“གཞོན་རབས་པ”

འགྱམ་སངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


        “སྣག་གི་གཉེན་མཚམས”མ་ལེགས་པའི་གྲིབ་ནག་ཕོག་རྐྱེན་ཡིན་ནམ། “སྐྱེ་རྒྱུད་མཆེད་ཁོངས”མ་དག་ལྷད་ཅན་དུ་གྱུར་པའི་བག་ཆགས་ངན་པས་མཚམས་སྦྱར་བ་ཡིན། སྔོན་གྱི་རབས་དག་ལ། རྒན་རབས་པའི་ཁ་ན་ཡིག་དྲུག་ལྟར་ཟློ་བཞིན་པའི“གཞོན་རབས་པ”ཞེས་པའི་བརྡ་ཆད་འདི་ལ་ཁྱད་པར་གྱི་དགའ་བ་དང་དུངས་པས་དྲངས་པའི་ཚིག་རིས་རེ་བྲི་རྒྱུ་ཡིད་ཀྱི་དགུ་ལའང་ཤར་མྱོང་མེད་ལ། དགོས་མེད་ཀྱི་སྡང་ཞུགས་དང་ཁྱད་གསོད་ཀྱི་མཆིལ་ཞགས་འདྲ་འཕེན་རྒྱུ་ཡང་དེ་བཞིན་སེམས་ཀྱི་ཟུར་ལའང་སྐྱེས་མྱོང་མེད། དེའི་དབང་གིས། “གཞོན་རབས་པའི་དོན་དག”བར་མ་དོར་བཞག་ནས། དར་ཅིག་གི་ཡུན་ལ་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་བསྡད་པ་ཡིན་མོད། ན་ནིང་དོ་ཚིགས། སྣོད་བཅུད་ཀྱི་འཇིག་རྟེན་རིལ་མོའི་འགྱུར་བབ་སྔོན་ལས་ཀྱང་གཟུགས་ཅན་དུ་འཆར་ཚབས་ཆེ་བར་གྱུར་པ་དང་བསྟུན་ནས། ཁ་བའི་སྡེ་ལུང་དོག་མོ་འདིའི་ནང་རོལ་ནས་ཀྱང་སྣང་མུན་ཟེར་གསུམ་གྱི་གོ་མཚམས་རིམ་ཅན་དུ་ཕྱེ་ཞིང་། དགེ་ཡོན་སྐྱོན་གསུམ་གྱི་སྤང་བླང་འཇོག་ལེན་དུ་འཆར་སྐབས་ཡོད་པར་གྱུར་གཤིས། བདེན་པ་དང་རྫུན་པ། དྲང་པོ་དང་འཁྱོག་པོ། བཟང་པོ་དང་ངན་པ། ལེགས་པ་དང་ཉེས་པ། ཤེས་རབ་དང་རྨོངས་པ། འཁྲུག་པ་དང་འདུམ་པ་སོགས་ཀྱིས་མཚོན་པའི་མི་ཆོས་འགལ་འཕྲིག་གི་རྦ་ཀློང་དགུང་དུ་འཁྲིགས་ས་གནས་འགྱུར་ནས། མི་རབས་གསར་རྙིང་གཉིས་ཀྱི་མི་གཞི་དང་མི་གཤིས་ཀྱི་སྲིད་པའི་མཚོ་ཆེན་མི་འདྲ་བ་གཉིས་ཀྱི་སྟེང་ལ་བབས་ཡོད་པར་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་ངེས་པ་རྙེད་འདུག་པ་དེ་ལྟར་ལགས་ལ། དེ་ལྟ་བུའི་མི་གཤིས་མི་འདྲ་བ་གཉིས་ཀྱིས་བསྐྱེད་པའི་ཁེ་གྱོང་དང་ཕན་གནོད། བདེ་སྡུག་གི་བག་ཆགས་མི་འདྲ་བ་དེ་རིགས། ཡུལ་ལུང་འདིའི་ཡར་རྒྱས་ཀྱི་གཞི་རྩ་སྣང་བའི་ལམ་ཆེན་དུ་གདིང་ངམ། མུན་པའི་གཏིང་རིམ་དུ་བཤམ་པའི་གནད་ཀྱི་དོན་ཆེ་ཤོས་དང་འབྲེལ་འདུག་པས་ན། སྤྱི་འགན་ཐེག་པ་ཁུར་ལེན་གནང་མཁན་རྣམས་ཀྱིས་ཅི་ནས་ཀྱང་གནད་འདི་ལ་མཐོང་ཐོས་དོགས་གསུམ་དང་གོ་རིག་མྱོང་གསུམ་ཆད་མེད་དུ་གནང་སྟེ།“རྒན་གཞོན”གཉིས་ཀྱི་སྣང་གནས་དང་བསྐྱེད་འབྲས་མི་འདྲ་བ་གཉིས་ཕན་ཚུན་མི་འདྲེ་བར་མེ་ལོང་དུ་གཟུགས་བརྙན་འཆར་བ་ལྟར་མཐའ་གསལ་མཐིལ་མཐོང་ཡོང་རྒྱུ་གཞིར་བྱས། ཡུལ་འདིའི་དྲག་ཞན་བར་མ་ཐམས་ཅད་ཁ་ཕྱིར་འཁོར་མེད་པར་ཆུ་ངན་ལམ་ཞུགས་སུ་འགྲོ་བའི་བག་ཆགས་ངན་པའི་མཚམས་དུས་དེ་རིང་ནས་བཅད་དེ། དུ་བ་དང་རླངས་པ་མི་ནོར་ཞིང་ར་གན་དང་གསེར་རྡོག་མི་འཕྱུག་པའི་གཟུར་གནས་དྲང་དཔྱོད་ཀྱི་ལམ་ཆེན་དུ་ཡང་དག་པར་བགྲོད་ལ་སྐུལ་ལྕག་བསླབ་སྟོན་ཅི་རིགས་གནང་དགོས་པར་མཐོང་ངོ་། །


གཅིག

        རིག་གནས་དཔེ་ལུགས་མི་འདྲ་བ་དག་གི་མི་ཚེ་ལ་དཔྱོད་སྟངས་དང་ཚེ་སྲོག་ལ་གོ་བ་ལེན་ལུགས་གཅིག་ཏུ་མ་ངེས་པར་ཐ་དད་པའི་དབང་གིས། གཞོན་རབས་པ་དང་རྒན་རབས་པ་སོགས་ཀྱི་མཚམས་ཚིགས་འཇོག་ལུགས་ཀྱང་གཅིག་ཏུ་མ་ངེས་པར། མི་སུམ་ཅུར་བསམ་བློ་སུམ་ཅུ་དང་། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཡོད་པའི་དཔེ་དོན་ངོ་མར་སོང་འདུག་ལ། འུ་ཅག་ལ་མཚོན་ན། 《སའི་དངོས་གཞི》ལས། ནུར་ནུར་པོ་ལ་སོགས་མངལ་ན་གནས་པའི་དུས་དང་། བཙས་ནས་འཁོགས་པའི་བར་སྤྱི་ལ་བཙས་པའི་དུས། བཙས་ནས་འགྲོ་བ་དང་རྩེ་མི་ནུས་པ་མན་ཆད་བྱིས་པའི་དུས། དེ་དག་ནུས་ལ་འདོད་པ་སྤྱོད་མི་ནུས་པའི་བར་ལ་གཞོན་ནུའི་དུས། འདོད་པ་སྤྱོད་ནུས་ནས་ལོ་སུམ་ཅུ་མན་ཆད་ལང་ཚོའི་དུས། དེ་ནས་ལོ་ལྔ་བཅུ་མན་དར་ལ་བབ་པའི་དུས། དེ་ནས་ལོ་བདུན་ཅུ་མན་ཆད་རྒས་པའི་དུས། དེའི་ཡན་ཆད་འཁོགས་པའི་དུས་སུ་བཞག་འདུག①ལ། བུད་མེད་རྣམས་ལ་མཚོན་ན། བཅུ་གཉིས་མན་ཆད་གཞོན་ནུ་མ་དང་། བཅུ་གསུམ་ནས་བཅོ་ལྔའི་བར་དར་མ། ཉེར་དྲུག་ནས་ལྔ་བཅུ་བར་སྨིན་པའི་དུས། ལྔ་བཅུ་ཡན་རྒན་མོའི་དུས་སུ་འཇོག་སྲོལ་ཞིག་ཀྱང་ཡོད་པར་གཞིགས་ན། སྐྱེས་ཕོ་མོ་སུ་ཞིག་ཡིན་ཡང་རྒན་གཞོན་གཉིས་ཀྱི་ཟླས་ཕྱེ་བའི་གཞོན་རབས་པ་ལོ་ལྔ་བཅུའི་མན་ལ་གཞག་དགོས་པར་སྣང་མོད། ད་ལྟའི་བོད་སྤྱི་ཚོགས་ཀྱི་སྣང་གནས་ལ་བལྟོས་པའི“རྒན་གཞོན”གཉིས་ཀྱི་མཚམས་ཚིགས་འབྱེད་བྱེད་ལ་སྐྱེ་ཁམས་ཀྱི་ཆ་དེ་ཙམ་ཞིག་གིས་ཀྱང་མི་ཡོང་བར་ཡུལ་དང་དུས། ལྟ་བ་དང་མོས་པ་སོགས་རྒྱུ་ཚོགས་གྲངས་ཚང་ལ་བལྟོས་ནས་གཞག་དགོས་པར་སྣང་ངོ་། །

