སློབ་གསོའི་མཚན་ཉིད་རིག་པས་བསམ་གཞིག་བཏང་སྟེ་སློབ་གསོའི་གོ་རྟོགས་ཡར་འདེགས་པ།

བསམ་གྲུབ་གྱི་སྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


        མཚན་ཉིད་རིག་པ་ནི། འཇིག་རྟེན་གྱི་ཆེས་རྨང་གཞི་དང་རྩ་བར་གྱུར་པའི་ལྟ་ཚུལ་འཚོལ་ཞིབ་བྱེད་པའི་ཤེས་བྱ་ཞིག་ཡིན་པ་དང་། འདིར་སློབ་གསོའི་མཚན་ཉིད་རིག་པའི་བསམ་གཞིག་ཅེས་པ་ནི། སློབ་གསོའི་ཆེས་རྨང་གཞི་དང་གཞི་རྩར་གྱུར་པའི་གནད་དོན་ལ་འདྲི་རྩད་དང་བསམ་ཞིབ་བཏང་བ་ཞིག་ཡིན། རགས་བསྡུས་སྒོས་བརྗོད་ན། གཅིག་ནི་སློབ་གསོའི་ཆོས་ཉིད་འདྲི་རྩད་དང་བསམ་ཞིབ་བྱས་ན། རྩ་བའི་ཆ་ནས་སློབ་གསོ་ནི“ཅི་ཞིག་ཡིན་པ”དེ་གསལ་པོར་བྱེད་ཐུབ་ཅིང་།

        གཉིས་ནི་སློབ་གསོའི་རིན་ཐང་དེར་འདྲི་རྩད་དང་བསམ་ཞིབ་བཏང་ན། སྤྱི་ཁོག་ནས་སློབ་གསོའི“ཅིའི་ཕྱིར་དུ”ཞེས་པའི་དགོས་པ་དེ་ཁོང་དུ་ཆུད་ཐུབ་པ་ཡིན། ང་ཚོས་མཚན་ཉིད་རིག་པ་གླེང་མ་ཐག་སྨིན་མ་བསྡུས་ཏེ། དེ་ནི་དོན་ཟབ་ཅིང་རྟོགས་དཀའ་བས། ངོས་འཛིན་རྒྱུ་མེད་པ་དང་བྲོ་བ་ཅི་ཡང་མེད་པ་ཞིག་ཏུ་ལྟ་དགོས་དོན་ག་ལ་ཡོད། གལ་ཏེ་ང་ཚོ་དགེ་རྒན་ཚོས་རྒྱུན་པར་སློབ་གསོའི་རྨང་གཞི་དང་རྩ་བར་གྱུར་པའི་གནད་དོན་ལ་བསམ་གཞིག་བཏང་ཚེ། ང་ཚོའི་བསམ་བློར་ཡང་རིམ་གྱིས་གཏིང་ཟབ་ཀྱི་རང་བཞིན་ལྡན་པར་འགྱུར་ཏེ། སློབ་གསོ་པའི་དམིགས་ཡུལ་འདིའི་ཕྱོགས་སུ་སྔར་ལས་གོམ་པ་ཆེ་ཙམ་ཞིག་སྤོ་ཐུབ་ངེས་ཡིན།

        དཔེར་ན། སྔར་ང་ཚོས་རྒྱུན་པར“དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་མཁན་ཡིན”ཞེས་བརྗོད་ཀྱང་འོས་ཏེ། སྐད་ཆ་འདིའི་ཚན་རིག་གི་རང་བཞིན་དང་མི་ཆོས་རང་བཞིན་ལ་བསམ་གཞིག་བཏང་མྱོང་བའི་མི་ག་ཚོད་ཡོད་དམ། བཟོ་བཀོད་མཁན་ཟེར་བ་ནི་སྔོན་ལ་འཆར་གཞི་ཇུས་འགོད་བྱས་རྗེས། ཨར་ལས་རྒྱག་མཁན་གྱིས་ཇུས་གཞི་ལྟར་ཨར་ལས་བརྒྱབ་སྟེ། བཟོ་བཀོད་ལ་དཔྱད་དཔོག་བྱེད་པའི་འཁྲབ་གཟུགས་དེ་འདྲ་