༄༅།། དུས་རབས་བརྒྱད་པའི་དུས་ཀྱི་《དབའ་བཞེད་》བྱུང་འཕེལ་གྱི་སྐོར་ལ་བསྐྱར་ཞིབ་བྱས་པའི་དཔྱད་པ།

བན་ཤུལ་དཔལ་མཁར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-24


བན་ཤུལ་དཔལ་མཁར་རྒྱལ།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དུས་རབས་བརྒྱད་པའི་དུས་ཀྱི་དབའ་བཞེད་བྱ་བའི་ཡིག་རྙིང་གི་ཕྱི་མོ་གང་ཡིན་ལ་དཔྱད་ཞིབ་ནན་ཏན་བྱས་པ་བརྒྱུད་ཡིག་རྙིང་དེ་དང་འབྲེལ་བ་ཡོད་པའི་མྱང་དང་དབའ་ཡི་རུས་རྒྱུད་རྙིང་བ་གཉིས་ཀྱི་འགལ་འདུ་དང་།  དེ་རྣམས་ཀྱི་ལྟ་གྲུབ་མི་མཐུན་པའི་གྱེས་པ་གཉིས་ལ་བརྟེན་ནས་དབའ་བཞེད་བྱ་བའི་ཡིག་རྙིང་ལ་ཞབས་བཏགས་སྣ་ཚོགས་ཇི་ལྟར་བྱུང་བའི་སྐོར་དང་།  དེ་འབྲེལ་གྱི་མཁས་པ་ཕྱི་མ་རྣམས་ཀྱིས་དབའ་བཞེད་བྱ་བའི་ཡིག་རྙིང་ལ་ངོས་འཛིན་དང་དེའི་སྐོར་ལ་མཐུན་མི་མཐུན་གྱི་བཞེད་ཚུལ་ཇི་ལྟར་བྱུང་ཚུལ་སོགས་ཅུང་ཟད་ཞིབ་པར་བརྗོད་ཡོད། 
          [བརྡ་ཆད་གཙོ་བོ།] དབའ་བཞེད།  མྱང་།  དབའ།  ཞབས་བཏགས་མ། 
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
          [ཡིག་ཚང་མཚན་བྱང་།] A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0000-23
           གླེང་གཞི།
          སྤུ་རྒྱལ་བཙན་པོའི་དུས་སུ་བྱུང་བའི་དབའ་བཞེད་བྱ་བ་འདི་ནི།  ཐོག་མར་རིན་ཐང་ཆེ་བའི་མཐིང་ཤོག་གསེར་བྲིས་ཀྱི་ངོས་སུ་བྲིས་ཤིང་།  ཕྱིས་སུ་བཅོས་སླད་ཀྱི་སྐྱོན་མི་འབྱུང་བའི་རྟགས་བཏབ་ནས་བསེ་སྒྲོམ་དངུལ་སྤྲོས་མའི་ནང་དུ་བཞུགས་སུ་གསོལ་ཅིང་།  དེ་ལ་དངུལ་གྱི་སྒོ་ལྕགས་བཅུག་ནས་དཀོར་མཛོད་དུ་ཉར་བའི་རྩ་འཛིན་གྱི་ཡིག་ཆ་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་།  འདི་ཉིད་མ་དཔེར་བཟུང་ནས་ཞལ་བཤུས་གྲངས་མང་གནང་སྟེ།  མཐའ་བཞིའི་རྒྱལ་ཕྲན་ཁག་གི་མངའ་རིས་དག་ལ་རྒྱལ་བློན་འདུས་ནས་བཀའ་གཙིགས་ཀྱི་བདག་ཉིད་དུ་དབང་བསྐུར་ཏེ་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་དགོས་པའི་ལུང་གི་ཡིག་ཆར་གནང་ཡོད་ནའང་།  