        དེ་ཡང་ཡུལ་དང་དུས་ཀྱི་སྒོ་ནས། བརྒྱ་ལོ་གོང་མའི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པ། བདུན་ཅུ་པ་སྟེ། རྒྱུ་ནོར་ལོངས་སྤྱོད་ཀྱི་འདུ་སྒོ་ས་ཟད་རྡོ་ཟད་དུ་སོང་གཤིས། ལྟོགས་འཁྱག་མེད་མུག་ལ་འཇིགས་ནས་ཁ་དྲག་སྟོབས་ཅན་དག་གི་གདོང་པའི་དཀར་ནག་ལ་བལྟས་ཏེ། ནོར་སྲུང་རྒན་པོའི་སྐྱེ་བ་མི་བཞེས་ཐབས་མེད་དུ་གྱུར་ཅིང་། འདྲ་བདེན་དྲང་གཞག་གི་ཉིན་བྱེད་ནུབ་རིའི་ཕག་ཏུ་འཆེལ་སྟབས། ཉིན་དཀར་གྱི་ལྷ་དང་ནུབ་མོའི་འདྲེ་གདོན་གྱི་མཛད་པ་མུ་མེད་པར་བསྐྱངས་ཏེ། བདེན་རྫུན་ལེགས་ཉེས་དང་དགེ་སྡིག་དྲང་འཁྱོག་གི་ལྟ་བའི་རྣམ་གཞག་གཞི་མེད་རྩ་བྲལ་དུ་བཏང་བ། སྐྱེ་བོའི་ཐོབ་ཐང་གི་རྙེད་པ་མོ་གཤམ་གྱི་བུ་རུ་སོང་བས། གཡོ་རྫུ་ཟོག་གསུམ་གྱི་བྱེད་པ་འཇིག་རྟེན་གྱི་ཐབས་དང་བློ་གྲོས་ཀྱི་མཆོག་ཏུ་བརྩིས་ཏེ། དྲག་གནོན་ཀླད་འགེམ་གྱི་འཇིགས་པ་ཐབས་ཀྱིས་ཟློག་ཐབས་བྱ་དགོས་བྱུང་བ། མི་བུའི་རྩིས་ཐང་གི་འབྱོར་པ་ལག་ཟད་དཔུང་ཐུག་ཏུ་གྱུར་རྐྱེན། མི་ཚེ་གཅིག་ལ་སྐྱེ་བ་གཉིས་ཀྱི་དཔེ་ལྟར་ཀེར་ནས་འགྲོ་བའི་ལུས་རྟེན་དེ་ཉིད་བསྒུར་ནས་འགྲོ་བ་དུད་འགྲོའི་སྐྱེ་བར་བསྒྱུར་ཏེ། སྲོག་མགོ་འདོན་ཐབས་བྱ་དགོས་བྱུང་བའི་དུས་ཀྱི་ཁུག་པ་དེ་ལ། ཚེ་སྲོག་གི་མེ་ཏོག་ཁ་བའི་ལྗོངས་ནས་དཀའ་སྡུག་གི་ངང་ལ་བཞད་ཅིང་། དེ་ལུགས་ཀྱི་རིག་གནས་བག་ཆགས་རུས་རྐང་དུ་ཐིམ་ནས་འཁོར་བའི་ལམ་སྣེ་རྡོག་པས་ཟིན་ཐུབ་ཙམ་འབྱུང་མཁན་རྣམས་སྤྱི་ལྡོག་ནས“རྒན་རབས་པར”གཞག་དགོས་ལ། བརྒྱ་ལོ་གོང་མའི་ལོ་རབས་བརྒྱད་ཅུ་པའི་མན་ཏེ། རང་ལ་དབང་བའི་རྒྱུ་ནོར་ལོངས་སྤྱོད་ཀྱི་འདུ་སྒོ་ལྟོས་ས་ལྟོས་ཆོས་ཀྱིས་སྤམ་མཐུག་པར་གྱུར་གཤིས། ལྟོ་རྒྱབ་ཀྱི་ཆེད་དུ་ཁ་དྲག་སྟོབས་ཅན་དག་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཚམས་བཞག་ནས་སྒྱིད་པ་དྲང་མོར་བསྲིང་ཐུབ་པར་གྱུར་ཅིང་། མི་ཆོས་གཙང་མའི་སྙིང་པོ་སྟེ་འདྲ་བདེན་དྲང་གཞག་གི་ཐོག་མཐའ་བར་གྱི་ཡོན་ཏན་ལ་ཁ་མིག་ཡར་ལྟ་བྱེད་མགོ་ཚུགས་རྐྱེན། བདེན་རྫུན་ལེགས་ཉེས་དང་དགེ་སྡིག་དྲང་འཁྱོག་གི་རྣམ་གཞག་གནས་ལུགས་ཀྱི་སྲང་ལ་འཇལ་མགོ་ཚུགས་པ། ནུབ་ཕྱོགས་ཤེས་སྤྱོད་འཕྲུལ་གྱི་རྒྱལ་ཁབ་དག་གི་ལྟ་བའི་དབྱིངས་ལས་འཁྲུངས་པའི་སྐྱེ་བོའི་ཐོབ་ཐང་གི་མི་འཇིགས་སེངྒེའི་ང་རོ་ཡུལ་འདིའི་ལུས་ཅན་བསོད་བདེ་ཁ་ཅིག་གི་སྒྲ་འཛིན་དབང་པོའི་སྒོ་རྩ་ནས་གྲག་སྐབས་ཡོད་པར་གྱུར་སྟབས། གཡོ་རྫུ་ཟོག་གསུམ་གྱི་ཐལ་རླུང་དུད་སྤྲིན་མཁའི་མཐའ་ནས་ཡུན་གྱིས་དྭངས་མགོ་བརྩམས་ཏེ། རྒྱུ་འབྲས་བློ་མིག་གི་སྒྲ་འོད་ཟེར་གསུམ་མིག་ལ་སྣང་སྐབས་ཡོད་པར་གྱུར་པ། བསྐལ་པའི་གནས་འགྱུར་ཆེན་པོས་མི་བུའི་རྩིས་ཐང་གང་དེ་སྐྱེ་བོ་རང་མཚན་པའི་མི་གཤིས་ཀྱི་འདབ་ལག་མཐའ་བཞིར་རྒྱས་པའི་ཉེར་ལེན་དུ་བསྩལ་སྟབས། དལ་བའི་རྟེན་བཟང་མི་ལུས་རིན་ཆེན་ཉིད་ལ་དབུལ་ཕྱུག་བཙན་གཉོམ་མཐོ་དམན་ཆེ་ཆུང་གི་ཁྱད་པར་འབྱེད་པའི་ལྟ་ངན་ཆུ་ཤིང་སྡོང་པོའི་རྩ་བ་ཡལ་ག་དང་བཅས་པ་མང་ཐོས་གསེར་གྱི་སྟ་གྲིས་བཞོགས་ཤིང་གཏུབས་ཏེ། ནམ་ཞིག་གི་ཚེ་ན་འདྲ་མཉམ་རིས་མེད་ཀྱི་རང་དབང་ཆེན་པོའི་དྲོད་འཇམ་བདེ་ཡངས་ཀྱི་སྟན་ཐོག་གཅིག་ནས་སྐྱེ་བོ་རེ་རེས་དབུ་སྙན་ཡར་ལ་བཀྱགས་ཏེ། ལྷོད་ཤིག་གེར་སྡོད་རེ་ཡོད་ངེས་ཀྱི་གཏམ་སྙན་གང་དེ་མཐོང་ཐོས་དྲན་གསུམ་གྱི་ཡུལ་དུ་སྣང་བར་གྱུར་པའི་དུས་ཀྱི་ཁུག་སོ་དེ་ལ། ཀུན་གཞིའི་རྣམ་ཤེས་ཐེ་ཚོམ་མེད་པར་གངས་རི་ར་བས་དཀར་ལམ་མེར་བསྐོར་བའི་དངོས་གཙང་མཉེས་གཤིན་གྱི་ཞིང་ཁམས་འདིའི་ནང་རོལ་ཏུ་ཉིང་མཚམས་སྦྱར་ཅིང་། དེ་ལུགས་ཀྱི་རིག་གནས་བག་ཆགས་བླ་ཚེ་སྲོག་གསུམ་དུ་ཐིམ་ནས་རྣམ་ཤེས་ཀྱི་ཕྱི་ནང་བར་གསུམ་ལ་དཀར་ཆ་གང་འགབ་རེ་རྒྱས་ཀྱིན་རང་མགོ་རང་གིས་ཐོན་ཡོང་མཁན་རྣམས་སྤྱི་ལྡོག་ནས“གཞོན་རབས་པར”གཞག་དགོས་སྙམ་མོ། །

