འདོད་མཐུན་དཔེ་དབྱིབས་ཀྱིས་དངོས་ལུགས་རིག་པ་ཞིབ་འཇུག་དང་དེས་སློབ་ཁྲིད་ལ་ཐོན་པའི་ནུས་པ་མདོ་ཙམ་གླེང་བ།

བསྟན་འཛིན་ཆོས་དར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


[གནད་བཏུས] འདོད་མཐུན་དཔེ་དབྱིབས་ནི་དངོས་ལུགས་ཀྱི་སྤྱི་མཚན་གྲུབ་ཚུལ་དང་ཆོས་ཉིད་བཙལ་སྟངས་གང་གི་ཆ་ནས་མཚོན་ནའང་རྨང་གཞི་ལྟ་བུར་ཆགས་འདུག དེ་བས་དངོས་ལུགས་རིག་པ་ཞིབ་འཇུག་དང་སློབ་སྦྱོང་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། ལུགས་མཐུན་སྒོས་དཔེ་དབྱིབས་བཟོ་སྐྲུན་བྱ་བར་བརྟེན་ན། རྙོག་འཛིང་གི་དངོས་ལུགས་གནད་དོན་ལ་དབྱེ་ཞིབ་སྟབས་བདེར་གཏོང་ཐུབ་པ་དང་། དོན་གཉེར་མཁན་དག་ལ་ཞིབ་འཇུག་གི་ཁ་ཕྱོགས་མ་འཁྲུལ་པ་ཞིག་སྟོན་ཐུབ། དེ་བས་སློབ་ཆེན་དངོས་ལུགས་ཁྲིད་སྦྱོང་གི་གོ་རིམ་ཁྲོད། ངེས་པར་དུ་སློབ་མར་འདོད་མཐུན་དཔེ་དབྱིབས་ཀྱི་བཟོ་སྐྲུན་ནུས་པ་སྐྱེད་སྲིང་བྱ་རྒྱུ་དང་། འདོད་མཐུན་དཔེ་དབྱིབས་བེད་སྤྱད་དེ་དངོས་ལུགས་ཤེས་བྱར་བསམ་བློ་གཏོང་བར་གོམས་སུ་འཇུག་པ་ནི་ཤིན་ཏུ་གལ་ཆེ་བར་སྙམ།

[གནད་ཚིག] འདོད་མཐུན་དཔེ་དབྱིབས། སློབ་ཁྲིད། ནུས་པ།

        དངོས་ལུགས་རིག་པ་ནི་དངོས་རྫས་ཀྱི་ཆེས་སྤྱིར་བཏང་གི་འགུལ་སྐྱོད་རྣམ་པ་དང་ཆོས་ཉིད་ལ་རྩད་གཅོད་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། འགུལ་སྐྱོད་རྣམ་པའི་རིགས་ལ་དཔེར་ན། འཕྲུལ་ཆས་འགུལ་སྐྱོད། ཆ་རྡུལ་ཚ་བའི་འགུལ་སྐྱོད། གློག་སྡུད་འགུལ་སྐྱོད། ཆ་རྡུལ་དང་མ་རྡུལ་ནང་གི་ཕྲ་མཐོང་རྡུལ་ཕྲན་གྱི་འགུལ་སྐྱོད་སོགས་ཡོད། ཡིན་ཡང་རང་བྱུང་ཁམས་ཀྱི་དངོས་རྫས་ལ་སྤུ་རིས་མང་བར་མ་ཟད། འགུལ་སྐྱོད་ཀྱི་གནས་ཚུལ་ལ་རྙོག་འཛིང་ཤིན་ཏུ་ཆེ། དེ་བཞིན་ཕན་ཚུན་བྱེད་ནུས་འདོན་པའི་དངོས་ལུགས་བརྒྱུད་རིམ་ཁྲོད་དུས་རྟག་ཏུ་ནང་འགལ་མང་བ་དང་། དབྱེ་ཞིབ་སྟབས་མི་བདེ་བ། སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ། ཤེས་བྱར་ཞིབ་ཕྲའི་གནད་མང་བས་འབྲེལ་ཡོད་ཀྱི་ཤེས་བྱའི་ཡན་ལག་མང་བ། དངོས་ལུགས་རིག་པའི་ནང་དུ་སྐབས་བབ་ཀྱི་ཤེས་བྱའི་གནད་ལ་གཙོ་ཕལ་གཉིས་སུ་བཀར་ནས་ཞིབ་འཇུག་བྱ་དགོས་ན། ང་ཚོ་ངེས་པར་དུ་འདོད་མཐུན་དཔེ་དབྱིབས་སྤྱོད་པའི་ཐབས་ལ་འཇུག་དགོས།

        འདོད་མཐུན་དཔེ་དབྱིབས་ནི་ཞིབ་འཇུག་བྱ་བའི་དངོས་ལུགས་ཤེས་བྱའི་ཡུལ་དང་གནད་དོན་གྱི་ཁྱད་ཆོས་དངོས་ལ་གཞིགས་ཏེ། དབྱེ་ཞིབ་བྱ་བའི་མཐའ་འབྲས་ལ་གལ་འགངས་མི་ཆེ་བའི་རྒྱུ་དོར་ཏེ། རྒྱུ་གཙོ་བོ་གནད་དུ་འཛིན་པ། ཞིབ་འཇུག་སྟབས་བདེ་བ། ཞིབ་འཇུག་བྱ་ཡུལ་གྱི་ཁྱད་ཆོས་གཙོ་བོ་ཚུར་སྣང་བྱེད་པ་ཞིག་ཡིན། དོན་དངོས་སུ་དངོས་ལུགས་རིག་པའི་ནང་ཞིབ་འཇུག་བྱ་ཡུལ་གྱི་ཕྱི་རོལ་དངོས་གཟུགས་ནི་ཚན་རིག་གི་སྤྱི་མཚན་དང་ཕྱོགས་བསྡུས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་རྟོག་བཟོ་བྱས་པ་ཤ་སྟག་ཡིན། དེ་བཞིན་དུ་དངོས་ལུགས་ཤེས་བྱའི་ཁྲོད་དུ་ཡང་འདོད་མཐུན་དཔེ་དབྱིབས་བཀོལ་སྤྱོད་བྱས་པ་མང་པོ་འདུག དཔེར་ན། ཡོངས་སུ་ལྡེམ་གཤིས། གདོང་གཏུག རྫས་ཚེག མཁྲེགས་གཟུགས། ཚ་བ་རིག་པའི་ནང་གི་འདོད་མཐུན་དབུགས་གཟུགས། དོ་མཉམ་རྣམ་པ། གློག་སྡུད་རིག་པའི་ནང་གི་ཚེག་གློག་ཁུར། ཚད་རྡུལ་ཤུགས་རིག་པའི་ནང་གི་ནག་གཟུགས། མུ་མེད་ཟབ་པའི་སྟོབས་དོང་། འཆམ་འདར་རྡུལ་སོགས་ཡོད། དེ་བས་འདོད་མཐུན་དཔེ་དབྱིབས་ཀྱིས་དངོས་ལུགས་རིག་པའི་ཞིབ་འཇུག་བྱ་བ་དང་སློབ་ཆེན་དངོས་ལུགས་སློབ་ཁྲིད་སོགས་གང་ཅི་ཐད་ལ་ཕན་ནུས་མི་དམན་པ་ཐོན་དང་ཐོན་བཞིན་མཆིས།

