙོ་བོ་ཞིག་ཏུ་ངོས་འཛིན་ཆོག རྡོ་རྗེ་གླིང་པའི་སྔོན་གྱི་དུས་རབས་བཅུ་གཅིག་པའི་འགོ་ནས་བོན་དང་རྙིང་མའི་གཏེར་ཕན་ཚུན་འཁྲུལ་བའམ་གཏེར་བརྗེ་རེས་བྱས་པའི་སྲོལ་བྱུང་ཡོད་། དཔེར་ན་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་བཏོན་པའི་གཏེར་མ་དང་། བན་དེ་མི་གསུམ་གྱིས་བཏོན་པའི་ཡེར་རྫོང་མ། ཁུ་ཚ་ཟླ་འོད་(1024ལོར་འཁྲུངས་)ཀྱིས་སྤ་གྲོ་ནས་རྙེད་པའི་དབལ་ཕུར་ནག་པོའི་གཏེར་ལྟ་བུ་ཡིན། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》དུ་བོན་པོའི་གཏེར་སྟོན་མང་ཙམ་ཞིག་བཅུག་འདུག་པའི་རྒྱུ་རྐྱེན་ཡང་འདི་འདྲ་མིན་ནམ་སྙམ། ནུབ་ཀྱི་བོན་པོ་ཞིབ་འཇུག་པ་ཏན་མ་ཐིན་ལགས་ཀྱིས་རང་གིས་མཛད་པའི་《བོན་དཔེ་གཏེར་ལས་དྲངས་པ། བོད་ཡིག་བསྟན་བཅོས་གཏེར་སྟོན་པ་ཞིག་གི་མི་ཚེ་དང་རྩོད་གཞི་ཅན་གྱི་ཤུལ་གཞག་》ཅེས་པའི་དེབ་ཏུ། “བོན་དང་རྙིང་མའི་གཏེར་སྟོན་རྣམས་ཀྱིས་གཏེར་དཔེ་ཁག་ཅིག་ཐུན་མོང་དུ་སྤྱད་མྱོང་། གཙོ་བོ་ཁོ་རང་ཚོས་གཏེར་དཔེ་མི་འདྲ་བ་ཁག་ཕན་ཚུན་བརྗེ་རེས་གནངས་འདུག་”ཅེས་སྡོམ་ཚིག་བཀོད་པ་ནི་གཟུར་གནས་ཀྱི་གཏམ་ཡིན། གང་ལྟར་དུས་རབས་བཅུ་བའི་མཇུག་ནས་བྱུང་བའི་བོན་དང་རྙིང་མའི་རྫོགས་ཆེན་གྱི་གཏེར་བྱུང་བའི་གོ་རིམ་ཁྲོད་བན་བོན་རྫོགས་ཆེན་གྱི་ལྟ་བ་ཕན་ཚུན་ལ་ཤན་ཞུགས་པར་མངོན་ལ། ཐིག་ལེ་ཉག་གཅིག་གི་ལྟ་བའི་སྐོར་ཕན་ཚུན་ཤན་ཞུགས་པ་ནི་གཙོ་བོ་ཡིན། དེ་བས། 《གཏན་ཚིགས་གལ་མདོ་རིག་པའི་ཚད་མར་》བསྟན་པའི་ཐིག་ལེ་ཉག་གཅིག་དང་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་གཞུང་དུ་བྱུང་བའི་རང་བྱུང་ཡེ་ཤེས་ཀྱི་ལྟ་བ་བར་ཕན་ཚུན་ཤུགས་རྐྱེན་ཐེབས་ཡོད་པར་སྙམ
ལྔ་པ། བསྟན་བཅོས་དེར་ཚད་མ་རིག་པའི་རིགས་ལམ་དང་ཐ་སྙད་ཁ་ཤས་སྤྱད་ཡོད་པ། 