        ལྟ་བ་དང་སྤྱོད་པའི་སྒོ་ནས། ཞེ་གྱོང་ཞིང་རྒྱུད་འཁྱོག་ལ་ཁོག་དོག་པའི་དབང་གིས། སྣོད་བཅུད་ཀྱི་འགྱུར་ལུགས་སྤྱན་ལ་རྩ་བ་ནས་སྣང་སྐབས་མ་བྱུང་ཞིང་། སླན་ཆད་ཀྱི་འཁོར་བའི་འབྱུང་འཇིག་ཡིད་ཀྱི་དགུ་ལའང་འཆར་སྐབས་མེད་པར་གྱུར་གཤིས། རྐུབ་རྡོལ་བ་མིག་གིས་མི་མཐོང་བར་རྙིང་པ་རྩ་རལ་གྱི་ཆོས་དག་ལ་ཡིད་ཀུན་ནས་འཁྲེང་སྟེ་སྡོད་ཅིང་། གསར་པ་ཐམས་ཅད་རྟོག་མེད་དཔྱོད་མེད་ཀྱི་ངང་ལ་འཁྲོག་ལང་འགལ་རྐྱེན་དུ་བརྩིས་ཏེ་གེགས་རྩ་ཆུང་ཟློག་གི་ཐབས་རྣམ་ལ་ལྟག་ཆོད་དུག་མདའ་མདེའུ་མེད་ཚོད་མེད་དུ་འཕེན་པའི་ངན་སྤྱོད་རྩོམ་ཞོར། དུས་རྣམ་ཀུན་ཏུ་ཞེ་བློ་ཆགས་སའི་ཡུལ་དང་བློ་རྩེ་གཏོད་སའི་གྲོགས། ཉམས་མྱོང་ལེན་པའི་རྟེན། སྦྱོར་བ་རྩོམ་པའི་དཔེ་རྣམས་སྲོལ་རྒྱུན་ཁོ་ན་ཡིན་པར་འདོད་ཅིང་། སྲོལ་རྒྱུན་ཁོ་ནའི་གཟི་བྱིན་དང་ནུས་མཐུ་ཆེན་པོས་སྤྱི་བྱེ་གཉིས་ཀའི་དཀའ་གནད་ཡོད་རྒུ་ཚེར་མ་འདོན་འདོན། སྦྲུལ་མདུད་བཤིག་བཤིག ལུག་བལ་གསེད་གསེད་བྱས་ཏེ་ཡིད་ལ་ཅི་འདོད་པའི་དངོས་པོ་གང་དེ་འབད་མེད་ལྷུན་གྲུབ་ཀྱིས་ལག་ཏུ་སོན་རེ་ཡོད་པར་ཡིད་ཆེས་ཤིང་། རིགས་ཀྱི་དོན་ཆེན་ཅི་རིགས་ཆེ་བཞག་ཆུང་བསྐྱུར་དང་གཡས་སྒྱེལ་གཡོན་དཔྱོང་བྱས་མཐར། གནམ་འོག་སྐྱེ་འགྲོའི་མཐུན་གནས་ཆིག་དྲིལ་དང་། བདེ་ཐབས་སྐྱིད་ཐབས་ཁོ་ནར་བདག་གཞན་མཉམ་བརྗེའི་ཁུར་སྐྱེད་ཆེ་དགོས་ལུགས་ལྟ་བུའི་སྤམ་པོ་འོ་ཟོབ་ཀྱི་བསླབ་སྟོན་ལྟར་སྣང་མཛེས་ལམ་ཆེ་ཁྱད་རེ་སྐྱེ་བོ་དཔྱོད་མེད་དད་པའི་བྲན་ཕོ་དང་བྲན་མོར་གྱུར་པ་དག་གི་རྣ་རྩར་ངེས་མེད་དུ་སྒྲོག་བཞིན་སོས་དལ་བག་ཕེབས་སུ་བཞུགས་པའི་རྙིང་ཁུངས་ཞེན་ཅན་རྣམས་ན་སོ་ལ་ལྟོས་པ་མེད་པར“རྒན་རབས་པར”གཞག་དགོས་ལ། ཕྱི་དུས་ཀྱི་འགྱུར་ལུགས་དབང་པོའི་མངོན་སུམ་ལ་སྒྲིབ་མེད་དུ་སྣང་སྐབས་ཡོད་པར་གྱུར་ཅིང་། ཡུལ་ལུང་འདིའི་སྔོན་གྱི་བྱུང་རབས། ད་ལྟའི་གནས་བབ། སླད་མའི་ཆག་འཇིག་ལ་རྗེས་སུ་དཔྱོད་པའི་ཁོ་ལག་ཡོངས་སུ་རྫོགས་པས། རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་འདུན་མ་ལ་གཟིགས་པ་ཡངས་ཤིང་རྟོགས་པ་མཐོ་བར་མ་ཟད། དེ་ལུགས་ཀྱི་སྤང་ལེན་འཇོག་ལེན་ལ་ནང་བྱན་ཆུད་ཅིང་བློ་བསྲལ་ཆེ་བར་གྱུར་སྟབས། ཡ་ཆུང་ཁོག་པའི་ནང་དུ། ཕ་མེས་ཀྱིས་བཞག་པའི་སྣོད་བཅུད་འདི་དྲན་པ་དང་ཤེས་བཞིན་གྱིས་ཡང་དག་པར་བསྲུང་དགོས་པ་ལས། དོན་མེད་ལ་བརླག་པ་དང་གཞན་ལ་བཙོང་བའམ་རྐང་འོག་ཏུ་རྫི་མི་ཉན་པའི་གནས་ལུགས་རང་ག་བ་དེ་རིགས་མཐའ་གསལ་མཐིལ་མཐོང་གིས་རྟོགས་འདུག་པ་རྣམས་དགུང་ལོ་ལ་ལྟོས་པ་མེད་པར“གཞོན་རབས་པར”གཞག་དགོས་སྙམ།

        དེ་ལྟ་བས་ན། ཁ་བའི་ལྗོངས་ཀྱི་འཁོར་བའི་སྡེ་རིས་མི་འདྲ་བ་སོ་སོའི་ནང་རོལ་ན། སེམས་ལྤགས་སྲབ་མོ་ཤ་དར་ཁྲག་དར་གྱི་ལང་ཚོའི་དྲེགས་པས། ཕྱི་རུ་བརྒྱངས་ཀྱང་ནང་གི་རྟོགས་པ་འབྲས་མེད་སྦུན་པ་རླུང་འཕྱར་དུ་གྱུར་པའི“རྒན་རབས་པ”གྱོང་པོ་བཀུག་པས་མི་ཁུག་པ་མཐའ་མེད་ཅིག་ཁེངས་དྲེགས་རློམ་གསུམ་གྱིས་འགྱིང་འདུག་ལ། ལང་ཚོའི་ཉིན་བྱེད་ནུབ་ཕྱོགས་ཆུ་ལྷའི་གན་དུ་བཅར་ལ་ཉེ་ཡང་མཁྱེན་པའི་འོད་སྣང་ས་ལེར་སིང་ངེར་ནོར་འཛིན་བུ་མོའི་པང་དུ་བསྐྱིལ་བའི“གཞོན་རབས་པ”མཉེན་པོ་བཅག་པས་མི་ཆོག་པ་གྲངས་མེད་ཅིག་ཀྱང་བརྟན་བརླིང་བརྗིད་གསུམ་གྱིས་བཞུགས་འདུག་པ་དེ་བཞིན། “རྒན་གཞོན”གཉིས་ཀྱི་ཁྱད་པར་ཡུལ་དུས་དང་ལྟ་སྤྱོད་ཉིས་སྦྲགས་ཀྱི་སྲང་ཁར་བཞག་ནས་འབྱེད་དགོས་པར་སྣང་ངོ་། །

གཉིས།

        “རྒན་རབས་པའི”མཛད་ཆེན་གྱི་མཚར་སྡུག་འོད་སྣང་དང་རྟག་འདོད་ཞེན་འཛིན་གྱི་འཇའ་སྤྲིན་ཁ་སང་གི་བྱུང་རབས་ན་དྲག་ཏུ་འཚེར་ཞིང་། “གཞོན་རབས་པའི”མཛད་ཆེན་གྱི་མཚར་སྡུག་འོད་སྣང་དང་དུས་སྦྱར་རྗེས་དཔྱོད་ཀྱི་རི་མོ་སང་ཉིན་གྱི་དབང་ཕྱོགས་ལྷུན་པོའི་ཕྲག་གོང་ནས་ལྷང་ངེར་འཚེར་ངེས་པ་དེ་བཞིན། “རྒན་གཞོན”གཉི་གས་གངས་རིའི་བླ་སྲོག་གི་རྟེན་ཕུར་བྱས་དང་བྱེད་ཚུལ་ལ་མཐོ་དམན་ཡང་ལྕི་ཡོད་པ་མ་ཡིན་ལ། རིག་པའི་གསལ་འགྲིབ་དང་རྣམ་དཔྱོད་ཀྱི་མྱུར་བུལ། འཇོན་ཐང་གི་ཆེ་ཆུང་། ལོངས་སྤྱོད་ཀྱི་དབུལ་ཕྱུག་ལྟ་བུའི་ཁྱད་ཤོར་བ་ལ་བརྟེན་ནས་དེ་གཉིས་ལ་བཟང་ངན་ཡག་བཙོག་དང་འགྲིག་མིན་ལེགས་ཉེས་ཀྱི་ཤན་འབྱེད་དགོས་པའང་ག་ལ་ཡིན་མོད། ལུག་གཡང་དཀར་འཚོ་སའི་སྤང་མི་གཅིག འབྲི་ཐུལ་མ་ངུར་སའི་རྫ་མི་གཅིག་པའི་དཔེ་ལྟར། དེ་གཉིས་ཀྱི་ལྟེ་ཁྲག་འཕོ་སའི་ཡུལ་དང་གཉོམ་ལག་རྒྱས་པའི་དུས་ཐ་དད་པའི་དབང་གིས། རྒྱུད་ལ་བཞག་པའི་ལྟ་བ་དང་མོས་པ་གདོད་ནས་མི་མཐུན་བྱ་རོག་སྡེར་འཛིང་དུ་གྱུར་འདུག་སྟབས། སྒོ་གསུམ་གྱི་སྒྲུབ་པ་དང་སྤྱོད་པའི་བར་ལ་འགལ་བའི་ཁྱད་པར་གནམ་ས་གཉིས་ལ་གོ་ཕྱེ་འདྲ་ཞིག་གྲུབ་འདུག་པ་དཔྱོད་ལྡན་ཀུན་ལ་མཐོང་ཆོས་མྱོང་འགྱུར་ཡིན་པ་དེ་ལྟར་ལགས་ལ། ལྷག་པར་དུ་ཤེས་བསྐལ་གྱི་འདྲ་མཉམ་དང་དྲང་བདེན། དཀྱེལ་ཡངས་སོགས་རང་དབང་འགྲུབ་བྱེད་ཀྱི་ལྟ་བའི་རྙེད་པ་གང་དག་འཁོར་བའི་མི་ཆོས་ཀྱི་སྟན་དུ་བཏིང་དང་འདིང་བཞིན་པའི་དེ་རིང་གི་ཉིན་མོ་འདིར། འབྲུ་སྣ་རླུང་ན་ཕྱར་ན་ཡང་ལྕི་རླུང་གིས་འབྱེད་པའི་དཔེ་ལྟར“རྒན་གཞོན”གཉིས་ཀྱི་མི་གཞི་དང་མི་གཤིས་ཀྱི་ངོས་ན་གཟུགས་ཅན་དུ་འཆར་བཞིན་པའི་བློ་ཡི་དྲང་འཁྱོག་དང་བསམ་པའི་བཟང་ངན། མགོ་ཡི་དྭངས་མུན། ལག་གིས་འཇོན་མིན་རྣམས་བྱེད་པོ་མེད་པར་འཚོ་བའི་སྤང་བླང་གིས་ཆུ་དང་འོ་མ་འབྱེད་པ་ལྟར་མ་འདྲེས་སོ་སོར་འགེར་བཞིན་ཡོད་པར་མ་ཟད། དེ་ལྟ་བུའི་མི་གཤིས་ཀྱི་གྲུབ་ལུགས་མི་འདྲ་བའི་དགེ་སྐྱོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་བྱེ་གཉིས་ལ་བཟོས་པའི་ཁེ་གྱོང་དང་ཕན་གནོད་ཀྱི་རྣམ་གཞག་ཀྱང་དཔྱོད་ལྡན་དྲང་གནས་ཀུན་གྱི་མཐོང་ལམ་དུ་ཉིན་སྐྱེད་ཞག་སྐྱེད་ཀྱིས་གསལ་པོར་སྣང་དང་སྣང་བཞིན་པ་འདིའོ། །

        དངོས་པོའི་གནས་ཚོད་ལ་སྦྱར་ནས་བཤད་ན་དེ་ལས་མ་འདས་ཏེ། སྲོག་འཚོ་སའི་ཡུལ་དུས་ཀྱི་གནས་བབ་དང་རིག་གནས་བསམ་བློའི་བག་ཆགས་རྣམས་མ་དག་ཞད་ཅན་དུ་གྱུར་སྟབས། རྙིང་ཞེན་གསར་འདོར་ལ་ཞེ་ཐག་པ་ནས་དགའ་ཞེན་ཆེ་བ་ལས་འབྱུང་འགྱུར་མི་མཐོང་བེམ་རོ་སྐམ་པོ་ཆུ་ལ་སྦངས་ནས་ལོ་རྒན་དྲུག་ཅུའི་གསོན་རྩིས་རྒྱག་པ་ཁོ་ནར་མ་ཟད། སྦལ་བ་མུན་ནག་ན་ཁུང་དུ་བསྡད་ཀྱང་བསམ་པ་གླིང་དཀར་སྟོད་ལ་སྐོར་མཁན“རྒན་རབས་པ”རེད་ལ། སྤྱན་ཟུང་སྒྲིབ་གཡོགས་སྟོང་གིས་བཀབ་ཀྱང་ཕོ་ཚོད་མུན་པའི་གྲོས་མགོ་འདོན་མཁན་ཡང“རྒན་རབས་པ”རེད། བྱང་ཁོག་སོག་མའི་སྦུབས་ལས་དོག་པས་ཤོག་ཁ་ལྟག་འཁྱེར་ཚེ་ཡི་སྙིང་པོར་རློམ་མཁན“རྒན་རབས་པ”རེད་ལ། མཐོང་རྒྱ་ལག་པའི་མཐིལ་ལས་ཆུང་ཡང་གཏམ་སྟོང་སྙེ་ལོང་སྤྱི་ལ་སྤྲོ་མཁན་ཡང“རྒན་རབས་པ”རེད། རང་ཁ་གསེར་སྒོ་གཞན་ལ་དབང་བས་མཁས་པའི་སྤྱི་གཏམ་གཏད་མེད་བྲག་ཅའི་དབྱངས་སུ་འགུག་མཁན“རྒན་རབས་པ”རེད་ལ། རྩ་བ་མི་བརྟན་བཅས་བཅོས་མང་བས་ཕ་ཁུའི་གྲལ་མགོ་ཇུས་ཀྱིས་མི་གནོན་རྡོག་བརྫིས་ཉོ་མཁན་ཡང“རྒན་རབས་པ”རེད། བསམ་སྦྱོར་མུན་པའི་དུག་པོ་གྱོན་ཏེ་མི་ནུས་ཇོ་བཟང་ལྷ་སྲས་ཀུན་དགའི་སྐུ་རུ་སྤྲུལ་མཁན“རྒན་རབས་པ”རེད་ལ། སྲིན་བྱའི་མི་བདེན་རྫུན་དྲུག་འདྲེས་མའི་གྲེ་འགྱུར་སྒྲོག་ཞོར་མི་བརྟན་གྱ་གྱུའི་འཁྲི་ཤིང་ཡོན་པོའི་ཡལ་གར་བརྟེན་མཁན་ཡང“རྒན་རབས་པའོ། །”དེ་ཙམ་དུ་མ་ཟད། ནང་ན་ཡོན་ཏན་སྲང་གང་མེད་ཀྱང་ཕྱི་ན་ང་རྒྱལ་རྒྱ་གྲངས་ལོངས་པ“རྒན་རབས་པའི”དཀྱིལ་ན་མཐོང་དུ་ཡོད་ལ། ཁ་གཏམ་གཡུ་འབྲུག་ངར་སྐད་ལས་ཆེ་ཡང་ལག་ལེན་ནམ་མཁའི་འཇའ་རུ་འགྱུར་མཁན་ཡང“རྒན་རབས་པའི”དཀྱིལ་ན་མཐོང་དུ་ཡོད། སྤྱི་དོན་ཁ་འཁྱེར་ཐབས་སུ་སྤྱད་དེ་རང་དོན་སྙིང་གི་ཕུག་ཏུ་འཇུག་མཁན“རྒན་རབས་པའི”དཀྱིལ་ན་མཐོང་དུ་ཡོད་ལ། ནོར་སྐྱོང་རྒན་པོ་ཟས་ཀྱིས་བརྔན་ན་སྡང་བའི་མཆེ་བ་ནང་ལ་གཙིག་མཁན་ཡང“རྒན་རབས་པའི”དཀྱིལ་ན་མཐོང་དུ་ཡོད། བྱང་སེམས་བཅོས་མའི་གཤོག་ཁྲའི་འོག་ནས་ཞེ་སྡང་གླག་མོའི་སྡེར་མོ་རྐྱོང་མཁན“རྒན་རབས་པའི”དཀྱིལ་ན་མཐོང་དུ་ཡོད་ལ། འཕྱར་རྒྱག་ལྡིང་གསུམ་གདོད་ནས་ཆེ་ཡང་རང་སྐྱོན་ཞི་ལའི་བྲུན་ལྟར་སྦེད་མཁན་ཡང“རྒན་རབས་པའི”དཀྱིལ་ན་མཐོང་དུ་ཡོད། ད་དུང་། གྲུབ་མཐའི་ཆགས་སྡང་སྙིང་ལ་ཉར་ཏེ་དྲག་གནོན་ཀླད་འགེམ་ནང་ལ་རྩོམ་མཁན“རྒན་རབས་པའི”བྱུང་རབས་ན་མཐོང་དུ་ཡོད་ལ། ཕྲག་དོག་དུག་ཆུས་སྙིང་ཤ་ཚོས་པས་གཞན་འབྱོར་ཕུན་ཚོགས་ཐུགས་ལ་མི་སག་ན་བའི་ཟུག་རྔུ་ཁོང་ནས་སྒྲོག་མཁན་ཡང“རྒན་རབས་པའི”བྱུང་རབས་ན་མཐོང་དུ་ཡོད། མདོར་ན། དེ་སྐད་དུ་རྫ་དཔལ་སྤྲུལ་ཞབས་ཀྱིས། ལུས་འཁྱོག་ཚུལ་འཆོས་སྤྱོད་པ་ཅན། ། ངག་འཁྱོག་གཡོ་སྒྱུའི་སྨྲ་བ་ཅན། ། ཡིད་འཁྱོག་བསླུ་བའི་བསམ་པ་ཅན། །
གསུངས་པའི་རྩ་བའི་འཁྱོག་པ་གསུམ་གྱི“ཡོན་ཏན”ལ་དུས་གསུམ་གར་ཞེ་མགུ་རབ་ཏུ་འཐས་ཏེ་སྐྱེ་བ་ཟད་པའི་སེམས་ཅན་ཕལ་ཆེར“རྒན་རབས་པའི”སྡེ་ན་མུ་དང་མཐའ་མེད་པར་མཐོང་རྒྱུ་ཡོད་དོ། །