དང་པོ། འདོད་མཐུན་དཔེ་དབྱིབས་ཀྱིས་དངོས་ལུགས་རིག་པའི་ཞིབ་འཇུག་ཁྲོད་ཐོན་པའི་ནུས་པ།

1.1 འདོད་མཐུན་དཔེ་དབྱིབས་ནི་དངོས་ལུགས་ཀྱི་སྤྱི་མཚན་གྲུབ་པ་དང་ཆོས་ཉིད་ལ་རྟོག་དཔྱོད་བྱ་བའི་རྨང་གཞི་ལྟ་བུར་གྱུར་ཡོད།

        དངོས་ལུགས་རིག་པ་ནི་རང་བྱུང་ཁམས་སུ་གནས་པའི་ཆེས་གཞི་རྩའི་འགུལ་སྐྱོད་ཀྱི་རྣམ་པ་དང་། དངོས་རྫས་ཀྱི་སྤྱིར་བཏང་ཆགས་ཚུལ། དེ་མིན་དངོས་གཟུགས་ཕན་ཚུན་བར་དང་དངོས་རྫས་ཕན་ཚུན་བར་གྱི་བྱེད་ནུས་སོགས་ཀྱི་ཆོས་ཉིད་ལ་འཚོལ་རྟོགས་བྱེད་པའི་ཚན་རིག་ཅིག་ཡིན། དེ་བཞིན་རང་བྱུང་ཁམས་ཀྱི་དངོས་རྫས་འགུལ་སྐྱོད་དང་ཆགས་ཚུལ། དེ་དག་ལ་མཚར་སྡུག་གི་རི་མོ་འགོད་པའི་ཐབས་ལ་བརྟེན་ཏེ་མངོན་པར་མཚོན་ཕྱིར། ངེས་པར་དུ་དངོས་ལུགས་སྣང་ཚུལ་དང་དངོས་ལུགས་བརྒྱུད་རིམ་དེ་ཕྱི་ནང་གི་ཆ་རྐྱེན་གང་རུང་འཛོམས་པའི་ཆ་རྐྱེན་འོག་ཏུ་འབྱུང་བ་དང་། འཕེལ་རྒྱས་དང་འགྱུར་ལྡོག་གི་ཆོས་ཉིད་ཚུར་སྣང་བྱེད་ཐུབ་དགོས། དེ་མིན་དངོས་ལུགས་བྱ་དངོས་ཀྱི་དོན་དངོས་རང་བཞིན་ངོ་མ་དེ་ཇི་བཞིན་གསལ་འབྱེད་ནུས་པ་ཞིག་ཀྱང་ཡིན་དགོས། དེ་ལ་འདིར་དངོས་ལུགས་ཆོས་ཉིད་ཟེར། དེ་འདྲའི་རྨང་གཞིའི་འོག་ཏུ་གཏན་ཚིགས་ཚགས་དམ་པ། བློ་ཞིབ་པ། རྒྱུད་ཁོངས་རང་བཞིན་ལྡན་པའི་དངོས་ལུགས་ཀྱི་གཞུང་ཆེན་མོ་ཞིག་གྲུབ་ཐུབ། དེ་བཞིན་རང་བྱུང་ཁམས་ཀྱི་བྱ་དངོས་དག་ནི་མ་གཞི་ནས་རྙོག་དྲ་ཆེ་བ། སྣ་མང་ཕྱོགས་བསྡུས་ཀྱི་ཁྱད་ཆོས་ལྡན་པས། ཅི་མཐོང་དེ་བཞིན་དུ་བྱ་དངོས་ངོ་མ་དེར་དྲང་ཐད་དུ་ཞིབ་འཇུག་དང་དབྱེ་ཞིབ་མཐའ་འཁྱོལ་བྱས་ཏེ། ཕྱོགས་དང་ཆ་གང་དུའང་མ་ལྷུང་བའི་སྒོ་ནས་ཚད་ལྡན་གྱི་དངོས་ལུགས་ཆོས་ཉིད་ཕྱོགས་བསྡོམ་བྱ་རྒྱུ་དང་། དོན་མཐུན་གྱི་དངོས་ལུགས་ཀྱི་གཞུང་ལུགས་ཆེན་མོ་ཞིག་གྲུབ་པར་དཀའ་ཁག་ཤིན་ཏུ་ཆེ། དེ་བས་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་བསམ་གཞིག་བྱས་ཏེ། བྱ་དངོས་ཀྱི་དངོས་ལུགས་རང་བཞིན་ངོ་མ་དེ་ཇི་བཞིན་ཚུར་སྣང་ཐུབ་བྱེད་པའི་འདོད་མཐུན་དཔེ་དབྱིབས་ཤིག་རྟོག་བཟོ་བྱ་དགོས།