          《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ཞེས་པའི་བསྟན་བཅོས་དེའི་འགོར། “སེམས་ཉིད་རྫོགས་ཆེན་གྱི་ཚད་མ་གཏན་ཚིགས་སྒྲ་དོན་གཏན་ལ་ཕབ་པ་ཞེས་བྱ་བ། མ་རྟོགས་ལོག་པར་རྟོགས་དང་དོན་མེད་ཚིག་ཙམ་རྟོགས། ཕྱོགས་རེ་ཙམ་ལ་ཞེན་དང་ཡང་དག་གདིང་ཉམས་མེད། དེ་དག་ལོག་ལྟ་སུན་ཕྱུང་ལ་བསྒྲལ་ཕྱིར། གཏན་ཚིགས་གལ་མདོའི་ཚད་མ་བཤད་པར་བྱ། ”ཞེས་བསྟན་བཅོས་རྩོམ་པའི་དགོས་པ་ནི་མ་རྟོགས་དང་ལོག་རྟོགས་དགག་ནས་རྫོགས་ཆེན་གྱི་ཚད་མ་དང་གཏན་ཚིགས། སྒྲ་དོན་བཅས་གཏན་ལ་དབབ་རྒྱུ་དེ་ཡིན་པ་གསལ་པོར་བསྟན་འདུག སྤྱིར་ཚད་མ་ཞེས་པའི་ཚིག་འདི་སམ་སྐྲི་ཏའི་སྐད་ཀྱི་པྲ་མཱ་ན་ཞེས་པ་བོད་དུ་བསྒྱུར་བ་ཡིན་ལ། དེའི་དོན་ནི་རབ་ཏུ་འཇལ་བ་ཞེས་པའི་དོན་ཡིན། དེ་བས་ཚད་མ་ཡིན་ན་རང་གི་གཞལ་བྱ་གཞལ་བ་ལྟར་གྲུབ་པའི་རིག་པ་སྟེ་བློ་ཡང་དག་པ་ཞིག་ལ་གོ་དགོས་པ་ནི་ཚད་མ་རིག་པ་སྨྲ་བ་སྤྱིའི་བཞེད་པ་ཡིན། ཡིན་ཡང་། པྲ་མཱ་ཎ་ཞེས་པའི་ཐ་སྙད་དེ་ཉིད་བོད་དུ་མ་འགྱུར་གོང་ནས་བོད་སྐད་ནང་དུ་ “ཚད་མ་”ཞེས་པའི་ཐ་སྙད་ཡོད་པར་ངེས་ལ། དེའི་སྐབས་ཀྱི་ “ཚད་མ་”ཞེས་པའི་དོན་ནི་རབ་ཏུ་འཇལ་བའི་དོན་མིན་ཚོད་འདུག གང་ཡིན་ཞེ་ན། བོན་གྱི་རྫོགས་པ་ཆེན་པོའི་གཞུང་དག་ཏུ་བྱུང་བའི་ཚད་མ་ཞེས་པའི་ཐ་སྙད་དེའི་ནང་དོན་ནི་ཐུབ་བསྟན་པའི་ཚད་མ་བོད་དུ་དར་རྗེས་སུ་འགྲེལ་བ་བྱས་པའི་ “མི་བསླུ་བའི་ཤེས་པ་”འམ་ “གསར་དུ་མི་བསླུ་བའི་ཤེས་པ་”ལྟ་བུ་ཞིག་ཏུ་ངོས་འཛིན་གྱི་མེད། དཔེར་ན། 《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》དེར་ཚད་མའི་དོན་ནི་གཤའ་མའམ་ཡང་དག་པའི་དོན་ལ་འཇུག་པ་དང་། དེའི་དགོས་ཆེད་གཙོ་བོ་ནི་རྫོགས་ཆེན་གྱི་ཐིག་ལེ་ཉག་གཅིག་གམ་རིག་པ་ཞེས་པ་དེ་ཉིད་ཡང་དག་པ་དང་སྐྱོན་མེད་པར་བསྒྲུབ་རྒྱུ་དེ་ཡིན་པ་དང་། དེའི་དགག་བྱ་ནི་བོན་ལུགས་རྫོགས་ཆེན་ལ་སྙོན་བཙུགས་པའི་མ་རྟོགས་ལོག་རྟོག་གི་ཤེས་པ་ཡིན། བོན་ཙམ་དུ་མ་ཟད་བན་ཁར་ཡང་སྟོན་པའི་བཀའ་མི་བསླུ་བ་ཚད་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་ཚད་མར་ངོས་འཛིན་སྲོལ་སྣང་སྟེ། མཁས་གྲུབ་དགེ་ལེགས་དཔལ་བཟང་ཞལ་སྔ་ནས། “སྡེ་བདུན་མདོ་དང་བཅས་པའི་བསྟན་བཅོས་འདི་དག་རྩོམ་པའི་དགོས་པ་ཡང་། ཐུབ་པ་ཉག་གཅིག་གྲོལ་བ་དོན་གཉེར་ལ་མི་བསླུ་བའི་ཚད་མར་བསྒྲུབ་པའི་ཕྱིར་ཡིན་ལ། དེ་ཡང་སྟོན་པ་དེའི་བསྟན་པ་སྐྱོན་མེད་པར་བསྒྲུབས་པའི་སྒོ་ནས་ཡིན་ནོ། ། ” ཞེས་གསུངས་པའི་ཕྱིར་རོ། ། 《གཏན་ཚིགས་གལ་མདོ་རིགས་པའི་ཚད་མར་》ཚད་མ་རིག་པའི་ནང་དོན་གལ་ཆེན་དུ་གྱུར་བའི་རྟོག་གེའི་ཚིག་དོན་བརྒྱད་དུ་གྲགས་པ་སྟེ་མངོན་སུམ་ཡང་དག་དང་ལྟར་སྣང་། རྗེས་དཔག་ཡང་དག་དང་ལྟར་སྣང་། སྒྲུབ་ངག་ཡང་དག་དང་ལྟར་སྣང་། སུན་འབྱིན་ཡང་དག་དང་ལྟར་སྣང་སོགས་ལས་མངོན་སུམ་དང་རྗེས་དཔག་གི་སྐོར་མདོར་ཙམ་དང་། རྟགས་སྦྱོར་གྱི་སྒྲུབ་ངག ཐལ་འགྱུར་གྱི་རིགས་ལམ་འགའ་རེ་བཀོལ་ཡོད། ཕྱི་མ་དེ་ལ་དཔེར་ན། “དེ་ཡང་བདེན་གཉིས་སྒྲ་དབྱངས་ཀྱི་མདོ་ལས། ཀུན་རྫོབ་རང་བཞིན་གང་ཡིན་པ་དེ་ཉིད་དོན་དམ་པའི་དོན་ཡིན་ནོ། ། ཞེས་པས་བསལ་ལོ། ། དེ་ཉིད་དང་བརྗོད་དུ་མེད་པར་གཅིག་ཡིན་ནོ། ། ཞེ་ན། ཀུན་རྫོབ་འདི་དག་གཏན་དུ་མི་སྣང་བར་ཐལ། ཅིའི་ཕྱིར་དོན་དམ་དེ་ཉིད་ཀྱང་མིན་ལ། དོན་དམ་ལས་གཞན་དུ་ཡང་བརྗོད་དུ་མེད་པའི་ཕྱིར་རོ། ། འདོད་ཐོག་ན་མངོན་སུམ་གྱིས་བསལ་ལོ། ། ཡང་ན་དོན་དམ་གཏན་མེད་དུ་ཐལ་ལོ། ། ” ཞེས་དང་། “ཡང་ཡུལ་ལ་སེམས་ཕར་གཅིག་གམ། སེམས་ལ་ཚུར་གཅིག