        དེ་ལས་ལྡོག་སྟེ། རིགས་ཀྱི་ཕྱི་ནང་བར་གྱི་དོན་དག་ཆེ་ཕྲ་ཀུན་ལ་རང་འགན་ཐེག་པ་ཁུར་ལེན་ཆེ་བར་མ་ཟད། རིགས་ཀྱི་འབྱུང་འགྱུར་སྤྱན་གྱིས་གཟིགས་ཏེ་རིག་གནས་སྲོལ་རྒྱུན་སྤྱི་ལ་སྣོན་འཕྲི་སྤོར་གཅོག་གི་སྤང་བླང་འཛོལ་མེད་དུས་ཐོག་ཆར་བའི་ཚུལ་གྱིས་རྩོམ་མཁན“གཞོན་རབས་པ”རེད་ལ། ཡར་སྐྱེད་ཀྱི་བསམ་པ་ནང་ནས་རྙེད་དེ་སེང་གེ་སྲབ་མེད་མཁའ་ལ་འཕྱོ་ལྟར་བསམ་བློ་ལྟ་བའི་ཡས་མཐའ་སྙེག་མཁན་ཡང“གཞོན་རབས་པ”རེད། གཞུང་དོན་ཐེག་པ་ཁུར་ལེན་གནང་ཆེད་དུས་རྣམ་ཀུན་ཏུ་ལས་ཁུར་སྤྱི་རྟ་སྒལ་རལ་གང་དེའི་སྐྱེ་བ་ལེན་མཁན“གཞོན་རབས་པ”རེད་ལ། རིགས་ཞེན་པདྨོའི་རྩ་ལག་མི་ཕྱེད་གཅིག་ཏུ་འབྲེལ་གཤིས། མདོ་སྟོད་རི་བོང་གླག་གིས་ཁུར་ན། མདོ་སྨད་བོང་བུས་རྩྭ་མི་ཟ་བའི་དམ་པའི་ངང་ཚུལ་ལྷུར་ལེན་མཁན་ཡང“གཞོན་རབས་པ”རེད། འཚོ་བའི་བདེན་ལུགས་གཏམ་དུ་མ་གཤེགས་རྒྱུད་ལ་འབྱོར་སྟབས། རྒྱུ་རྔན་མི་གཙང་ཁ་ཆུ་བཙོག་པ་མུག་གིས་འཐུང་ལུགས་ཕ་མཐར་སྐྲོད་མཁན“གཞོན་རབས་པ”རེད་ལ། ཕྱི་གཏོར་ནང་བཤིག་ཁུར་དུ་ཁྱེར་ཏེ་ཕུ་ནུ་མིང་སྲིང་དཀྱིལ་ནས་གཤག་ལ། གཞན་དྲིང་མི་འཇོག་བཤིག་འདྲེའི་གསོན་པོའི་གཉའ་ནས་གནོན་མཁན་ཡང“གཞོན་རབས་པ”རེད། དེར་ཙམ་དུ་མ་ཟད། སྤྱི་པའི་འདུན་རྩ་དུས་ངན་ཚེས་བཅུའི་གེགས་ཆར་འཕྲད་སྐབས་རང་ལུས་དཀྱིལ་འཁོར་གླུད་དུ་གཏོང་མཁན“གཞོན་རབས་པའི”དཀྱིལ་ན་མཐོང་དུ་ཡོད་ལ། རིགས་ཀྱི་བག་ཆགས་བསྐལ་པར་བསྲིང་ཕྱིར་མི་འཇིགས་གདོང་ལྔའི་གད་རྒྱངས་ཆེན་མོ་ས་ཆེན་ཁྱོན་ལ་ཤུགས་ཀྱིས་སྒྲོག་མཁན་ཡང“གཞོན་རབས་པའི”དཀྱིལ་ན་མཐོང་དུ་ཡོད། ཁ་ཡི་ངོགས་སུ་གཏམ་སྙན་ཡོད་རྒུ་གཅིག་ཏུ་བསྡུས་པའི་སྦྲང་རྩིའི་དོག་པ་མི་འཛིན་ནའང་། ཁོག་པའི་གཏིང་ན་ཟོ་བཟང་དྲང་བདེན་ཡ་རབས་ཆེ་བཙུན་གྱི་སྣ་མའི་དྲི་བསུང་སྟུག་པོར་འཁྱིལ་མཁན“གཞོན་རབས་པའི”དཀྱིལ་ན་མཐོང་དུ་ཡོད་ལ། བློ་ཁོག་ཆེ་ལ་གྲོད་པ་ཆུང་བས་སྡེ་ཇུས་རྩོད་ལ་དཔའ་བར་འགྲོ་ཞིང་ཕོར་ཁ་རྩོད་ལ་གློ་བ་རིང་མཁན་ཡང“གཞོན་རབས་པའི”དཀྱིལ་ན་མཐོང་དུ་ཡོད། ལྟ་བའི་ཕྱོགས་ནས་ནང་ལ་གཤག་རལ་མང་བ་འདྲ་ཡང་གནད་ཀྱི་སྐབས་སུ་ཤོག་ཁ་ཤོག་ཞེན་རྩ་ནས་མེད་པར་ཕྱི་བསྐོར་གྲོས་འཆམ་ནང་བསྐོར་ཁ་འཆམ་གྱི་མཛུབ་མོ་ལྔ་བཅངས་ཁུ་ཚུར་བྱ་ནུས་མཁན“གཞོན་རབས་པའི”དཀྱིལ་ན་མཐོང་དུ་ཡོད་ལ། ཕྱི་ལག་ནང་སྦྲེལ་མི་མིན་འབྱུང་པོའི་ལོག་འདྲེན་གར་ལ་བྱད་ཟློག་ཐལ་བ་ལག་གིས་གཏོར་ནུས་མཁན་ཡང“གཞོན་རབས་པའི”དཀྱིལ་ན་མཐོང་དུ་ཡོད། ད་དུང་། རྒྱུ་འབྲས་བློ་མིག་ཁོང་ན་རྒྱས་སྟབས་ཧམ་སླུ་གཡོ་འཕྲུལ་ཐབས་ཀྱིས་བླངས་པའི་གོ་ཐོབ་རྫིག་པོར་བློ་ལོག་རྒྱབ་གཏོད་སེམས་ཀྱིས་བྱེད་མཁན“གཞོན་རབས་པའི”བྱུང་རབས་ན་མཐོང་དུ་ཡོད་ལ། འདྲ་བདེན་དྲང་པོའི་མི་ཆོས་སྲང་མདའ་ཕྱག་ཏུ་ཐོགས་ཏེ། རྒྱུ་འབྲས་གནས་ལུགས་རྡོག་པས་གནོན་ཞིང་ཆོས་བརྒྱད་བཟི་ཁས་ལུས་སེམས་སྨྱོ་ལ་སྨོད་པའི་མཆིལ་ཞགས་སེམས་ཀྱིས་འཕེན་མཁན་ཡང“གཞོན་རབས་པའི”བྱུང་རབས་ན་མཐོང་དུ་ཡོད། མདོར་ན། དེ་སྐད་དུ་འཇུ་མི་ཕམ་གྱིས། དྲང་པོ་ཞེས་བྱའི་ཡོན་ཏན་ནི། ། ཡོན་ཏན་ནང་ན་ཡོན་ཏན་མཆོག ། མི་ཆོས་གཙང་མའི་སྙིང་པོ་སྟེ། ། གསུངས་པའི་དབུ་ནག་བོད་པའི་མི་ཆོས་གཙང་མའི་སྙིང་པོའི་སྙིང་པོར་གྱུར་པའི་དྲང་པོའི་ཡོན་ཏན་མངོན་ལྐོག་གཉིས་ནས་རྒྱུ་འབྲས་བློ་མིག་གི་རིན་ཆེན་དང་པོའི་མགུལ་རྒྱན་དུ་བཞེས་མཁན“གཞོན་རབས་པའི”སྡེ་ན་མང་དུ་མཐོང་རྒྱུ་ཡོད་དོ། །