        དངོས་ལུགས་རིག་པ་ཁཱར་ཝན་གྱིས།“དངོས་ལུགས་རིག་པར་དོན་མཐུན་གྱི་དཔེ་དབྱིབས་འཛུགས་རྒྱུ་ནི་ཤིན་ཏུ་གལ་ཆེ། གལ་ཏེ་དཔེ་དབྱིབས་ལེགས་པོ་གསར་འཛུགས་བྱེད་མ་ཐུབ་ཚེ། ང་རང་སྟེང་ནས་གོ་བ་མ་ལོན་པའམ་མི་ཐུབ་པའི་གནད་མང་དུ་འདུག”ཅེས་གསུངས་པ་ལྟར། འདི་ལས་ང་ཚོས་དངོས་ལུགས་དཔེ་དབྱིབས་གསར་འཛུགས་དང་བཀོལ་སྤྱོད་ཀྱིས་དངོས་ལུགས་རིག་པའི་གཞུང་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་མི་དམན་པ་ཐོན་ཡོད་པ་ཤེས་ཐུབ། སྔ་གཞུག་ཏུ་འདོད་མཐུན་དཔེ་དབྱིབས་རིགས་སྣ་ཚོགས་གསར་དུ་བྱུང་བ་ནི་ཕྱོགས་གཞན་ཞིག་ནས་དངོས་ལུགས་རིག་པའི་གཞུང་ལུགས་སྔར་ལས་གཏིང་ཇེ་ཟབ་དང་འཕེལ་རྒྱས་འགྲོ་བའི་དན་རྟགས་ཤིག་ཡིན། དོན་དངོས་སྟེང་དངོས་ལུགས་ཀྱི་རིག་པ་དང་གཏན་སྲོལ་ཡོད་ཚད་ནི་འདོད་མཐུན་དཔེ་དབྱིབས་གང་རུང་ཞིག་ལ་བརྟེན་ནས་གྲུབ་པ་ཤ་སྟག་ཡིན། དེ་བས་རིག་ཚན་ཤེས་བྱ་དང་འདོད་མཐུན་དཔེ་དབྱིབས་བཀོལ་བའི་ཐབས་ཤེས་ནི་དངོས་ལུགས་རིག་པ་ཞིབ་འཇུག་འཕེལ་རྒྱས་དང་ཡེ་ནས་ཁ་འབྲལ་ཐབས་མེད། འདོད་མཐུན་དཔེ་དབྱིབས་ནི་དངོས་མཐོང་དངོས་གཟུགས་ལ་དཔེ་བྱས་ཏེ་ངོམ་མེད་བློ་ངོར་གྲུབ་པ་ཞིག་ཡིན། དེའི་ཚད་ངེས་ཅན་ཞིག་ནས་དོན་དངོས་གནས་ཚུལ་ཚུར་སྣང་བྱ་ཐུབ་པར་མ་ཟད། དངོས་ལུགས་རིག་པའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་འདོད་མཐུན་དཔེ་དབྱིབས་མཐའ་དག་ནི་དངོས་བཤེར་ལག་ལེན་སོགས་ཀྱི་ཐད་ནས་ཡང་དག་འཁྲུལ་མེད་ཡིན་པ་ར་སྤྲོད་བྱས་ཡོད། དེ་བས་གཏིང་ཟབ་ལ་ཡང་དག་པ། ཕྱོགས་དང་ཁྱོན་ཡོངས་ནས་རང་བྱུང་ཁམས་ཀྱི་གསང་བ་དག་ཕྱི་རོལ་ཡུལ་ལ་ཚུར་སྣང་བྱེད་བཞིན་གདའ། དཔེར་ན། དངོས་གཟུགས་ཤིག་ས་ངོས་དང་ཐག་ཉེ་ས་ནས་འགུལ་མེད་ནས་རང་ལྷུང་འགུལ་སྐྱོད་བྱེད་པའི་གནས་ཚུལ་ལ་ཆ་བཞག་ན། སྤྱིར་ན་དངོས་ལུགས་རིག་པའི་ཁྲོད་ཀྱི་ཆེས་སླ་བའི་འགུལ་སྐྱོད་ཀྱི་རྣམ་པ་ཞིག་རེད། ཡིན་ཡང་འདོད་མཐུན་དཔེ་དབྱིབས་མ་བཙུགས་ན། དངོས་གཟུགས་མར་ལྷུང་བའི་གོ་རིམ་ཁྲོད་དུ་དངོས་གཟུགས་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཤིན་ཏུ་མང་བས་གང་ནས་མགོ་འཛུགས་དགོས་པ་མི་ཤེས་པ། མགོ་བཙུགས་ཀྱང་དབྱེ་ཞིབ་ཁག་པ་ལྟ་བུའི་གནད་དོན་འབྱུང་ངེས། ཐོག་མར་ལྗིད་ཚད་ལ་མཚོན་ན། དངོས་གཟུགས་མར་ལྷུང་སྐབས་ཀྱི་མཐོ་ཚད་མི་འདྲ་བ་དང་བསྟུན་ཏེ་འགྱུར་ལྡོག་འབྱུང་བ། དེ་རྗེས་དངོས་གཟུགས་མར་ལྷུང་སྐབས་ཐེབས་པའི་མཁའ་རླུང་གི་འགོག་ཤུགས་ཆེ་ཆུང་ནི་དངོས་གཟུགས་ཀྱི་དབྱིབས་གཟུགས་དང་ཆེ་ཆུང་ལ་འབྲེལ་བ་ཡོད་པར་མ་ཟད། ད་དུང་གཞན་རླུང་འགྲོས་ཀྱི་ཆེ་ཆུང་དང་རླུང་གི་རྒྱུ་ཕྱོགས་ལའང་རག་ལས་པ་རེད། དེ་བས། ང་ཚོས་དངོས་གཟུགས་ཀྱི་ཆེ་ཆུང་དང་དབྱིབས་གཟུགས། དེར་ཐེབས་པའི་མཁའ་རླུང་གི་འགོག་ཤུགས་སྣང་མེད་དུ་བཏང་སྟེ་རྫས་ཚད་ལྡན་པའི་ཚེག་ཅིག་ལ་ལྟོས་པ་ན་གནད་དོན་ཤིན་ཏུ་སྟབས་བདེར་བཟོས་ཡོད། དེ་བཞིན་ལྗིད་ཤུགས་ཀྱི་འགྲོས་སྣོན་ཚད་ཀྱང་གཏན་ཚད་ཅིག་ལ་ལྟོས་པ་ན། དངོས་གཟུགས་དེའི་འགུལ་སྐྱོད་རྣམ་པ་ནི་རྫས་ཚེག་ཅིག་སྙོམས་པའི་ལྗིད་ཤུགས་ར་བའི་ནང་དུ་ལྗིད་ཤུགས་ཁོ་ནས་བྱེད་ནུས་འོག་འགུལ་སྐྱོད་བྱེད་པར་བལྟས་ཆོག དེར་ང་ཚོས་རང་དབང་ལྷུང་གཟུགས་འགུལ་སྐྱོད་ཟེར། དེ་བས་ང་ཚོས་ལས་སླ་མོའི་སྒོ་ནས་དངོས་གཟུགས་རང་དབང་ལྷུང་གཟུགས་འགུལ་སྐྱོད་ཀྱི་ཆོས་ཉིད་ཐོབ་ཐུབ་པ་རེད།

1.2 འདོད་མཐུན་དཔེ་དབྱིབས་བེད་སྤྱད་དེ་དངོས་ལུགས་ཤེས་བྱར་འཇུག་པ།

        དངོས་ལུགས་ཀྱི་བརྒྱུད་རིམ་ནི་དོན་དངོས་ཐོག་རྙོག་འཛིང་ལྡན་པ་ཞིག་ཡིན་ཡང་། ང་ཚོས་ཞིབ་འཇུག་གི་དམིགས་ཡུལ་ལ་གཞིགས་ཏེ་གནད་དོན་གཙོ་ཕལ་གཉིས་སུ་དབྱེ་སྟེ་འདོད་མཐུན་གྱི་དངོས་ལུགས་དཔེ་དབྱིབས་བཀོལ་བར་བསྟེན་ན། རྙོག་འཛིང་གི་དངོས་ལུགས་གནད་དོན་སླ་མོར་བསྒྱུར་ཐུབ། དཔེར་ན། སྤྱིར་བཏང་གནས་ཚུལ་འོག་དངོས་གཟུགས་འགུལ་སྐྱོད་བྱེད་སྐབས་ནང་ཁུལ་གྱི་ཚེག་སོ་སོའི་གནས་ས་འགྱུར་ལྡོག་བྱས་པ་མི་མཐུན། དེ་བས་ཡང་དག་འཁྲུལ་མེད་ཀྱི་སྒོ་ནས་འགུལ་སྐྱོད་རྣམ་པ་ཡོངས་སུ་ཞིབ་བརྗོད་བྱ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན། དེ་བཞིན་ལན་རེར་འགུལ་སྐྱོད་ཀྱི་རྣམ་པ་ཞིབ་བརྗོད་གཏན་ནས་མི་ཐུབ་པའི་དཀའ་ཁག་ཀྱང་ཡོད་ངེས། དབྱེ་ཞིབ་ཀྱི་སྐབས་དོན་དངོས་ལ་གཞིགས་ཏེ་དངོས་གཟུགས་ཀྱི་ཐིག་ཚད་དང་དབྱིབས་གཟུགས་ཀྱི་འགུལ་སྐྱོད་རྣམ་པར་ཞིབ་འཇུག་བྱ་སྐབས་ཤུགས་རྐྱེན་ཆེན་པོ་མེད་པ་དག་སྣང་མེད་དུ་བཞག་ན་ཆོག་སྐབས། དངོས་གཟུགས་ནི་ཆེ་ཆུང་དང་དབྱིབས་གཟུགས་ལ་བལྟ་མི་དགོས་པར་རྫས་ཚད་ཁོ་ན་ལྡན་པའི་ཚེག་ཅིག་ལ་ལྟོས་པ་ལ་རྫས་ཚེག་ཟེར། དེ་བས་ང་ཚོས་བློ་ངོ་ན་ཡོད་པའི་འདོད་མཐུན་དཔེ་དབྱིབས་རྫས་ཚེག་ལྟ་བུ་ལ་མཚོན་ན། དངོས་གཟུགས་ཀྱི་རང་བཞིན་ངོ་མ་དེ་མ་ཡལ་བར་རྫས་ཚད་ལྡན་ལ་བར་སྟོང་ངེས་ཅན་བདག་གིར་བཟུང་བ་ཞིག་ཡིན། འོན་ཀྱང་དེ་ལས་ངེས་དགོས་པ་ཞིག་ལ་དངོས་གཟུགས་ཀྱི་ཆེ་ཆུང་དང་དབྱིབས་གཟུགས་ནི་རྒྱུ་དང་རྐྱེན་ཕལ་བར་བགྲང་བས་དངོས་གཟུགས་འགུལ་སྐྱོད་ཞིབ་འཇུག་ལྡབ་འགྱུར་གྱིས་སླ་རུ་བསྒྱུར་བ་རེད།