ཕྱིས་སུ་དུས་ཀྱི་ཆག་འཇིག་བཟློག་པ་མེད་པའི་ཆོས་ཉིད་ལྟར་དེ་ཉིད་གཅེས་ཉར་གནང་ཡུལ་གྱི་བསམ་ཡས་དགོན་པའི་དཀོར་མཛོད་ལ་མེ་སྐྱོན་ལན་གྲངས་བྱུང་བའི་དུས་སྐབས་ཁག་ལ།  དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་རྩ་འཛིན་དུ་བཀའ་བཞག་དམ་བཞག་བརྒྱུད་ནས།  བསེ་སྒྲོམ་ལ་ཉར་བའི་བཙན་པོའི་དུས་ཀྱི་ཡིག་ཚང་རིན་ཐང་བྲལ་བ་སྐོར་ཞིག་འབྱུང་གཞིའི་དབྱིངས་སུ་ཐིམ་པའི་སྐབས་སུ་དབའ་བཞེད་ཀྱི་ཕྱི་མོ་དངོས་ཀྱང་རྩ་བརླག་ཏུ་ཕྱིན་ཡོད་པ་དང་།  དུས་རིམ་ཕྱི་མ་རྣམས་སུ་མཐའ་བཞིའི་མངའ་རིས་ཁག་ཏུ་འཁྱར་བའི་དབའ་བཞེད་ཀྱི་ཞལ་བཤུས་ཁག་ལའང་ཆོས་སྲིད་ཀྱི་འགལ་འདུ་དང་ལྟ་གྲུབ་མི་འདྲ་བའི་འགལ་རྐྱེན་སོགས་ཀྱི་དབང་གིས།  གང་ཟག་སྒེར་བ་རྣམས་ཀྱིས་རང་ལུགས་དབང་བཙན་པར་བྱས་ནས་བཅོས་བསླད་དང་བློ་བཟོ་མང་པོ་གནང་སྟེ་ཙན་དན་སོལ་བར་བྱས་པའི་གནས་ཚུལ་ལྷག་པའི་ཁར།  དེ་དག་གི་རྗེས་འཇུག་ཁག་གིས་ཀྱང་རང་རང་སོ་སོའི་ལུགས་ལ་ཡོད་པའི་དབའ་བཞེད་ཀྱི་ཕྱོགས་ལྷུང་འཐེན་འཁྱེར་དེའི་འཕྲོ་བསྐྱངས་པས།  ད་ལྟའི་ཆར་དབའ་བཞེད་ཀྱི་ཡིག་ཚང་ལ་བསླད་ཅན་ཡིན་མིན་གྱི་དོགས་གཞི་སྣ་ཚོགས་དང་ཡིད་རྟོན་རུང་མིན་གྱི་ལྟ་ཚུལ་འབྱུང་བའི་གཞི་རྩ་དངོས་ཀྱང་སྣང་ཚུལ་འདི་ཉིད་ཡིན་སྟབས།  ང་ཚོས་ཆེད་དུ་དབའ་བཞེད་བྱ་བའི་ཡིག་ཚང་འདི་ཐོག་མར་ཇི་ལྟར་བྱུང་བ་དང་བར་དུ་ཇི་ལྟར་འགྱུར་བའམ་མཐའ་མར་ཅི་ཞིག་གི་ངོ་བོར་འཕོ་འགྱུར་བྱུང་བའི་རིམ་པ་དེ་ལ་ཉམས་ཞིབ་ཕྲ་མོ་བྱེད་ནུས་ན་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་སྦས་པའི་གནད་དོན་སྐོར་ཞིག་གསལ་བོར་རྟོགས་པའི་ཡན་ལག་ལ་ཕན་ཐོགས་ངེས་ཅན་ཡོད་དམ་སྙམ།
          དེ་ལ་བོད་སྔ་རབས་པ་རྣམས་ཀྱིས་དབའ་བཞེད་ལ་ཞབས་བཏགས་བྱས་ཚུལ་དང་དགག་བཞག་འདྲ་མིན་བྱས་ཚུལ་སོགས་དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་བྱའི་དངོས་གཞིར་གསལ་ཞིང་།  ཉེ་བའི་ཆར་འཛམ་གླིང་ཤར་ནུབ་ཀྱི་བོད་རིག་པའི་ཉམས་ཞིབ་ཀྱི་མཛད་རིམ་ཁྲོད་དུ།  དབའ་བཞེད་བྱ་བའི་རྒྱལ་རབས་ཀྱི་དོན་ལ་ཐུགས་རྟོགས་མཛད་པའི་སྐོར་ཤིན་ཏུ་མདོར་བསྡུས་ཤིག་བཤད་པར་བྱ་སྟེ།  