གསུམ།

        ཡུལ་དུས་གནས་སྐབས་གང་ཞིག་ཡིན་ཡང་། ལྟོས་བཅས་ཀྱིས་བཤད་ན། “རྒན་རབས་པས”སྣང་མུན་གཉིས་ལས་མུན་པའི་སྒྲིབ་གཡོགས་ལ་ཞལ་ཕྱིར་འཁོར་མེད་པར་སྤྱོད་ཚབས་ཆེ་བ་འཇིག་རྟེན་སྤྱི་སྲོལ་དང་མཐུན་གཤིས། མི་གཤིས་ཀྱི་ཆགས་རིམ་ལ་དེ་དང་དེ་ལྟ་བུའི་བཙའ་དུག་གཡའ་སྐྱོན་རང་ཤུགས་ཀྱིས་བརྒྱབ་པ་རེད་ལ། དེ་ལྟ་བས་ན། ཁོང་རྣམ་པས་སྔ་རབས་ད་འབྱུང་གསུམ་གར་རིགས་ཀྱི་ཕྱི་ནང་བར་གསུམ་ལ་ཡར་འགྲོའི་དགེ་བོགས་གདོན་རྒྱུ་དང་མར་འཐེན་གྱི་སྣ་ཐག་བྱ་རྒྱུ་གཉིས་འདྲ་མཉམ་ཁ་འཐབ་ཏུ་སོང་འདུག་པར་མ་ཟད། ལྡོག་སྟེ་སྐབས་མང་པོ་དག་ལ། འཁྲིས་འཛིན་ཆེ་ནས་དུས་ཀྱི་བལྟ་བྱ་མཐོང་མེད་དུ་སྒྲིབ་པ་དང་། རང་སྣང་མཐོ་ནས་གཞན་གྱི་ཕུན་ཚོགས་ཁྱད་དུ་གསོད་པ། རྨོངས་ཞེན་ཆེ་ནས་ཕུགས་ཀྱི་གྲོས་མགོ་རྒྱལ་འགོང་ལ་འདྲི་བ། མིག་སེར་ཆེ་ནས་ཁ་མཆུ་འཕུང་སྣ་གྱོད་ཀྱིས་འདྲེན་པ། ཕྱི་ནང་ནོར་ནས་རི་སྤྱང་སྔོན་མོ་སྒོ་ཁྱིར་རེ་བ། ལམ་ག་ནོར་ནས་སྡེ་ལུང་ཚོ་ཤོག་གཡང་སར་འཁྲིད་པ། བྱ་བ་འཛོལ་ནས་རིགས་ཀྱི་དོན་ཆེན་རྨང་ནས་བརླག་པ། དམ་རྫི་ཉམས་ནས་དོན་མེད་སྡུག་ཆུ་རང་མགོར་འདྲེན་པ། མདོ་རྩ་བོར་ནས་རང་གི་སྣ་ཐག་གཞན་ལག་ཏུ་འཇོག་པ་སོགས་སྤྱི་བྱེ་གཉིས་ལ་ཉེས་དམིགས་བརྒྱ་སྟོང་ཁྲི་འབུམ་རང་ཤུགས་ཀྱིས་བསྐྱེད་ངེས་པའང་རྒྱུ་འབྲས་ཀྱི་ཆོས་ཉིད་རང་ག་བ་ལས་མ་འདས་སོ། །

        “གཞོན་རབས་པས”སྣང་མུན་གཉིས་ལས་སྣང་བའི་དངོས་པོ་ལ་སྤྱོད་ཚབས་ཆེ་བ་ཕྱི་ནང་དུས་སྦྱོར་གྱི་ཀ་དག་ཆོས་ཉིད་ལས་མ་འདས་གཤིས། ཉི་མ་དང་ཟླ་བ། སྐར་མ་དང་མར་མེ། སྦྲང་ཆར་དང་བསིལ་རླུང་རྣམས་ཀྱིས་རང་རང་གི་མཐུ་དང་ནུས་པ། སྟོབས་དང་བྱེད་ལས་མི་འདྲ་བ་ལ་བརྟེན་ནས་མུན་པའི་སྒྲིབ་གཡོགས་སེལ་ཞིང་འབྱུང་བའི་ས་ཆུ་དྲོས་པ། འགྲོ་བའི་སྲོག་ཟུངས་རྒྱས་པའི་རྟེན་བྱེད་པ་བཞིན་དུ། ཁོང་ཚོའི་དགའ་སྡུག་འདོད་སྡང་དང་དྲང་འཁྱོག་ལེགས་ཉེས། རང་གཞན་ཕྱི་ནང་སོགས་ཀྱི་བླང་དང་དོར་བྱའི་རྣམ་གཞག་མ་ཞིག་གཟུགས་ཅན་དུ་ཤར་བའི་མི་གཤིས་ཀྱི་དགེ་བོགས་དང་ཚེ་སྲོག་གི་འོད་སྣང་ཆེན་མོས། དངོས་ཤུགས་བར་གསུམ་ནས་ཡུལ་ལུང་འདིས་མཐོང་མ་མྱོང་བའི་འཇིག་རྟེན་གྱི་ལྟད་མོ་གང་ལེགས་མིག་གི་གཟིགས་མོར་སྔོན་མེད་གསར་དུ་འགྲེམ་པར་འགྱུར། ཐོས་མ་མྱོང་བའི་འཁོར་བའི་གཏམ་རྒྱུད་གང་མཚར་རྣ་བའི་བཅུད་ལེན་ལ་སྔོན་མེད་གསར་དུ་སྩོལ་བར་འགྱུར། གོ་མ་མྱོང་བའི་ཆོས་ཀྱི་རྣམ་གྲངས་གང་མང་ཡིད་ཀྱི་དགའ་སྟོན་ལ་སྔོན་མེད་གསར་དུ་སྟོབ་པར་འགྱུར། ཕྱིན་མ་མྱོང་བའི་སྣང་བའི་གཞུང་ལམ་ཆེན་མོར་སྣེ་ཤན་གྱི་སྒྲོན་མེ་གང་གསལ་སྔོན་མེད་གསར་དུ་འདེགས་པར་འགྱུར། མངོན་མ་མྱོང་བའི་མུན་པའི་ངན་ཇུས་སྟུག་པོར་སུན་འབྱིན་གྱི་སྒྲ་འོད་གང་རྣོ་སྔོན་མེད་གསར་དུ་འགྱེད་པར་འགྱུར། བཀག་མ་མྱོང་བའི་གཅིག་གཅོད་ལོག་བཤད་ཀྱི་སྨྲ་སྒོ་ཆེན་མོར་དགག་གཞག་གི་རྒྱ་ཐེལ་གང་དམ་སྔོན་མེད་གསར་དུ་འདེབས་པར་འགྱུར། བསྡུར་མ་མྱོང་བའི་རང་གཞན་གཉི་གའི་འཁོར་བའི་ཁ་སྟབས་སྔོན་མེད་གསར་དུ་སྡུར་བར་འགྱུར། བཤམས་མ་མྱོང་བའི་བུ་རབས་ཚ་རྒྱུད་ཚོའི་འཁོར་བའི་འདུན་གྲོས་ལ་ཇུས་གཞི་གང་ཡག་སྔོན་མེད་གསར་དུ་ཤོམ་པར་འགྱུར་བས་མཚོན། སོ་སོའི་ཤེས་འཁོས་དང་འཇོན་སྟོབས་ལ་དཔགས་ཏེ་ཡུལ་ལུང་ཡར་སྐྱེད་ཀྱི་ཐབས་ལ་ཡང་དག་པའི་བག་ཆགས་གང་ལ་དེ་འགབ་བཞག་དང་འཇོག་གིན་ཡོད་དོ། །

        “རྒན་རབས་པ”ཁ་ཞུ་གཏིང་འཁྱག་ལ་འཁྲེང་མཁན་ཁ་ཅིག་གིས།“གཞོན་རབས་པ”རྣམས་ང་རྒྱལ་ཁེངས་དྲེགས་ཀྱིས་སྦོས་ཏེ་གནམ་སྔོན་པོ་སྐེ་ལ་གྱོན་ནས་སྤྲིན་ནག་པོས་ཨོག་སྒྲོག་བརྒྱབ་འདུག་གཤིས། ང་ཚོའི་མི་རབས་འདི་དང་མཐུན་ལམ་ཆིག་དྲིལ་དུ་གནས་ཐབས་མི་འདུག་ལྟ་བུ་རང་དབང་རང་ཚུགས་ཀྱི་རྙེད་པ་ཁྱད་དུ་གསོད་པའི་གསུང་ངེས་མེད་རྒྱུས་མེད་སྣ་ཚོགས་སྒམ་མདོག་གིས་གནང་སྲིད་མོད། དེ་ནི“གཞོན་རབས་པ”ཚོས་སྒུར་སྒུར་ཞུམ་ཞུམ་གྱི་བཅོས་མའི་ཤ་ཚུགས་དུག་ལྟར་སྤངས་ནས་ཚེ་སྲོག་གི་གདོད་མའི་གནས་སྟངས་ཏེ། འདྲ་མཉམ་རང་དབང་དང་རང་གཟུགས་རང་བདག དགའ་བྲོད་སྙིང་སྟོབས་ཀྱི་དབུ་སྐེ་གནམ་ལ་འགྱོག་ལུགས་ཡིན་པ་ལས། གཞན་ལ་འདུད་པ་དང་རང་ཉིད་དུལ་བའི་ལེགས་བྱང་ས་ལ་གཡུག་པ་ག་ལ་ཡིན་ཡང་། “རྒན་རབས་པ”དེ་ཚོའི་གངས་རི་སྔོ་སྣང་གི་ལོག་ཤེས་ལ་ཡུལ་གྱི་གནས་ཚུལ་ཇི་བཞིན་དུ་སྣང་སྐབས། དཀོན་རིགས་སུ་གྱུར་འདུག་པས་ན་དེ་ལྟར་གོ་འཛོལ་བྱུང་བ་འབའ་ཞིག་ཏུ་ཟད་པས། གཏམ་དེ་རིགས་ལ“གཞོན་རབས་པ”རྣམས་ཀྱིས་ཆེད་དུ་མཐོང་ཐོས་དོགས་གསུམ་གནང་དགོས་ཡེ་ནས་མེད་དེ། ཇི་སྐད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྐྱེ་བོ་བློ་དཔངས་མཐོ་བ་ལ། ། འདི་ན་བདེ་སྐྱིད་གཉིས་ཡོད་དེ། ། ཞེས་དང་། རྗེ་ས་པཎ་གྱིས། ཞུམ་བཅས་རྩོལ་བ་དོར་བའི་མི། ། མཐུ་སྟོབས་ལྡན་ཡང་རྒུད་པར་འགྱུར། ། ཞེས་དང་། ང་རྒྱལ་རྩོལ་བ་ཆེར་བསྐྱེད་ན། ། ཆེན་པོ་རྣམས་ཀྱང་ཟིལ་གྱིས་གནོན། ། གསུངས་པ་ལྟར། ཡུལ་དུས་གང་ནས་ཀྱང་སྐྱོ་ཤས་ཞུམ་བཅས་ཀྱི་སེམས་པ་བཙའ་ལྟར་དོར་ནས། འཇུག་པའི་དགའ་བྲོད་དང་སྤོབས་པའི་ང་རྒྱལ་གྱི་མཆེ་སྡེར་མངོན་པར་བགྲད་དེ། གུས་སྦྱོར་དང་རྒྱུན་སྦྱོར་གྱི་བརྩོན་འགྲུས་དྲག་པོའི་གཤོག་ཟུང་མཁའ་ལ་བསྐྱོད་རྒྱུ་ཆོས་འཇིག་རྟེན་གཉི་གར་ཤིན་ཏུ་ནས་དགོས་བྱེད་ཆེ་ཚུལ་ཕྱི་ནང་རིག་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཞིབ་ཏུ་གསུངས་འདུག་པའི་ཕྱིར་རོ། །