        ཡང་དཔེར་ན། མཁྲེགས་གཟུགས་ལྟ་བུའི་འདོད་མཐུན་དཔེ་དབྱིབས་ལ་མཚོན་ན། སྲ་གཟུགས་ལ་ཤུགས་ཀྱི་བྱེད་ནུས་ཐེབས་པ་ན་སྤྱིར་བཏང་དུ་དབྱིབས་གཟུགས་དང་ཆེ་ཆུང་ལ་འགྱུར་བ་འབྱུང་ངེས། ཡིན་ཡང་འགྱུར་བ་མངོན་གསལ་མིན་ལ་གནད་དོན་དབྱེ་ཞིབ་བྱ་བར་ཤུགས་རྐྱེན་མེད་པའམ་ཡང་ན་ཤུགས་རྐྱེན་ཆུང་བས། མ་བལྟས་ན་ཆོག་པའི་སྐབས་སུ་ང་ཚོས་མཁྲེགས་གཟུགས་ཞེས་པའི་འདོད་མཐུན་དཔེ་དབྱིབས་བཀོལ་ཏེ་ཞིབ་འཇུག་དབྱེ་ཞིབ་བྱས་ཆོག དེ་བས་མཁྲེགས་གཟུགས་ལ་ཕྱི་ཤུགས་ཀྱི་བྱེད་ནུས་ཅི་ཙམ་ཐེབས་ཀྱང་དབྱིབས་གཟུགས་དང་ཆེ་ཆུང་མི་འགྱུར་བརྟན་སྲུང་བྱ་ཐུབ། དེ་བཞིན་དངོས་ལུགས་རིག་པའི་ཁྲོད་དུ་འཁོར་འགུལ་བྱེད་པའི་འཕུར་འཁོར།(飞轮)རང་འཁོར་བྱེད་པའི་གོ་ལ། འདར་འགུལ་བྱེད་པའི་ཆུ་ཚོད་སོགས་མཁྲེགས་གཟུགས་སུ་བལྟས་ཏེ་མཁྲེགས་གཟུགས་ཤུགས་རིག་པར་སློབ་སྦྱོང་བྱེད་བཞིན་ཡོད། མཁྲེགས་གཟུགས་ཤུགས་རིག་པའི་ཁྲོད་དུ་དངོས་གཟུགས་ཀྱི་དབྱིབས་གཟུགས་དང་ཆེ་ཆུང་གཉིས་རྩིས་མེད་བྱས་པ་དེས། ཞིབ་འཇུག་གི་མཐའ་འབྲས་ལ་ཤུགས་རྐྱེན་དང་ནོར་འཛོལ་འབྱུང་མི་སྲིད། ཐབས་ཤེས་འདི་ལྟ་བུར་བརྟེན་ན་རྙོག་འཛིང་གི་གནད་དོན་སླ་རུ་བཟོ་ཐུབ།

1.3 འདོད་མཐུན་དཔེ་དབྱིབས་ལ་བསྟེན་ན་དངོས་ལུགས་ཞིབ་འཇུག་གི་ཁ་ཕྱོགས་འཚོལ་སྙེག་བྱ་ཐུབ།

        དངོས་ལུགས་རིག་པའི་ཁྲོད་དུ་དུས་རྒྱུན་ཞིབ་འཇུག་བྱ་ཡུལ་ནི་ཐད་མཐོང་ཡིན་ཡང་། ནམ་རྒྱུན་སྣང་ཚུལ་རིགས་སྣ་ཚོགས་དང་རྙོག་འཛིང་གི་བརྒྱུད་རིམ་སོགས་གཞི་གཅིག་ཏུ་ཁེལ་བས། གནད་དོན་དབྱེ་ཞིབ་ཀྱི་གནད་ངོ་མ་དེ་གསལ་པོར་མཐོང་དཀའ། དེ་བས་ང་ཚོས་འདོད་མཐུན་དཔེ་དབྱིབས་སྤྱད་དེ་ཞིབ་འཇུག་བྱས་ན། རང་བཞིན་དང་ཆོས་ཉིད་ངོ་མ་གསལ་འདོན་བྱ་ཐུབ་པར་མ་ཟད། ཞིབ་འཇུག་བྱ་ཡུལ་གྱི་དངོས་མཐོང་རྒྱུ་ཆ་མང་ཤོས་དོར་ཀྱང་ཚད་གཞིར་སླེབས་པ་ལས་ཞིབ་འཇུག་བྱ་ཡུལ་གྱི་ཁྱད་ཆོས་གཙོ་བོ་འབུར་དུ་ཐོན་ཡོད་པར་མ་ཟད། དཔྱད་འབྲས་ཀྱང་གནད་དུ་ཐོན་ཡོད། དེ་བས་འདོད་མཐུན་དཔེ་དབྱིབས་བཀོལ་ཏེ་གསལ་འདོན་བྱས་པའི་དངོས་ལུགས་རང་བཞིན་དང་ཆོས་ཉིད་མཐའ་དག་དོན་སྤྱིའི་རྣམ་པར་མངོན་པས། དངོས་དོན་ཞིབ་འཇུག་ལ་ཅུང་རྒྱང་ཐག་རིང་ཡང་སྡོམ་ཚིག་དོན་དངོས་དང་ཤིན་ཏུ་ཉེ། དཔེར་ན། རུ་ཟེར་ཧྥོར་གྱིས་རིལ་རྡུལ་འཐོར་འཕྲོ་ལ་ཞིབ་འཇུག་བྱེད་སྐབས། དངོས་བཤེར་སྣང་ཚུལ་ནི་ཐོམ་སོན་མ་རྡུལ་དཔེ་དབྱིབས་ལས་རིགས་འདེད་མི་ཐུབ་པའི་གཞུང་ལུགས་ལ་འགྲེལ་པ་བྱེད་ཐུབ་པ་བྱུང་། གལ་ཏེ་མ་རྡུལ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་བསྡུ་གཟུགས་སུ་བལྟས་ན། གློག་རྡུལ་ནི་བརྟན་སྐར་གྱི་ཉི་མ་ལ་བསྐོར་བ་རྒྱག་པ་ནང་བཞིན་མ་རྡུལ་ཉིང་བུའི་འཁྱིལ་འཁོར་གྱི་དཔེ་དབྱིབས་བློ་ངོར་གྲུབ་ཐུབ། འདི་ལྟར་བྱས་ན་ད་གཟོད་རིལ་རྡུལ་གྱི་ཟུར་ཚད་ཆེ་བའི་འཐོར་འཕྲོའི་གནད་དོན་ལ་བདེ་བླག་ངང་འགྲེལ་པ་བྱེད་ཐུབ། དེ་ནས་བཟུང་རུ་ཟེར་ཧྥོར་གྱི་མ་རྡུལ་ཉིང་བུ་རྣམ་པའི་ཆགས་ཚུལ་དཔེ་དབྱིབས་བྱུང་བ་རེད། མི་རྣམས་ཀྱིས་ཕྲ་མཐོང་འཇིག་རྟེན་ལ་ཤེས་རྟོགས་འབྱུང་བར་གོམ་པ་གསར་པ་ཞིག་སྤོས་པ་རེད།