ཞིག་ཡིན། འོ་ན། དགེ་རྒན་ནི་འཁྲབ་གཟུགས་དེ་ལྟ་བུ་ཞིག་ཏུ་འགྱུར་འོས་སམ། དོན་དམ་པར་ང་ཚོས་སློབ་མའི་བླ་སྲོག་གི་རྣམ་པ་ཞིག་སྔོན་ནས་འཆར་འགོད་བྱས་ཏེ། སློབ་མ་ཁ་ཕྱོགས་དེར་ཁྲིད་ན་འགྲིག་གམ། ཡང་ན་སློབ་མ་དེ་ཆེས་ལེགས་པའི་ཁོ་རང་ཉིད་ཅིག་ཏུ་འགྱུར་བར་རོགས་རམ་བྱ་དགོས་སམ། འདི་ནི་དགེ་རྒན་གྱི་འཁྲབ་གཟུགས་ཀྱི་ངོ་བོ་དང་ལས་རིགས་ཀྱི་རིན་ཐང་ལ་འབྲེལ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་སྟེ། གནད་དོན་འདིར་འདྲི་རྩད་དང་བསམ་ཞིབ་གཏོང་བ་དེ་ནི། དོན་དངོས་སུ་སློབ་གསོའི་མཚན་ཉིད་རིག་པའི་བསམ་གཞིག་གཏོང་སྟངས་ཤིག་ཡིན། གལ་ཏེ་ང་ཚོ་འགན་འཁྲིའི་འདུ་ཤེས་དང་། ལས་འགན་གྱི་འདུ་ཤེས། སློབ་གསོའི་འདུ་ཤེས་བཅས་ལྡན་པའི་དགེ་རྒན་གྱིས་ དུས་རྒྱུན་དུ་དོན་དམ་པར་སློབ་གསོ་ནི་ཅི་ཞིག་ཡིན་པ་དང་། ཅིའི་ཕྱིར། གང་ལྟར་བྱེད་པ་ལ་སོགས་ཀྱི་གནད་དོན་ལ་གསར་སྐྲུན་རང་བཞིན་གྱིས་བསམ་གཞིག་གཏོང་བ་དང་འདྲི་རྩད་བྱེད་པ། མཐའ་དཔྱོད་རང་བཞིན་གྱིས་བསམ་ཞིབ་བྱས་ན། ང་ཚོར་སློབ་གསོར་ཚོར་ཤེས་གསར་པ་ཞིག་འབྱུང་སྲིད་པ་དང་། དེ་ལ་བརྟེན་ནས། ང་ཚོའི་སློབ་གསོའི་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ང་ཚོའི་སློབ་གསོའི་གོ་རྟོགས་ཡར་འདེགས་ཐུབ་བོ། ། ཆའོ་རྡི་ནེ་ལེར་གྱི་སློབ་གསོའི་མཚན་ཉིད་རིག་པའི་གླེང་གཞི་ལས།“མཚན་ཉིད་རིག་པས་དགེ་རྒན་གྱི་རྟོག་བཀོད་ཀྱི་ནུས་པ་བཅིངས་འགྲོལ་བྱས་ཡོད་ཅིང་། དུས་མཚུངས་སུ་དགེ་རྒན་གྱི་བློ་རིག་ལའང་མཛུབ་སྟོན་བྱེད་བཞིན་ཡོད། དགེ་རྒན་གྱིས་སློབ་གསོའི་གནད་དོན་སྣ་ཚོགས་ཀྱི་མཚན་ཉིད་རིག་པའི་འབྱུང་རྩའི་ཁུངས་དེད་པས། མཐོང་རྒྱ་ཅུང་ཡངས་པའི་སྒོ་ནས་གནད་དོན་འདི་དག་ལ་བལྟ་བ་ཡིན། དགེ་རྒན་གྱིས་འཇིག་རྟེན་ཁམས་དང་མི་ཚེའི་གནས་ལུགས་ཐད་ནས་བསམ་གཞིག་བྱས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་མི་རྣམས་ཀྱིས