        “རྒན་རབས་པ”རྙིང་ཞེན་རིས་གཅོད་ལ་དུངས་མཁན་ཁ་ཅིག་གིས།“གཞོན་རབས་པ”རྣམས་མ་ཤེས་མགོ་ཡུ་འཁོར་ནས་ཨ་མ་དང་ཉི་མ་ལ་རྒྱབ་གཏད། དགྲ་བོ་དང་ལྷགས་པ་ལ་གདོང་བསྟན་ནས་གསར་ཞེན་ཧོལ་རྒྱུགས་ཀྱི་སྨྲ་བའི་སྒོ་ཆེན་རྒྱ་ཡན་དུ་ཕྱེ་སྟེ། རྙིང་པའི་སྲོག་རྩ་རྨོངས་པས་གཅོད་ལ་ཕྱིར་མི་ལྡོག་གི་བརྩོན་པ་སྐྱེད་བཞིན་པ་ཡ་ང་ཞིང་ཡི་མུག་པའི་གནས་སོ། ། ལྟ་བུ་སྙིང་རུས་ཁུར་སྐྱེད་ཀྱི་ཚ་དབལ་རྨང་ནས་གཅོག་པའི་གསུང་བཤད་དོན་མེད་དོན་ལོག་ཅི་རིགས་བདེན་མདོག་གིས་གནང་སྲིད་མོད། དེ་ནི“གཞོན་རབས་པ”རྣམས་ཀྱིས་ཡུལ་ལུང་དོག་མོ་འདིའི་ཆུ་ངན་ལམ་ཞུགས་ཀྱི་རྐྱེན་རྩ་ཆུང་ཟློག་ལ་ཐབས་ཤེས་ཟུང་འབྲེལ་གྱིས་འབད་དེ། སླན་ཆད་བྱ་དཀའ་བྱེད་གཏད་དེ་རིགས་མགོ་ཐོག་ཏུ་ལྷུང་དགོས་མེད་པར་ཆུ་བདེ་ཉ་སྐྱིད་ཡོང་བའི་སྤྱི་བྱིངས་ཀྱི་བདེ་ཐབས་ལ་ཞབས་འདྲེན་མེད་པར་ཞབས་ཏོག་སྒྲུབ་ལུགས་ཡིན་པ“རྒན་རབས་པ”དེ་ཚོའི་འཁྲིས་འཛིན་སྣང་བའི་འཐེན་འཁྱེར་ཅན་གྱི་ཆུ་བུར་མིག་གིས་མ་མཐོང་བ་འབའ་ཞིག་ཏུ་ཟད་པས། གཏམ་དེ་རིགས་ལའང“གཞོན་རབས་པ”རྣམས་ཀྱིས་ཆེད་དུ་མཐོང་ཐོས་དོགས་གསུམ་གནང་དགོས་ཡེ་ནས་མེད་དེ། དེ་སྐད་དུ། ཆོས་རྗེ་ས་པཎ་གྱིས། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ། ། དེ་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། ། རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི། ། དོན་དེ་ཤེས་ཀྱང་དེ་ལ་ངོ་མཚར་མེད། ། ཅེས་དང་། སྔོན་ཆད་གངས་རིའི་ཁྲོད་འདིར་མཁས་རྣམས་ཀྱི། ། རྣ་བའི་སྣོད་དུ་ཉེ་བར་མ་ལྷུང་ཞིང་། ། ལྕེ་ཡི་དབང་པོས་ཀུན་ནས་མ་མྱངས་པ། །རོ་བརྒྱའི་འབྱུང་གནས་དཔག་བསམ་ཤིང་འདི་བསྐྱེད། །གསུངས་པ་སོགས་ཀྱི་དགོངས་མཐིལ་གྱིས་ཤུགས་ནས་བསྟན་འདུག་པས་མཚོན། མི་རིགས་ཤིག་གམ་ཡུལ་ལུང་ཞིག་གི་ཡར་སྐྱེད་ལ་གསར་རྟོགས་གསར་རྙེད་གསར་བཤད་གསར་གཏོད་ཀྱི་འདུ་སྒོ་དེ་རིགས་ཅི་ནས་ཀྱང་མེད་ཐབས་མེད་པའི་ཕྱིར་རོ། །

        “རྒན་རབས་པ”སྒེར་འདོད་སྤྱི་འགེབས་ལ་སྤྲོ་མཁན་ཁ་ཅིག་གིས། “གཞོན་རབས་པ”རྣམས་གཟུ་ལུམ་ཐོ་ཅོ་ཆེ་སྟབས། གཞན་རྗེས་གཡམ་རྒྱུག་གི་ངལ་བ་དང་དུ་བླངས། ཞྭ་དཔེ་ལྷམ་འགེབས་དང་ར་མགོ་ལུག་སྦྱོར་གྱི་བྱེད་པ་མུ་མེད་པར་བརྩམས་ནས། ནང་ཆ་རུལ་བ་ཕྱི་ལ་སྟོན་པའི་རྣམ་ཐར་དམིགས་བཙུགས་ཀྱིས་འཁྲབ་བཞིན་འདུག་པ་ལྟ་བུ་རིག་གནས་ནང་འདྲེན་གྱི་རྣམ་སྲོལ་ཧྲིལ་གྱིས་མར་ཞབས་སུ་གཅོད་པའི་གསུང་དུག་ཅན་ཅི་རིགས་མི་ཤེས་ཤེས་མདོག་གིས་གནང་སྲིད་མོད། དེ་ནི“གཞོན་རབས་པ”རྣམས་ཀྱིས་རིགས་ཀྱི་འཚོ་གཞེས་བསྐལ་པར་བསྲིང་ཕྱིར། ཡུལ་ལུང་གཞན་གྱིས་དཀའ་བའི་ལ་ཆེན་བརྒྱབ་ནས། གསར་དུ་རྙེད་སོན་བྱུང་བའི་འཇིག་རྟེན་སྐྱོང་བྱེད་གསང་བའི་མན་ངག་དང་དངོས་བརྒྱུད་ཀྱི་མྱོང་བ། འགྲན་མེད་ཀྱི་རྣམ་དཔྱོད་རྣམས་བསླབ་པ་ལེན་པའི་རྟེན་དུ་བྱེད་ལུགས་ཡིན་པ“རྒན་རབས་པ”དེ་ཚོའི་ཐབ་ཀ་མ་གཏོགས་ས་ངོ་མི་ཤེས། ཨ་མ་མ་གཏོགས་མི་ངོ་མི་ཤེས་པའི་བློ་ཙིག་ཁུང་འདྲ་བོ་དེའི་ནང་དུ་མ་ཤོང་བ་འབའ་ཞིག་ཏུ་ཟད་པས། གཏམ་དེ་རིགས་ལའང“གཞོན་རབས་པ”རྣམས་ཀྱིས་སྔར་འཁྱུད་བཞིན་མཐོང་ཐོས་དོགས་གསུམ་གནང་དགོས་ཡེ་ནས་མེད་དེ། ཇི་སྐད་དུ། གངས་ཅན་མཁས་པའི་དབུ་རྒྱན་ཙོང་ཁ་པས། ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང་། ། ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ། ། མི་སྨྲའི་བརྟུལ་ཞུགས་བཟུང་ན་དོན་མི་འགྲུབ། ། ཀྱེ་མའོ་ཐུབ་བསྟན་ཇི་ལྟར་གཟུང་བར་བྱ། ། གསུངས་པའི་བཞེད་མཐིལ་ལས་མ་འདས་ལ། ཁྱད་པར་དུ་བཙན་པོའི་མངའ་མཛད་ཀྱི་གློ་སྙིང་མཆིན་གསུམ་ལྷག་མེད་དུ་བྲུས་ཚར་རྗེས་ནས། དུས་ཀྱི་འགྱུར་བག་རླབས་བཞིན་རྩེན་པའི་ཉི་མ་དེ་རིང་ལ་ཐུག་གི་བར་དུ། སྔར་འགྱོད་ཕྱི་འདོམས་མེད་པར་རྙོག་མ་གཏིང་སློང་ལ་ཐུགས་ཀུན་ནས་འཁྲེང་བའི་ཡུལ་ལུང་འདིའི་བྱང་སེམས་རྒྱུ་དགའ་དབང་ཟ་དགའ་རབ་དབང་ཕྱུག་ལ་ཅོ་འདྲི་ནུས་མཁན་ཚོར། དགྲ་འདུལ་གཉེན་སྐྱོང་དང་ཕ་ཤུལ་བུས་འཇགས་ཀྱིས་མཚོན་པའི་འཁོར་བའི་འཚོ་ཚིས་ཕྱོགས་ལ། འདི་ཡིན་མིན་གྱི་བསླབ་སྟོན་སྣ་གཅིག་ཀྱང་གནང་རྒྱུ་མེད་པར་སྤྲང་པོ་ཀེར་ལངས་སུ་གྱུར་འདུག་པ་སྒྲོ་བཏགས་མ་ཡིན་པས། འཁོར་བའི་སྲོག་རྩ་ནང་ནས་མི་གཅད་ཕྱིར། ཡུལ་ལུང་གཞན་ནས་བསླབ་པ་ལེན་ཞིང་། མི་རིགས་གཞན་ལ་མིག་ལྟོས་བྱ་རྒྱུ་ཐབས་ཤེས་མེད་པའི་ཐབས་ཤེས་འབའ་ཞིག་ཡིན་པའི་ཕྱིར་རོ། །