ཕར་གཅིག་གོ་ཞེ་ན། སེམས་ཉིད་ཀྱང་བེམ་པོར་ཐལ། ཅིའི་ཕྱིར་ན་ཡུལ་དུ་ཕར་གཅིག་པའི་ཕྱིར་རོ། ། ཚུར་གཅིག་གོ་ཞེ་ན་ཡུལ་ཉིད་ཀྱང་རིག་པར་ཐལ། ཅིའི་ཕྱིར་ན་སེམས་སུ་གཅིག་པའི་ཕྱིར་རོ། འདོད་ཐོག་ན་མངོན་སུམ་གྱིས་བསལ་ལོ། ”ཞེས་དང་། “ཡང་ཁྱོད་ཀྱིས་གཏན་ཚིགས་གཅིག་དང་དུ་བྲལ་གྱིས་སྣང་བ་འགོག་པའི་དུས་སུ་འགལ་སྟོབས་ཀྱིས་འགོག་གམ། འབྲེལ་རྟགས་ཀྱིས་འགོག དང་པོ་ལྟར་ན་མ་ཡིན་ཏེ། འགལ་བའི་ལུགས་ཀྱིས་གང་ཞིག་རྣམ་པར་བཅད་ན། གང་ཞིག་ཡོངས་སུ་གཅོད་པ་ཡིན་ཏེ། དཔེར་ན་ཚ་རེག་ཡོངས་སུ་གཅོད་ན། གྲང་རེག་རྣམ་པར་བཅད་པ་བཞིན་ནོ། དེས་ན་གཏན་ཚིགས་ཀྱིས་སྣང་བ་འགོག་དུས་སུ་སྣང་བ་མེད་པར་རྣམ་པར་བཅད་ན་གཅིག་དང་དུ་མ་བྲལ་བར་ཡོངས་སུ་གཅོད་པས། གཅིག་དང་དུ་མའི་མཐར་འགྱུར་རོ། ། ” ཞེས་སོགས་འཁོད་འདུག་པ་ལས་དེ་ནི་ཐལ་འགྱུར་དུ་གཏོགས་པ་ཤེས་ཏེ། ཕྱོགས་སྔ་སིན་འབྱིན་པར་མི་འདོད་པའི་ཐལ་བ་འཕངས་ཡོད་པའི་ཕྱིར་རོ། ། སྒྲུབ་ངག་དང་རྟགས་སྦྱོར་གང་ལ་མཚོན་ནའང་སྒྲུབ་བྱེད་ཅིག་ལ་བརྟེན་ནས་རང་གི་སྐབས་བབས་ཀྱི་བསྒྲུབ་བྱ་དེ་ཉིད་བདེན་པ་ཡང་དག་ཡིན་པར་བསྒྲུབ་པ་ཞིག་ཡིན། ཐལ་འགྱུར་ནི་དེ་ལས་ལྡོག་ནས་ཕ་རོལ་པའི་བསྒྲུབ་བྱ་དེ་ཉིད་བདེན་པ་མ་ཡིན་པ་དང་ཡང་ན་དེས་བཀོད་པའི་སྒྲུབ་བྱེད་དམ་རྟགས་དེ་ཡང་དག་མ་ཡིན་པའམ་ལྟར་སྣང་ཡིན་པར་སྒྲུབ་པ་ཞིག་ཡིན། མཁས་པ་ཁ་ཤས་ཀྱིས་སུན་འབྱིན་ནམ་ཐལ་འགྱུར་གྱི་མཚན་ཉིད་ལ། “འཁྲུལ་བ་བསྔོགས་འདོན་དང་ཀླན་ཀ་ལྟར་སྣང་ལ་ཕར་རྒོལ་བྱེད་པའི་རྟོག་པའི་རྒྱུ་བ་ཞིག་”ཡིན་པར་བཞེད་པ་རྣམས་དགོངས་དོན་གཅིག་ཏུ་སོང་། ཐལ་འགྱུར་གྱི་ལུགས་སྲོལ་འདི་ནི་བོད་དུ་ཕྱྭ་བ་ཆོས་ཀྱི་སེང་གེའི་སྐབས་བྱུང་བ་ཡིན་ཏེ། གསེར་མདོག་པཎ་ཆེན་ཤཀྱ་མཆོག་ལྡན་གྱི་གསུང་ན། “རྔོག་ལོ་ཆེན་པོའི་སྲོལ་འཛིན། སློབ་དཔོན་ཕྱྭ་པས་རྣམ་འགྲེལ་རྣམ་ངེས་གཉིས་ཀའི་ཊི་ཀ་དང་། ཚད་བསྡུས་རྒྱས་འབྲིང་བསྡུས་པ་སོགས་རྟོག་གེའི་རྣམ་བཤད་མང་དུ་མཛད་པ་ལས། བསྡུས་པའི་སྲོལ་འབྱེད་ཐོག་མ་ནི་དེའོ། ། ”ཞེས་འཁོད་པ་