གཉིས་པ། དངོས་ལུགས་འདོད་མཐུན་དཔེ་དབྱིབས་ཀྱི་རིགས་དབྱེ།

        དངོས་ལུགས་རིག་པས་ཕྱི་རོལ་གྱི་དངོས་གཟུགས་ལ་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད། ཞིབ་འཇུག་བྱ་ཡུལ་དང་འབྲེལ་བའི་བྱ་དངོས་མང་བར་མ་ཟད་རྙོག་འཛིང་ལྡན་ཕྱིར། ང་ཚོས་བློ་ངོར་གྲུབ་པའི་འདོད་མཐུན་དཔེ་དབྱིབས་དག་སོ་སོར་ཁྱད་ཆོས་མི་འདྲ་ཡང་དཔེ་དབྱིབས་ཀྱི་བྱུང་བ་བརྗོད་ན་གཤམ་ལྟར་ཕྱོགས་འགར་བསྡུ་ཆོག

2.1 བྱ་དངོས་ཀྱི་འདོད་མཐུན་དཔེ་དབྱིབས།

        འཇིག་རྟེན་སྟེང་གི་བྱ་དངོས་སྣ་ཚོགས་ཀྱི་རང་བཞིན་མི་འདྲ་ཡང་ཆ་རྐྱེན་དང་དམིགས་བྱ་གཅིག་པའི་གནས་ཚུལ་འོག་ཕྱི་རོལ་བྱ་དངོས་ཀྱི་ཐུན་མོང་རང་བཞིན་ཕྱི་རུ་མངོན་ཐུབ། བྱ་དངོས་ཀྱི་ཁྱད་རྟགས་གཙོ་བོར་བཟུང་སྟེ་ཕྱི་རོལ་བྱ་དངོས་དང་ཉེ་སར་བཅར་ཏེ་འདོད་མཐུན་རྣམ་པར་བསྒྱུར་བ། དེ་ལྟར་བྱས་ན་བྱ་དངོས་ཀྱི་ཁྱད་ཆོས་གཙོ་བོར་འཛིན་པའི་འདོད་མཐུན་དཔེ་དབྱིབས་ཤིག་བློ་ངོར་གྲུབ་ཐུབ། དཔེ་དབྱིབས་འདིའི་རིགས་ལ་རྫས་ཚེག མཁྲེགས་གཟུགས། གཡོ་ཐོ་རྐྱང་པ། ཚེག་གློག་ཁུར། སྨར་གློག་གེགས། སྨར་གློག་ལྟོས། སྨར་གློག་ཤོང་། འདོད་མཐུན་གནོན་འགྱུར་ཆས། ཚེག་འོད་ཁུངས། ཐིག་འོད་ཁུངས། རྒྱུ་ཤེལ་སྲབ་མོ། ཚད་མེད་རིང་བའི་ཐེག་རྡུལ་འདྲེན་སྐུད་དྲང་མོ། ཚད་མེད་ཆེ་བའི་གློག་ལྡན་ངོས་མཉམ་སྙོམས་པོ། འཆམ་སྦྱོར་རླབས། གཞན་ད་དུང་འདོད་མཐུན་རྣམ་པར་བསྒྱུར་བའི་དངོས་ལུགས་བར་སྟོང་ལ། དཔེར་ན། དྲག་སྙོམས་གློག་ར། དྲག་སྙོམས་སྡུད་ར་སོགས་དང་འདོད་མཐུན་རྣམ་པའི་དངོས་ལུགས་ཡོ་ཆས་ལ་གནོན་བརྟན་ཁུངས། (ནང་གེགས་ཐིག་ལེ)རྒྱུག་བརྟན་ཁུངས། (ནང་གེགས་ཚད་མེད་ཆེ་བ)སོགས་ཡོད།

2.2 བརྒྱུད་རིམ་གྱི་འདོད་མཐུན་དཔེ་དབྱིབས།

        རང་བྱུང་ཁམས་ཀྱི་དངོས་རྫས་ནི་ཆེ་བ་སྐར་མའི་འཇིག་རྟེན་ནས་ཆུང་བ་ཆ་རྡུལ་དང་མ་རྡུལ་ལ་སོགས་པ་ཆེས་ཆུང་བའི་རྡུལ་ཕྲན་དེ་དག། ཉིང་ཤུགས་ར་བ་དང་། གློག་རྡུལ་ར་བ་ནས་འདྲེན་ཤུགས་ར་བ་སོགས་གང་ལ་གནས་པར་མཚོན་ནའང་། མི་འགྱུར་རྟག་བརྟན་གྱི་འགུལ་སྐྱོད་འགྱུར་ལྡོག་ཁྲོད་མ་གནས་པ་གཅིག་ཀྱང་མེད། དངོས་རྫས་འགུལ་སྐྱོད་ཀྱི་རྣམ་པ་མང་ཞིང་བརྒྱུད་རིམ་ལ་རྙོག་དྲ་ཆེ་བ། དངོས་ལུགས་བརྒྱུད་རིམ་ཁྲོད་དུ་ཕྱོགས་འགལ་གྱི་རྣམ་པ་དང་ཁྱད་ཆོས་མང་དུ་འདུས་ཡོད་པ་རེད། དེ་བས་འགུལ་སྐྱོད་ཀྱི་རྣམ་པ་གཙོ་བོ་ཞིབ་བརྗོད་བྱས་ཏེ་འགུལ་སྐྱོད་ཆོས་ཉིད་གསལ་འདོན་བྱ་ཆེད། རྐྱེན་ཕལ་པ་དོར་ནས་རྒྱུ་གཙོ་བོར་བཟུང་སྟེ་རྙོག་དྲ་ལྡན་པའི་དངོས་ལུགས་བརྒྱུད་རིམ་དག་ཅུང་གོ་བདེ་བའི་འདོད་མཐུན་གྱི་དངོས་ལུགས་འགུལ་སྐྱོད་རྣམ་པར་བསྒྱུར་རྗེས། རིམ་གྱིས་གཞི་རྩའི་ཆོས་ཉིད་རྙེད་ཐུབ་པ་ལྟ་བུ། དཔེར་ན། རང་དབང་ལྷུང་གཟུགས་འགུལ་སྐྱོད་ལ་མཚོན་ན། མཁའ་རླུང་གི་འགོག་ཤུགས་དང་མཐོ་ཚད་ལྟར་འགྱུར་བའི་ལྗིད་ཤུགས་མགྱོགས་སྣོན་ཚད་སོགས་ཀྱི་ཤུགས་རྐྱེན་མེད་པར་ལྟོས་པ། འཆམ་པའི་འདར་འགུལ་ལ་མཚོན་ན། འགོག་རྐྱེན་གྱི་བྱེད་ནུས་མེད་པར་བྱས་ཏེ་གཡོ་རྒྱ་མཚུངས་པའི་འདར་འགུལ་ལ་ལྟོས་པ། དཔེ་དབྱིབས་འདིའི་རིགས་ད་དུང་འགྲོས་སྙོམས་དྲང་ཐིག་འགུལ་སྐྱོད། འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད། བཅར་བའི་འཇགས་ཚུལ་རྣམ་པ། ཞི་འཇགས་རྣམ་པ། ཚ་གཅོད་བརྒྱུད་རིམ། དོ་མཉམ་རྣམ་པ། ཚ་འགུལ་དོ་མཉམ་རྣམ་པ། དྲོད་བརྟན་བརྒྱུད་རིམ། གནོན་བརྟན་བརྒྱུད་རིམ། ཟློག་རུང་བརྒྱུད་རིམ་སོགས་མང་དུ་ཡོད།