དེ་སྔར་བོད་ཀྱི་ཡུལ་གྲུ་ཁག་ན་དབའ་བཞེད་ཞབས་བཏགས་མའི་རིགས་མང་པོ་ཞིག་ཕྱག་བྲིས་བརྒྱུད་ནས་དགོན་སྡེ་ཁག་ན་ཉར་ཚགས་གནང་ཡོད་མོད།  དུས་འགྱུར་རབ་དང་རིམ་པ་བརྒྱུད་པའི་གོ་རིམ་ཁྲོད་ནས་བོར་བརླག་སོང་ཡོད་པ་དང་།  དེའི་ཕྱིས་སུ་གཙུག་ལག་གསུང་རབ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སོགས་ཉག་ཕྲ་བའི་དུས་སུ་དེ་དག་ས་རྡུལ་གྱི་ཁྲོད་ནས་ཡུན་རིང་བོར་རིན་མེད་དུ་འཁྱར་ཏེ་ལུས་ཡོད། དེ་ལྟ་ནའང་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གི་བོད་རིག་པ་བ་རྣམས་ཀྱིས་ཤིན་ཏུ་སྔ་མོའི་དུས་ཤིག་ནས་བོད་ཀྱི་རིག་གཞུང་ལ་ཆེ་མཐོང་སྤྲད་དེ།  བོད་ཀྱི་དཔེ་རྙིང་དང་གསུང་རབ་ཀྱི་ཡིག་ཆ་འབོར་ཆེན་ཁག་ཞལ་བཤུས་དང་དབོར་འདྲེན་བྱས་ཡོད་ལ།  དེ་ལྟ་བུའི་གོ་རིམ་ཁྲོད་དུ་ཕྱི་ལོ་1961ལོར་ཧྥ་རན་སིའི་ཤར་ཕྱོགས་རྒྱལ་རབས་མཁས་ཅན་སི་ཏན་ལགས་ཀྱིས་དབའ་བཞེད་ཞབས་བཏགས་མའི་ཡིག་རྙིང་ཤིག་རྙེད་སོན་བྱུང་ནས།  རྒྱབ་ཤ་སེར་བོར་བྱས་པའི་དེབ་གཟུགས་ཤིག་པར་དུ་འཁོད་མྱོང་བ་དེ་ནི་དབའ་བཞེད་དངོས་སུ་དཔར་བསྐྲུན་གནང་བའི་ཐོག་མ་ཡིན་པར་སྣང་བ་དང་།  དེའི་ཕྱིས་སུ་ཕྱི་ལོ་1978ལོར་རྒྱ་གར་ལྡི་ལི་ནས་སི་ཏན་གྱིས་དཔར་བསྐྲུན་གནང་བའི་དབའ་བཞེད་ཞབས་བཏགས་མ་དེར་མ་ཕྱིར་བཅོལ་བ་དང་།  འབྲས་ལྗོངས་ནང་བློན་འབའ་ཉག་ཨ་ཐང་གིས་གཅེས་ཉར་གནང་བའི་དབའ་བཞེད་ཞབས་བཏགས་མའི་དཔེ་རྙིང་གཉིས་ཞིབ་བསྡུར་ཞུས་གཏུགས་སྒོས། དབའ་བཞེད་ཞབས་བཏགས་མ་ཞིག་པར་བསྐྲུན་གནང་ཡོད་པ་དེ་ནི་དབའ་བཞེད་དཔར་བསྐྲུན་གྱི་རིམ་པ་གཉིས་པ་ཙམ་དུ་གཏོགས་སམ་སྙམ།  དེའི་ཕྱིས་སུ་ཕྱི་ལོ་1980ལོར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཉེར་ཁང་ནས་སྦ་བཞེད་ཞབས་བཏགས་མ་ཞིག་སྣུམ་དཔར་དུ་བཏབ་མྱོང་བ་དང་།  ལོ་དང་མཐུན་པར་ཕྱི་ལོ་1980ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དང་བོད་ལྗོངས་ཡིག་ཚགས་ལས་ཁུངས།  བོད་རིག་པ་བ་ཕུན་ཚོགས་ཚེ་རིང་མི་སྒེར་ལ་ཡོད་པའི་དབའ་བཞེད་གྱི་ཕྱག་དཔེ་གསུམ་གོ་བསྡུར་གྱིས་སྦ་བཞེད་བྱ་བ་ཞིག་དཔར་བསྐྲུན་གནང་ཡོད་པ་དེ་གཉིས་ནི་དབའ་བཞེད་དཔར་བསྐྲུན་གྱི་རིམ་པ་གསུམ་པ་ཙམ་ལ་གཏོགས་ཤིང་།  དེའི་འཕྲོས་ཀྱི་ཕྱི་ལོ་1990ལོར་ཀྲུང་མེན་ཧྭ་དང་ཧྭང་པུའུ་ཧྥིན་བྱ་བ་གཉིས་ཀྱིས་དབའ་བཞེད་ཞབས་བཏགས་མ་ཞིག་སྒྲིག་ཡོད་པ་དེ་ནི་དབའ་བཞེད་པར་བསྐྲུན་གྱི་རིམ་པ་བཞི་བར་གཏོགས་ཤིང་།  དབའ་བཞེད་པར་བསྐྲུན་གྱི་གོ་རིམ་དེའི་ཁྲོད་དུ་དབའ་བཞེད་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཐོར་རེ་ལོང་ངེ་ཙམ་མང་དུ་མཐོང་རྒྱུ་ཡོད་པ་ཁག་ལས་ཤུགས་རྐྱེན་ཅུང་ཆེ་བ་ནི།  བདག་གི་གྲོགས་པོ་ཞབས་ཤར་ཟླ་བ་ཚེ་རིང་གིས་ཕྱི་ལོ་2001ལོར་བྲིས་པའི་སྦ་བཞེད་ཀྱི་རྩོམ་པ་པོ་སྦ་གསལ་སྣང་དང་དེབ་ཐེར་འདི་ཉིད་བཙན་པོའི་དུས་ཀྱི་ཡི་གེ་ཡིན་མིན་སྐོར་གྱི་དོགས་འདྲི་དེ་རེད།  དཔྱད་རྩོམ་དེ་ནི་ཕྱི་ལོ་2001ལོའི་བོད་ལྗོངས་ཞིབ་འཇུག་དེབ་གསུམ་པར་བཏོན་པ་ནས་བཟུང་བོད་རིག་པའི་ཞིབ་འཇུག་གི་ཁྲོད་དུ་དབའ་བཞེད་ལ་དོ་སྣང་དང་ཞིབ་འཇུག་བྱེད་པར་སྤྲོ་བ་ཡོད་མཁན་ཇེ་མང་དུ་གྱུར་ཡོད་ལ།  ཁོང་གི་དོགས་འདྲི་དེ་ལ་ད་ལྟའི་བར་དུ་ལན་འོས་འཚམ་རྒྱག་མཁན་གང་ཡང་བྱུང་ཐུབ་མེད།  དེའི་ཕྱིས་ཀྱི་ཕྱི་ལོ་2008ལོའི་ཟླ་4བའི་ཚེས་1ཉིན་དབྱིན་ཇུའི་ལུང་ཀྲིན་སློབ་ཆེན་ནས་དབའ་བཞེད་ཀྱི་ཚོགས་འདུ་ཞིག་བསྡུས་ཤིང་།  ཚོགས་ཐོག་ཏུ་ཕྱི་རྒྱལ་གྱི་བོད་རིག་པ་བ་སམ་བུན་སེ་ཆ་ཀ་དང་ཀ་གཟུ་ཤི་ཨེ་བོ་གཉིས་ཀྱིས། ཏུན་ཧོང་ཡིག་ཆའི་ཁྲོད་ནས་དབའ་བཞེད་ཀྱི་ཤོག་དྲིལ་ཞིག་རྙེད་ནས་ཁྱབ་བསྒྲག་བྱས་པ་དེས་དབའ་བཞེད་བྱ་བའི་རྒྱལ་རབས་དེ་ཉིད་བཙན་པོའི་དུས་ཀྱི་ཡིན་མིན་དེ་ལ་ལན་ཁ་གསལ་ཞིག་བཏབ་ཡོད་དམ་སྙམ།  བོད་རིག་པ་བ་དེ་གཉིས་ཀྱིས་བྲིས་པའི་ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་སྦ་བཞེད་ཀྱི་ཤོག་ཧྲུལ་ཡི་གེའི་སྐོར་བྱ་བའི་དཔྱད་རྩོམ་གྲགས་ཆེན་དེ་ནི་རྡོ་རྗེ་དོན་གྲུབ་ཞེས་པ་ཞིག་གིས་བོད་ཡིག་ཏུ་བསྒྱུར་ནས་ཕྱི་ལོ་2012ལོའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་བཞི་བའི་སྟེང་བཀོད་ཡོད་ཅིང་།  