ནང་བཞིན། སློབ་དཔོན་ཁོང་གིས་《ཚད་མ་རྣམ་འགྲེལ་》གྱི་ནང་དོན་གཙོ་བོ་རྣམས་བསྡུས་ཚན་ཉེར་ལྔར་བསྡུས་ནས་བསྡུས་གྲྭ་བརྩམས་པ་དང་། རྩོད་གླེང་གཏོང་སྐབས་དམ་བཅའ་བས་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ་གཟན་སྐྱུར་ཕབ་ནས་སྐད་གསང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་དྷི་སྐད་གཏོང་བ་དང་། དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་བབས་ཀྱི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་དྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་སྲོལ་གཏན་ལ་ཕབས་པ་ལས་ཤེས་ཐུབ། 《གཏན་ཚིགས་གལ་མདོ་རིག་པའི་ཚད་མར་》ཐལ་འགྱུར་རྣམ་པ་ཅན་གྱི་རིགས་ལམ་གཏོང་ཚུལ་བྱུང་འདུག་པར་གཞིགས་ན་བསྟན་བཅོས་དེ་ཉིད་མཐའ་མར་ཡོངས་སུ་གྲུབ་དུས་ནི་ཕྱྭ་བ་ཆོས་ཀྱི་སེང་གེ་ལས་མི་སྔ་བར་སེམས། མ་ཟད། འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་《ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་》ཞེས་པར་བསྟན་བཅོས་འདི་ལས་ལུང་གཅིག་ཀྱང་དྲངས་མི་འདུག་པས། བསྟན་བཅོས་དེ་ཉིད་གཞི་གྲུབ་དུས་ནི་འ་ཞས་《ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་》བརྩམས་པའི་རྗེས་ཀྱི་དུས་ཤིག་མིན་ནམ་སྙམ། ། 《གཏན་ཚིགས་གལ་མདོ་རིག་པའི་ཚད་མའི་》ནང་དུ་ཐལ་འགྱུར་འཕེན་པ་དང་གཞན་སེལ་གྱི་རིགས་ལམ་སྤྱད་པ་ཉུང་ཙམ་མཆིས་མོད། མང་ཆེ་བ་ནི་གཏན་ཚིགས་རྟགས་ལ་བརྟེན་པའི་རིགས་པ་ཙམ་ལས་ཚད་མའི་སྒྲུབ་ངག་ཏུ་མི་འགྲོ། དེ་ཡང་བསྟན་བཅོས་དེར་གཏན་ཚིགས་རྒྱུ་མཚན་མང་དུ་བཀོད་ནས་རྫོགས་ཆེན་གྱི་ལྟ་བ་བསྒྲུབས་ཡོད་པ་ལས་དཔག་ནུས། གཏན་ཚིགས་ཞེས་པ་ནི་རྒྱུ་མཚན་གྱི་དོན་ལ་འཇུག་ངེས་ཏེ། 