་གསལ་པོར་ངོས་ཟིན་འདུག་ཅིང་། གདམ་གསེས་བྱས་འོངས་པའི་གལ་ཆེའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་གཞོལ་བ་ཡིན། གནད་དོན་ལ་མཚན་ཉིད་རིག་པ་བཀོལ་ནས་བསམ་གཞིག་མི་བྱེད་པའི་སློབ་གསོའི་བྱ་བ་སྒྲུབ་མཁན་དག་ལ་གོ་རྟོགས་ཟབ་མོ་མེད་པ་གདོན་མི་ཟའོ། །

        འོ་ན། ང་ཚོས་ཇི་ལྟར་བྱས་ནས་སློབ་གསོའི་མཚན་ཉིད་རིག་པའི་བསམ་གཞིག་གཏོང་དགོས་སམ་ཞེ་ན། ངས་མ་མཐར་ཡང་གནད་འདི་གསུམ་པོ་བསྒྲུབ་དགོས་པར་འདོད། གཅིག གནད་དོན་གྱི་འདུ་ཤེས་ཤུགས་ཆེར་གཏོང་བ། གནད་དོན་གསར་དུ་རྙེད་པ་དང་གནད་དོན་འདོན་རྒྱུར་མཁས་པ་ནི། ང་ཚོ་སློབ་གསོའི་གཏིང་ཟབ་རང་བཞིན་གྱི་ཕྱོགས་སུ་བསྐྱོད་པར་མགོ་ཚུགས་པ་ཡིན། ཁར་ཕོ་ཕེར(Karl Popper)གྱིས་བསྟན་དོན།“གནད་དོན་ནི་མཚན་ཉིད་རིག་པས་བསམ་གཞིག་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་མགོ་ཚུགས་ས་ཡིན་ཏེ། མཚན་ཉིད་རིག་པའི་གནད་དོན་ངོ་མ་ཞིག་བཏོན་མེད་ཚེ། མཚན་ཉིད་རིག་པའི་བསམ་གཞིག་ངོ་མ་ཞིག་ཀྱང་ཡོད་མི་སྲིད”ཅེས་གསུངས་སོ། །
        དུས་རྣམ་ཀུན་ཏུ་ང་ཚོ་ཐོག་མ་ཉིད་ནས་གོམས་ལོབས་སུ་ཆགས་ཡོད་ཅིང་ཐེངས་མང་མཐོང་ཡང་སྣང་མེད་དུ་འཇོག་ལ། འགྲིག་འདུག་མི་བསམ་པའི་སློབ་གསོའི་སྣང་ཚུལ་དང་སློབ་གསོའི་ལྟ་ཚུལ་ལ་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་བའི་འདྲི་རྩད་རྒྱུ་མ་ཕུ་འདེད་བྱེད་པར་མཁས་ཚེ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོར་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་ཐུབ་པར་གདོན་མི་ཟའོ། ། གཉིས། ལྟ་ཞིབ་ཀྱི་ནུས་པ་ཤུགས་ཆེར་གཏོང་བ། ལྟ་ཞིབ་བྱེད་པ་ནི་སློབ་གསོ་མཁན་གྱིས་སློབ་གསོའི་ཆ་འཕྲིན་བསྡུ་ལེན་བྱེད་པ་དང་སློབ་གསོའི་འགག་རྩ་དམ་འཛིན་བྱེད་པའི་གཞི་རྩའི་བྱེད་ཐབས་གྲས་ཀྱི་གཅིག་ཡིན། ཡིན་ཡང་སློབ་གསོའི་མཚན་ཉིད་རིག་པའི་བསམ་གཞིག་གི་རྨང་གཞིར