        “གཞོན་རབས་པ”རྣམས་ཀྱང“རྒན་རབས་པ”ཚོ་དང་འདྲ་བར་མཆོར་སྒེག་མཐོང་བའི་སྤྱན་དབང་ཚང་ལ། སྒྲ་སྙན་ཚོར་བའི་སྙན་དབང་དང་། དྲི་བཟང་སྣོམ་པའི་ཤངས་དབང་། རོ་མངར་མྱོང་བའི་ལྗགས་དབང་། འཇམ་མཉེན་འཛིན་པའི་ལུས་དབང་རྣམས་ཡོངས་སུ་ཚང་བའི་སེམས་ཅན་ལས་ལོགས་ན་མེད་གཤིས། མེ་ལོང་ལ་གཡའ་ཅུང་ཟད་བརྒྱབ་པ་དང་གསེར་ནག་ལ་ལྷད་ཅུང་ཟད་ཞུགས་པ་ལྟར། ཁོང་ཚོའི་མི་གཞི་དང་མི་གཤིས་ལའང་མ་ཡིན་མ་འཐུས་མ་འགྲིག་པའི་སྐྱོན་གྱི་ཆ་ཕྲ་མོ་ཅི་རིགས་རང་ཆས་སུ་གྲུབ་འདུག་པ་སྨོས་ཅི་དགོས་ཀྱང་། ཉི་མ་ཟླ་བའི་འཁོར་ཕྱོགས་ལ་ནོར་བ་མེད་ཅིང་། ས་གཞི་ཆེན་མོའི་དཀྱིལ་འཁོར་ལ་ཡོ་བ་མེད་པར་སྲོག་ལྡན་དང་སྲོག་མེད། རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ལ་གང་མཁོའི་བདག་རྐྱེན་གཅིག་མཚུངས་སུ་བྱེད་ལུགས་འདིས། མི་རིགས་ཀྱི་སྲོག་རྩ་དང་རིག་གནས་ཀྱི་གཞུང་ཤིང་། མ་འོངས་པའི་བདག་པོ། ཕ་མེས་ཀྱི་རྗེས་སྐྱོང་ཚང་མ་སྣོད་ཀྱི་འཇིག་རྟེན་འདིའི་འདྲ་བདེན་དྲང་གཞག་གི་ཀ་དག་ཆོས་ཉིད་ལ་ཞེ་ཐག་པ་ནས་རུང་བསྟུན་བྱེད་མཁན“གཞོན་རབས་པ”ཚོ་ཡིན་པ་ལས། རང་སྣང་ལྟག་འཁྱེར་གྱི་སེམས་དཔངས་བླ་ན་མཐོ་ཞིང་། ཕག་རྒན་འདམ་ཞུགས་ཀྱི་མོས་པ་ཁོང་ན་བརྟན་པའི“རྒན་རབས་པ”རྣམས་ཡིན་མི་སྲིད་པ་གནས་ལུགས་ཀྱིས་ཐག་བཅད་ཡོད་གཤིས།“རྒན་རབས་པ”རྣམས་ཀྱིས་རང་ཉིད་ན་སོ་རྒས་ཤིང་བྱང་ཁོག་དོག་པ། སྙིང་ཤ་སྲབ་ཅིང་སྤྱན་རྒྱང་ཐུང་བ་རྒྱུ་མཚན་དུ་བྱས་ནས“གཞོན་རབས་པ”རྣམས་མིག་ནང་གི་ལིང་ཏོག་དང་སྐྲ་ནང་གི་ཤིག་སྲོ། སོ་ནང་གི་འབུ་སྲིན། ཞིང་ནང་གི་ཡུག་པོ་རུ་བརྩིས་ཏེ་དྲག་བཙན་ལྟག་ཆོད་དང་། རྫིག་པོ་འར་གཅུན་གྱི་ལམ་ནས་ཚར་གཅད་འོས་ཁྱོན་ནས་མེད་ལ། འགྲིག་མིན་ལེགས་ཉེས་དང་དྲང་ལྡོག་བཟང་ངན། གནས་ལུགས་ཡོད་མེད་ལ་མི་ལྟ་བར“གཞོན་རབས་པ”རྣམས་ཀྱིས་མཐའ་གཅིག་ཏུ་རང་ཉིད་ལ་ཁ་ལེན་ཚིག་རྩི་ཞུ་དགོས་ཀྱི་བླང་བྱའང་གདོན་འོས་རྩ་བ་ནས་མེད་པར་མ་ཟད། ད་ནས་བཟུང་སྟེ། གཡག་སྣ་ཁུ་ཚུར་བྱ་འདོད་ཀྱི་ཨུ་ཚུགས་དང་། ཕྲེང་བ་རྡོག་འབུད་གཏོང་འདོད་ཀྱི་ངན་སེམས། ཕ་སྤུན་ཁ་མཆུས་འབྱེད་འདོད་ཀྱི་ངན་ལས། མདའ་སྐད་གླིང་བུར་སྒྱུར་འདོད་ཀྱི་གཡོ་འཕྲུལ། འབྲོང་ཡག་སེན་མོས་གསོད་འདོད་ཀྱི་འཁྲུལ་སྣང་ཐམས་ཅད་ཁ་ལྷག་འཕྲོས་འཁྱིལ་དུ་ཅམ་གྱིས་བཞག་སྟེ། “གཞོན་རབས་པ”རྣམས་བསྐལ་པ་འདིའི་ཤེས་ཅན་གྱི་མི་ཕོ་དང་རྒྱུག་ཅན་གྱི་རྟ་ཕོ། ཚུགས་ཅན་གྱི་དཔའ་བོ་ཡིན་པར་མ་ཟད། སླད་མའི་སྲིད་ཀྱི་ཀ་བ་དང་འབྱོར་པའི་གདུང་མ། རིག་པའི་སྒྲོན་མེའང་ཡིན་ལུགས་ངོ་ཤེས་སྟེང་། ཕ་ཤུལ་བུས་འཛིན་པའི་གླགས་སྐབས་ཅི་རིགས་ཁོང་ཚོར་ཕངས་མེད་དུ་སྩོལ་དགོས་ལ།“གཞོན་རབས་པ”ཚོ་ཡང་དེ་བཞིན་ཁྲོན་པའི་སྦལ་ལྕོང་དཔུང་དུ་བསྒྲིགས་པའི“རྒན་རབས་པ”ཁ་ཅིག་གི་རྫིག་ཉམས་སྤམ་མདོག་ལ་འཚེར་ཏེ་རྨ་འོག་ཏུ་མཚོན་ཆག རེ་འོག་ཏུ་གཏམ་ཤི་བའི་སྐྱོ་ཞུམ་གྱི་མཐའ་རུ་མི་ལྟུང་བར། ཁ་བའི་ཡུལ་ལུང་འདི་ཉིད་ཕུ་འབྲོག་གིས་ཕྱུག བར་མི་ཡིས་ཕྱུག མདའ་ལོ་ཡིས་ཕྱུག་པ་མཚོ་ལ་དར་ཆགས་པ་དང་འདྲ་བའི་སྤྲོ་བདེ་སྐྱིད་གསུམ་གྱི་བསྐལ་པ་ལ་རིང་དུ་གནས་ཆེད། ཚེ་དང་སློབ་སྦྱོང་སྙོམ་ཞིང་། རང་དོན་དང་རིགས་དོན་སྙོམ་པ། ཁ་བཤད་དང་ལག་ལེན་སྙོམ་པའི་དམ་པའི་རྣམ་སྲོལ་ལ་རྒྱུན་ཆགས་སུ་ཞུགས་ཏེ། ཇི་སྐད་དུ། བརྩོན་འགྲུས་བརྟུལ་ཕོད་བརྟན་པ་དང་། ། སྟོབས་དང་བློ་གྲོས་ཕ་རོལ་གནོན། ། འབད་རྩོལ་ཡོན་ཏན་དྲུག་ལྡན་པ། ། དེ་ལ་ལྷ་ཡང་འཇིགས་པ་སྐྱེ། ། གསུངས་པ་ལྟར། གངས་རིའི་འཚོ་གཞེས་ཀྱི་ཕྱི་ནང་གསང་བའི་བྱ་གཞག་མཐའ་དག་ལ་སྙིང་སྟོབས་ཀྱི་འཇུག་པ་ཡངས་ཤིང་། རྣམ་དཔྱོད་ཀྱི་གློག་འོད་འཁྱུག་པའི་སྐྱེས་བུ་ཡོན་ཏན་དྲུག་ལྡན་ཞིག་ཏུ་འགྱུར་ལ་མུ་མཐུད་ནས་ཁུར་སྐྱེད་བླ་མེད་གནང་དགོས་སོ། །


* འགྱམ་སངས། བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1