《སྡེ་བདུན་ཡིད་ཀྱི་མུན་སེལ་》དུ། “གཏན་ཚིགས་རིག་པའི་དོན་རྒྱུ་མཚན་རིག་པ་ཞེས་པ་ཡིན་ལ། ཚད་མའི་བསྟན་བཅོས་འདི་དག་ཀྱང་བླང་དོར་གྱི་གནས་རྒྱུ་མཚན་ཡང་དག་གི་སྒོ་ནས་རིག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། ”ཞེས་གསུངས། དེ་ལས་དཔག་ཐུབ་པ་ནི་ཚད་མ་རིག་པ་ནི་གཏན་ཚིགས་རིག་པའི་ཁོངས་སུ་འདུ་ལ། གཏན་ཚིགས་རིག་པ་ནི་ནང་བའི་གྲུབ་མཐའ་ཙམ་དུ་མ་ཟད་ཕྱི་རོལ་མི་སྟེགས་པའི་གྲུབ་མཐའ་བྱེ་བྲག་སྨྲ་བ་དང་། གཅེར་བུ་བ། གྲངས་ཅན་པ་སོགས་ལ་ཡང་དར་ཆེ་བ་ཡོད་པས་གཏན་ཚིགས་རྟགས་ལ་བརྟེན་པའི་རིགས་ལམ་གཏོང་སྟངས་ཐམས་ཅད་ནང་པར་གཏོགས་པས་མ་ཁྱབ། དེ་བས་མཁས་གྲུབ་རྗེས་གཏན་ཚིགས་རིག་པ་དང་ནང་རིག་པ་གཉིས་ལ་མུ་བཞི་བཞག་ཡོད་དེ། ནང་རིག་པ་ཁོ་ནའི་བསྟན་བཅོས་འདུལ་བའི་མདོ་ལྟ་བུ་དང་། ནང་རིག་པ་དང་གཏན་ཚིགས་རིག་པ་གཉིས་ཀའི་བསྟན་བཅོས་ཚད་མ་སྡེ་བདུན་ལྟ་བུ། གཏན་ཚིགས་རིག་པ་ཁོ་ནའི་བསྟན་བཅོས་བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་སྟོན་པའི་བསྟན་བཅོས་ལྟ་བུ་དང་། གཉིས་ཀ་མ་ཡིན་པ་གསོ་བྱད་ཀྱི་གཞུང་ལྟ་བུའོ། ། དེས་ན་ཚད་མ་རྣམ་པ་གཉིས་དང་། གཏན་ཚིགས་དང་། སྒྲུབ་པའི་ངག་དང་། སུན་འབྱིན་པ་སྟོན་པར་བྱེད་པ་ཙམ་ནི་གཏན་ཚིགས་རིག་པའི་ཁོངས་སུ་བཞག་ན་འགྲིག་པ་ལས་ནང་པའི་ཚད་མར་གཏོགས་དགོས་པའི་ངེས་པ་མ་མཆིས། གཏན་ཚིགས་གལ་མདོ་རིག་པའི་ཚད་མའི་ནང་དུ་མངོན་སུམ་དང་རྗེས་དཔག་གི་མཚན་བྱུང་བ་ཙམ་ལས་ཕྱོགས་གླང་ཆོས་གྲགས་ནས་བརྒྱུད་པའི་ཚད་མ་རིག་པའི་མཚན་མཚོན་གཞི་གསུམ་གང་ཡང་བྱུང་མི་འདུག་ལ། ཁ་བྱང་དུ་ཡང་“གཏན་ཚིགས་གལ་མདོ་”ཞེས་བསྟན་བཅོས་དེ་ཉིད་རྫོགས་ཆེན་གྱི་གཏན་ཚིགས་སྟོན་པའི་གལ་ཆེའི་མདོ་ཞིག་ཡིན་པར་བསྟན་ཡོད། དེ་བས་བསྟན་བཅོས་དེ་ནི་བོད་དར་ཐལ་འགྱུར་གྱི་རིགས་པའི་ཤན་ཅུང་ཟད་ཞུགས་པ་དང་། གཏན་ཚིགས་རིགས་པར་བརྟེན་ནས་རྫོགས་ཆེན་གྱི་གནས་ལུགས་གཏན་ལ་ཕབ་པའི་བསྟན་བཅོས་ཤིག་ལ་གོ་བ་བླངས་ན་ཤིན་ཏུ་འཚམས་པར་མཐོང་། བསྟན་བཅོས་དེའི་ཁ་བྱང་གི་འགྲེལ་སྟངས་ཐད། སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་ལགས་ཀྱིས་“ གལ་པའི་རྩོད་པའི་མདོ་”ཞེས་འགྲེལ་བ་བརྒྱབ་ཡོད་པ་དང་དཔོན་སློབ་འཕྲིན་ལས་ཉི་མ་ལགས་ཀྱིས་“ལྟ་བ་མི་འཐུན་ཕྱོགས་ལས་རྣམ་པར་གལ་བའི་བརྟག་པ་”ཞེས་འགྲེལ་བ་བརྒྱབ་འདུག་པ་སོགས་ཅི་རིགས་མཆིས་མོད། མདོར་དྲིལ་ན་རྫོགས་ཆེན་ཐད་རྒོལ་བ་གཞན་གྱི་ལྟ་བ་འགོག་པའི་མདོ་གལ་ཆེན་ཞིག་ཡིན་པ་རྟོགས་སླ། གོང་དུ་བསྟན་པ་བཞིན་བསྟན་བཅོས་དེར་གཏན་ཚིགས་རིག་པའི་ཁོངས་སུ་འདུ་བའི་ཚད་མའི་ཐལ་འགྱུར་དང་གཞན་སེལ་གྱི་རིགས་ལམ་ཁ་ཤས་སྤྱད་ཡོད་པས། བོན་ལུགས་ཚད་མའི་ཆེས་སྔ་དུས་ཀྱི་ས་བོན་ཙམ་རྙེད་ཐུབ་མོད། དུས་རབས་བཅུ་གསུམ་པར་འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་བོན་ལུགས་ཚད་མའི་གཞུང་ལུགས་ཆ་ཚང་སྟོན་པའི་བསྟན་བཅོས་《ཚད་མའི་ཀུན་བཏུས་རིགས་གཏེར་》དུ་《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ལས་ལུང་དྲངས་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག ཡིན་ཡང་། བསྟན་བཅོས་དེར་《གཏན་ཚིགས་ངེས་པའི་གལ་མདོ་》དང་《མན་ངག་ལུང་གི་ཚད་མ་》སོགས་ཚད་མ་རིག་པར་འབྲེལ་བ་ཡོད་པའི་བསྟན་བཅོས་གཞན་ཀུན་ལས་ལུང་དྲངས་འདུག དེར་གཞིགས་ན་《གཏན་ཚིགས་གལ་མདོ་རིག་པའི་ཚད་མ་》ཞེས་པའི་བསྟན་བཅོས་དེ་ནི་གཏེར་མ་དངོས་ཤིག་ཡིན་མིན་དང་དེའི་བྱུང་དུས་ཐད་བསྐྱར་ཞིབ་བྱ་བའི་དགོས་པ་མཆིས་སྙམ་ཞིང་། བསྟན་བཅོས་དེ་བྱུང་དུས་ནི་འ་ཞ་བློ་གྲོས་རྒྱལ་མཚན་གྱིས་《ཚད་མ་ཀུན་བཏུས་རིགས་གཏེར་》བརྩམས་པའི་དུས་རབས་བཅུ་གསུམ་པ་ལས་མི་སྔ་བར་སེམས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1