་གྱུར་པའི་ལྟ་ཞིབ་དེ་ནི། ལྟ་ཞིབ་བྱ་ཡུལ་དེ་མདུན་ལྗོངས་ཤིག་ཏུ་བརྩིས་པ་མ་ཡིན་པར་རྒྱབ་ལྗོངས་སུ་བརྩིས་པ་ཡིན་ཏེ། ལྟ་ཞིབ་བྱ་ཡུལ་གྱི་སྣང་འཆར་བརྒྱུད་ནས། དེའི་རྒྱབ་ལྗོངས་ཀྱི་འབྱུང་རྩར་གསལ་པོར་ལྟ་བ་དང་བསམ་གཞིག་གཏོང་དགོས་པ་དེའོ། ། གསུམ། བསམ་ཞིབ་རང་བཞིན་གྱི་བསམ་གཞིག་ཤུགས་ཆེར་གཏོང་བ། བསམ་ཞིབ་རང་བཞིན་གྱི་བསམ་གཞིག་ནི་སློབ་གསོའི་མཚན་ཉིད་རིག་པའི་བསམ་གཞིག་གི་རྩ་བ་ཡིན་ཏེ། ཨ་རིའི་སྤྱི་ཚོགས་རིག་པའི་སློབ་དཔོན་ཆེན་མོ་རྡོ་ནེལ་ཊི(Donald Schon)ཡིས། དུས་ཐོག་མར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དེ་བསམ་ཞིབ་རང་བཞིན་གྱི་ལག་ལེན་བྱེད་མཁན་དུ་གཏན་ཁེལ་བྱས་ཤིང་། དེའི་ཕྱིས་སུ་ཙོ་ཐིན་ཞོའེ(佐藤学)དང་མཱ་ཁི་སི་ཝེན་མཱ་ནེ(Maxvan Manen)སོགས་འཛམ་གླིང་རིམ་པའི་སློབ་གསོའི་གཞུང་ལུགས་སྨྲ་བ་ཀུན་གྱིས། ལྟ་བ་འདི་ཉིད་ཚད་མཐོན་པོར་ཁས་ལེན་བགྱིས། མ་ཁི་སི་ཝེན་མ་ནེའི་འདོད་ཚུལ་ལྟར་ན། བྱིས་པ་ཚོ་དང་ལྷན་དུ་འཚོ་བ་རོལ་བ་དང་། དེ་མིན་ང་ཚོ་དང་བྱིས་པ་ཚོའི་འཚོ་བ་རོལ་སྟངས་ལ་བསམ་ཞིབ་བྱ་རྒྱུ་སྟེ། སྔ་ཕྱི་འདི་གཉི་ག་གང་ཡིན་ཡང་སློབ་གསོའི་རང་བཞིན་གནས་པའི་མངོན་ཚུལ་ཞིག་རེད་གསུངས་ཤིང་། ཁོང་གིས་སྔར་ལས་ལྷག་པའི་སྒོ་ནས་དགོངས་དོན། དགེ་རྒན་གྱི་ལས་རིགས་ཀྱི་ནུས་པ་ནི། ཁུངས་འདེད་རང་བཞིན་གྱི་བསམ་ཞིབ་བྱས་པའི་ཁྲོད་ཐོབ་པའི་ཤེས་རབ་ལ་རག་ལས་ཤིང་། བསམ་ཞིབ་རང་བཞིན་གྱི་སློབ་གསོའི་མཚན་ཉིད་རིག་པའི་བསམ་གཞིག་འདིས་ང་ཚོའི་འགན་འཁྲིའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། ང་ཚོའི་སློབ་གསོའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་མ་ཟད། ང་ཚོ་ཕལ་ཆེར་སློབ་གསོའི་རང་དབང་ཡོད་པའི་རྒྱལ་པོའི་རྒྱལ་ཁབ་དང་ཆེས་ཉེ་བའི་མི་ཞིག་ཏུ་འགྱུར་ཐུབ་པར་འདོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1