2.3 རྒྱུད་ཁོངས་ཀྱི་འདོད་མཐུན་དཔེ་དབྱིབས།

        འཇིག་རྟེན་ཁམས་སུ་བྱ་དངོས་ཕུན་སུམ་ཚོགས་པར་མ་ཟད། འགྱུར་ལྡོག་ནི་བློ་ཡུལ་ལས་འདས་པ་ཡིན་ཡང་། དངོས་ལུགས་རིག་པ་བ་ཚོས་ནམ་ཡང་སྟབས་བདེའི་རྣམ་པ་དང་འདོད་མཐུན་རྣམ་པའི་དཔེ་དབྱིབས་ཀྱིས་གསལ་འགྲེལ་དང་། ཞིབ་བརྗོད་བྱས་པའི་ཐབས་ལམ་འཚོལ་སྙེག་བྱེད་བཞིན་ཡོད། རྙོག་དྲ་ལྡན་པའི་དངོས་ལུགས་རྒྱུད་ཁོངས་ལ་ཞིབ་འཇུག་བྱེད་སྐབས། རྒྱུད་ཁོངས་ནང་གི་དངོས་གཟུགས་དང་དངོས་གཟུགས་བར་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་ཕལ་བར་མ་ལྟོས་པར། ངོ་བོ་གཙོ་བོ་ཚུར་སྣང་བྱེད་པའི་རྒྱུ་རྐྱེན་གཙོ་བོར་བཟུང་སྟེ་རྒྱུད་ཁོངས་འདོད་མཐུན་ཅན་དུ་བསྒྱུར་བ། དེ་རྗེས་ཚབ་བྱེད་རང་བཞིན་གྱི་ཆོས་ཉིད་བཙལ་བར་བསྟེན་དོན་དངོས་རྒྱུད་ཁོངས་ལ་ཞིབ་འཇུག་བྱེད་པ། དཔེ་དབྱིབས་འདིའི་རིགས་ལ་དཔེར་ན། འདོད་མཐུན་དབུགས་གཟུགས། འདོད་མཐུན་རྒྱུག་གཟུགས། ཆ་མི་ཚང་བའི་ལྡེམ་གཤིས་གདོང་གཏུག ཆ་ཚང་ལྡེམ་གཤིས་གདོང་གཏུག ལྡེམ་གཤིས་གཏན་མེད་གདོང་གཏུག་ལ་སོགས་ཡོད།

2.4 རྟོག་བཟོའི་རོགས་འདེགས་དཔེ་དབྱིབས།

            དཔེ་དབྱིབས་རིགས་འདི་ནི་ཞིབ་འཇུག་བྱ་ཡུལ་གྱི་ཁྱད་ཆོས་རིགས་གཅིག་གམ་དུ་མ་གསལ་བཤད་བྱས་ཏེ། བྱ་དངོས་ཀྱི་ཆོས་ཉིད་དང་རང་བཞིན་དངོས་འཚོལ་རྟོག་བྱ་ཆེད། བློ་ངོར་གྲུབ་པའི་རོགས་འདེགས་རང་བཞིན་གྱི་དཔེ་དབྱིབས་ཤིག་ཡིན། དེར་བརྟེན་ཞིབ་འཇུག་བྱ་ཡུལ་གྱི་སྣང་བརྙན་ངོ་མ་ཤེས་པ་བརྒྱུད་ངོ་བོའི་ཁྱད་ཆོས་རྣལ་མ་རྟོགས་ཐུབ་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཞིབ་འཇུག་བྱ་ཡུལ་གྱི་གཞི་རྩའི་ངོ་བོ་དང་ཆོས་ཉིད་གསལ་འདོན་བྱ་ཐུབ། དཔེར་ན། ཧྥ་ར་ལྡེ་ཡི་གློག་རའི་ཐིག་གི་དཔེ་དབྱིབས། གློག་རའི་ཐིག་གི་མང་ཉུང་གིས་གློག་རའི་དྲག་ཚད་མཚོན་པ་དང་། ར་ཐིག་སྟེང་གི་ཚེག་རེ་རེའི་འཕྲེད་ཐིག་ཕྱོགས་ཀྱིས་མཚོན་པ་ནི་གནས་དེའི་ར་དྲག་གི་ཕྱོགས་མཚོན་པ་ཡིན། འདིས་ཐད་མཐོང་སྒོ་ནས་ར་ཞེས་པའི་ཁྱད་མཚར་དངོས་རྫས་ཀྱི་རྩ་བའི་ངོ་བོ་དང་ཁྱད་ཆོས་མཚོན་པར་བྱས་ཡོད། དེ་ལས་གཞན་ད་དུང་གཤེར་གཟུགས་ནང་གི་གཤེར་ཐིག་དང་། གློག་རའི་ཁྲོད་ཀྱི་སྟོབས་མཚུངས་ངོས། སྡུད་རའི་ནང་གི་སྡུད་སྣང་ཐིག་དང་དབྱིབས་རྩིས་འོད་རིག་པའི་ནང་གི་འོད་ཐིག་སོགས། གལ་ཏེ་དཔེ་དབྱིབས་འདི་རིགས་ཀྱིས་ཚུར་སྣང་བྱས་པའི་ཆོས་ཉིད་ནི་དངོས་བཤེར་དང་ཡོངས་སུ་མཐུན་པ་བྱུང་ཚེ། རྟོག་བཟོ་དེ་དངོས་དོན་དུ་འགྱུར་ཐུབ། གལ་ཏེ་ཁག་ཅིག་དང་མཐུན་པ་བྱུང་ཚེ་ཞིབ་འཇུག་བྱ་ཡུལ་ཁྱད་ཆོས་ཀྱི་ངོས་ཤིག་ཚུར་སྣང་བྱས་པ་མཚོན། ད་དུང་དཔེར་ན། མ་རྡུལ་དངོས་ལུགས་རིག་པའི་ནང་གི་ཐོམ་སོན་དཔེ་དབྱིབས། རུ་ཟེར་ཧྥོར་དཔེ་དབྱིབས། པོལ་དཔེ་དབྱིབས། མ་རྡུལ་ཉིང་དངོས་ལུགས་རིག་པའི་ནང་གི་ཧྥེར་མི་དབུགས་གཟུགས་དཔེ་དབྱིབས། གཤེར་ཐིགས་དཔེ་དབྱིབས། སྐོགས་རིམ་དཔེ་དབྱིབས་སོགས་ཡོད།

གསུམ་པ། འདོད་མཐུན་དཔེ་དབྱིབས་ཀྱིས་སློབ་ཆེན་དངོས་ལུགས་སློབ་ཁྲིད་ཁྲོད་ལ་ཐོན་པའི་ནུས་པ།

        འདོད་མཐུན་དཔེ་དབྱིབས་ཀྱིས་དངོས་ལུགས་ཞིབ་འཇུག་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པར་མ་ཟད། སློབ་ཆེན་དངོས་ལུགས་སློབ་ཁྲིད་ཁྲོད་དུ་ཡང་ནུས་པ་མི་དམན་པ་ཐོན་དང་ཐོན་མུས་སུ་མཆིས། དེ་བཞིན་སློབ་མར་ཚན་རིག་དང་མཐུན་པའི་བསམ་བློ་སྐྱེད་སྲིང་བྱེད་པ། ཤེས་བྱའི་གནད་ལ་དབྱེ་ཞིབ་དང་བསམ་གཞིག་གི་ནུས་པ་སྐྱེད་སྲིང་སོགས་ཀྱི་ཐད་ལ་རོགས་འདེགས་ཆེན་པོ་ཐེབས་བཞིན་ཡོད། སྔོན་རབས་པའི་ཚན་རིག་དང་མཐུན་པའི་བསམ་བློར་སློབ་སྦྱོང་བྱེད་པར་བརྟེན་ནས་ཚན་རིག་ཞིབ་འཇུག་གི་སྙིང་སྟོབས་བསྐྱེད་པ། སློབ་སྦྱོང་གི་འདུན་པ་དང་འདོད་བློ་བསྐྲུན་པ། རང་རྟོག་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ལ་ཕན་པ་ཤིན་ཏུ་མང་། འདོད་མཐུན་དཔེ་དབྱིབས་ལ་སྦྱར་ཏེ་དངོས་ལུགས་ཀྱི་གཏན་སྲོལ་དང་ཆོས་ཉིད་སོགས་ལ་སློབ་སྦྱོང་བྱས་ན་དོན་སྤྱི་རྟོག་པར་སླ་བས། སློབ་མར་དངོས་ལུགས་ཤེས་བྱར་བརྩོན་སེམས་བསྐྱེད་དུ་འཇུག་ཐུབ་པ་དང་། ཡང་དག་པའི་ལམ་ནས་འདོད་མཐུན་དཔེ་དབྱིབས་ལ་སྦྱར་ཏེ་དངོས་ལུགས་སློབ་ཁྲིད་ལ་འཇུག་པར་བྱས་ན། དངོས་ལུགས་ཀྱི་ཤེས་བྱའི་གཙོ་གནད་དངོས་དགྲོལ་བར་གལ་ཆེའི་རོགས་འདེགས་ཀྱི་ནུས་པ་ཐོན་ངེས། འདོད་མཐུན་དཔེ་དབྱིབས་ཀྱིས་སློབ་ཆེན་དངོས་ལུགས་སློབ་ཁྲིད་ཁྲོད་ཐོན་པའི་ཕན་ནུས་ཕྱོགས་གསུམ་ནས་གླེང་བར་བྱ།

3.1 སློབ་ཁྲིད་སྐབས་ཞིབ་ཚགས་དང་གཟབ་ནན་གྱི་སྒོ་ནས་འདོད་མཐུན་དཔེ་དབྱིབས་བསྐྲུན་པའི་གོ་རིམ་དང་སྤྱོད་ཁོངས་ལ་འགྲེལ་བ་གསལ་པོ་བྱ་དགོས།

        སློབ་མས་འདོད་མཐུན་དཔེ་དབྱིབས་བསྐྲུན་པའི་གོ་རིམ་དང་བེད་སྤྱོད་ཚད་ཁོངས་གསལ་པོར་ཤེས་ན། ད་གཟོད་ལུགས་མཐུན་གྱི་སྒོ་ནས་འདོད་མཐུན་དཔེ་དབྱིབས་སྤྱད་དེ་དངོས་ལུགས་ཤེས་བྱའི་གཙོ་གནད་དངོས་ཐག་གཅོད་བྱ་ཐུབ། འདོད་མཐུན་དཔེ་དབྱིབས་ཚེག་གློག་ཁུར་གསར་སྐྲུན་བྱས་པའི་བརྒྱུད་རིམ་ལ་མཚོན་ན། གློག་ལྡན་གཟུགས་དང་རང་གི་ཐིག་ཚད་དེ་གཉིས་ཀྱི་བར་ཐག་དང་བསྡུར་ན་ཧ་ཅང་ཆུང་བའི་སྐབས། གཉིས་ཀྱི་བར་ཐག་དང་སོ་སོར་ལྡན་པའི་གློག་ཚད་ནི་རྒྱུ་རྐྱེན་གཙོ་བོར་བགྲང་སྟེ། གློག་ལྡན་གཟུགས་ཀྱི་ཐིག་ཚད་དང་གློག་ཁུར་སོ་སོའི་གཟུགས་ནང་གི་ཁྱབ་ཚུལ་སོགས་ཕལ་བར་བཞག དེ་བས་དོན་དངོས་ཀྱི་གློག་ལྡན་གཟུགས་རེ་རེ་ཚེག་གློག་ཁུར་དུ་བལྟས་པ་རེད། གློག་ལྡན་གཟུགས་ཚེག་གློག་ཁུར་དུ་བལྟས་ཆོག་པའི་ཆ་རྐྱེན་ནི། གློག་ལྡན་གཟུགས་ཀྱི་ཐིག་ཚད་དེ་གློག་ལྡན་གཟུགས་ནས་ར་ཚེག་གི་བར་ཐག་དང་བསྡུར་ན་ཤིན་ཏུ་ཆུང་བ། མ་རྡུལ་ཉིང་ཕྱིའི་གློག་རྡུལ་ལྟ་བུའི་ཕྲ་མཐོང་རིལ་རྡུལ་ལ་མཚོན་ན། མ་རྡུལ་ཉིང་བུའི་འཁྱིལ་འཁོར་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཚེག་གློག་ཁུར་དུ་བལྟས་ཆོག་ལ། ནང་གི་ཆགས་ཚུལ་དང་གློག་ཁུར་གྱི་ཁྱབ་སྟངས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་གློག་ལྡན་གཟུགས་སུ་བལྟ་དགོས།

3.2 སློབ་མའི་འདོད་མཐུན་དཔེ་དབྱིབས་བསྐྲུན་པའི་ནུས་པ་སྐྱེད་སྲིང་ལ་དོ་སྣང་བྱེད་པ།

        ཡང་དག་པའི་ལམ་ནས་འདོད་མཐུན་དཔེ་དབྱིབས་བསྐྲུན་པ་ནི། དངོས་ལུགས་རིག་པའི་ཁྲོད་དུ་ཤེས་བྱའི་གནད་ལ་དབྱེ་ཞིབ་བྱེད་པ་དང་གོ་བ་ལོན་པར་རོགས་འདེགས་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དེ་ནི་དོན་དངོས་ཐོག་ཤེས་པ་དེ་མངོན་སུམ་དང་རྗེས་དཔག་གི་ཐེངས་གཅིག་འཕེལ་བར་ངོས་བཟུང་ན་ཆོག་པར་སྙམ། དུས་རྒྱུན་དངོས་ལུགས་ཤེས་བྱའི་གནད་ལ་བསམ་གཞིག་དང་དབྱེ་ཞིབ་བྱེད་སྐབས། གནད་ཀྱི་གཙོ་ཕལ་གྱི་དབྱེ་བ་འབྱེད་ཤེས་པ། དངོས་ལུགས་ཀྱི་བརྒྱུད་རིམ་ལ་ཤེས་རྟོགས་གསལ་བ། རྙོག་འཛིང་གི་དངོས་ལུགས་ཤེས་བྱའི་གནད་ཕྱོགས་བསྡུས་སྒོ་ནས་དབྱེ་ཞིབ་བྱས་ཏེ། ལུགས་མཐུན་གྱིས་སླར་བསྡུ་བྱེད་ནུས་པ་ཞིག་ཡིན་དགོས། དངོས་ལུགས་སློབ་མཁན་ཞིག་ལ་མཚོན་ན། ཞིབ་འཇུག་བྱ་ཡུལ་དེ་འདོད་མཐུན་རྣམ་པར་བསྒྱུར་ནུས་པ་ཞིག་ཡིན་དགོས་པར་མ་ཟད། དེར་བརྟེན་ནས་ཆོས་ཉིད་བཙལ་ཏེ་དཔེ་དབྱིབས་བསྐྲུན་ནུས་པ། དེ་རྗེས་སྐབས་བབ་གནས་ཚུལ་ལ་གཞིགས་ཏེ་འདོད་མཐུན་དཔེ་དབྱིབས་ལ་ཁ་གསབ་འཐུས་ཚང་དུ་གཏོང་ཐུབ་པ་ཞིག་ཀྱང་ཡིན་དགོས། དེ་ལྟར་བྱས་ན་ད་གཟོད་ཕྱི་རོལ་གྱི་ཞིབ་འཇུག་བྱ་ཡུལ་དངོས་དང་ཡོངས་སུ་འཚམ་པར་མ་ཟད། འཕེལ་རྒྱས་འགྱུར་ལྡོག་སོགས་ཚུར་སྣང་བྱས་པར་བརྟེན། དངོས་ལུགས་སྣང་ཚུལ་དང་ཆོས་ཉིད་མཐའ་དག་གསལ་བརྗོད་བྱ་ཐུབ།

3.3 སློབ་ཁྲིད་ཁྲོད་དུ་འདོད་མཐུན་དཔེ་དབྱིབས་སྤྱད་དེ་དངོས་ལུགས་ཤེས་བྱའི་གནད་ལ་དབྱེ་ཞིབ་དང་བསམ་གཞིག་བྱེད་པའི་གོམ་གཤིས་བསྐྲུན་དགོས།

        དངོས་ལུགས་ཤེས་བྱར་ཞིབ་འཇུག་བྱེད་སྐབས། འདོད་མཐུན་དཔེ་དབྱིབས་བེད་སྤྱོད་བྱས་ན་ཞིབ་འཇུག་གི་བརྒྱུད་རིམ་ཉུང་བསྡུ་བྱ་ཐུབ། ཡིན་ཡང་ངེས་པར་དུ་དོ་སྣང་བྱེད་དགོས་པ་ནི་བྱ་དངོས་ངོ་མ་དང་འདོད་མཐུན་དཔེ་དབྱིབས་གཉིས་ཀྱི་བར་ཁྱད་རྟོགས་དགོས། དེ་བས་དངོས་ལུགས་ཤེས་བྱའི་གནད་ལ་དབྱེ་ཞིབ་བྱེད་སྐབས། འདོད་མཐུན་དཔེ་དབྱིབས་སྤྱད་པའི་དཔྱད་འབྲས་ལ་དགོས་ངེས་འོས་མཐུན་གྱིས་དག་བཟོ་དང་ཁ་གསབ་བྱས་ན། ད་གཟོད་དངོས་སྣང་གི་བྱ་དངོས་ངོ་མ་དང་མཐུན། དཔེར་ན། ང་ཚོས་དངོས་གཟུགས་གསེག་ངོས་ནས་འགུལ་སྐྱོད་བྱེད་པའི་སྐབས་སུ། འདོད་མཐུན་དཔེ་དབྱིབས་རྫས་ཚེག་སྤྱད་དེ་མཁའ་རླུང་གི་འགོག་ཤུགས་སོགས་མེད་པར་ལྟོས་ཏེ། གསེག་འཕངས་འགུལ་སྐྱོད་ཀྱི་སྤྱིར་བཏང་ཆོས་ཉིད་ཐོབ་པ་རེད། འོན་ཀྱང་འགྲོས་མཐོ་འགུལ་སྐྱོད་བྱ་བའི་མདེའུ་རྒྱང་འཕེན་ལ་ཞིབ་བསྡུར་བྱེད་པའི་སྐབས་སུ། འཕངས་གཟུགས་ལ་ཐེབས་པའི་མཁའ་རླུང་གི་འགོག་ཤུགས་ལ་ངེས་པར་དུ་བལྟ་དགོས། དེ་བས་འདོད་མཐུན་འཕངས་གཟུགས་ཀྱི་འགུལ་སྐྱོད་མཉམ་བྱར་དག་བཟོ་བྱས་ཏེ། ཕྱི་རོལ་དོན་དངོས་ཀྱི་གནས་ཚུལ་དང་མཐུན་པར་སྦྱོར་དགོས།

        མདོར་དྲིལ་ན་འདོད་མཐུན་དཔེ་དབྱིབས་ཀྱིས་དངོས་ལུགས་རིག་པ་ཞིབ་འཇུག་དང་། སློབ་ཆེན་སློབ་མས་དངོས་ལུགས་རིག་པ་སློབ་གཉེར་བྱེད་པ་སོགས་གང་ཅིའི་ཐད་ལ་གལ་ཆེ་བའི་བྱེད་ནུས་ཐོན་ཡོད། དེ་བས་ང་ཚོས་ཐབས་ཤེས་འདི་ཡི་ནུས་རྩལ་ཡོད་རྒུ་བཏོན་ཏེ། དངོས་ལུགས་རིག་པའི་ཞིབ་འཇུག་དང་སློབ་གཉེར་ཐད་ལ་ནུས་པ་གང་ལེགས་འདོན་དགོས་སྙམ་མོ། །


དཔྱད་གཞིའི་ཡིག་ཆ།

[1] 褚圣麟 原子物理[M]北京:高等教育出版社1976.6

[2] 漆安慎,杜婵英 力学[M]北京:高等教育出版社 1997.4

[3] 李椿,章立源,钱尚武 热学[M]北京:高等教育出版社2008.6

[4] 赵峥 物理学与人类文明十六讲[M]北京: 高等教育出版社 2008.9


* བསྟན་འཛིན་ཆོས་དར། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བོད་སྐད་རྩིས་ལུགས་སྡེ་ཁག་དངོས་ལུགས་ཁྲིད་དཔྱོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1