དེ་ནི་དབའ་བཞེད་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེ་བ་ཞིག་ལ་བརྩི་ཆོག་པར་འདོད་ལ། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས་བརྒྱ་དང་དོན་ལྔ་ཅན་གྱི་ནང་དུ་ཡོད་པའི་དབའ་བཞེད་བཞུགས་སོ་བྱ་བའི་དབུ་མེད་ཕྱག་བྲིས་མ་དེ་ཉིད།  དབུས་གཙང་གི་མི་སྒེར་བའི་ལག་ཏུ་འཁྱམ་ནས་ཧ་ལམ་ལོ་ངོ་བཅུ་ཕྲག་གཉིས་ཙམ་འགོར་བའི་གོ་རིམ་ཁྲོད་དུ།  བོད་རིག་པ་པ་ཚབ་པ་སངས་དབང་འདུས་ལ་ཐོབ་ནས་ཕྱི་ལོ་2000ལོར་འབུམ་རམས་པ་ཏེ་མོ་པོ་ཀི་ཞི་ལེ་ཀི་ཏ་དང་མཉམ་འབྲེལ་གྱིས་མཆན་བཏབ་སྟེ་དབྱིན་ཡིག་གི་ལམ་ནས་ཨི་ཊི་ལི་རུ་པར་བསྐྲུན་བྱས་ཡོད་པ་དང་།  ཕྱིས་སུ་པ་ཚབ་ཁོ་རང་གིས་རྒྱ་འགྱུར་ཡང་བྱས་ནས་ཕྱི་ལོ་2012ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་པར་དུ་བཏབ་ཡོད་པ་དེའང་དབའ་བཞེད་ཞིབ་འཇུག་གི་གྲུབ་འབྲས་རྨད་དུ་བྱུང་བ་ཞིག་ལ་བརྩི་བར་རིགས་སོ། །  དེ་ནས་ཕྱི་ལོ་2009ལོར་བདེ་སྐྱིད་ལགས་ཀྱིས་དབའ་བཞེད་ཀྱི་དཔེ་རྙིང་པར་གཞི་མི་འདྲ་བ་ཁག་བཞི་ཕྱོགས་གཅིག་ཏུ་བཏུས་ནས་རྦ་བཞེད་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཆ་ཞིག་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་བ་དེས་དབའ་བཞེད་ཞིབ་འཇུག་ལ་མཐུན་རྐྱེན་ཧ་ཅང་མི་དམན་པ་ཞིག་གནང་ཡོད་པ་དང་། དེའི་ཕྱིས་སུ་ཡང་དབུས་པ་བློ་གསལ་གྱི་ཡིན་པར་གསལ་བའི་རྦ་བཞེད་ཞབས་བཏགས་མ་སོགས་དབའ་བཞེད་ཀྱི་དཔེ་རྙིང་ཁག་བཞི་ཕྱོགས་གཅིག་ཏུ་བཏུས་ནས།  མཚན་བྱང་ལ་དབའ་བཞེད་བཞུགས་སོ་ཞེས་སུ་བཏགས་ཏེ་ཕྱི་ལོ་2012ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་དུ་བཏབ་ཡོད་པ་དེ་ཡང་དབའ་བཞེད་ཞིབ་འཇུག་གི་མཐུན་རྐྱེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ།  ད་ལྟ་ཕྱོགས་གང་སར་རྙེད་དཀའ་ལ་ཐོབ་དཀོན་པའི་དབའ་བཞེད་དང་དབའ་བཞེད་ཞབས་བཏགས་མའི་རིགས་ཀྱི་དཔེ་རྒྱུན་མང་པོ་ཞིག་མིག་ལ་མཇལ་བའི་སྐལ་བ་ལྡན་ནའང་།  ང་ཚོས་རྒྱལ་རབས་ཐམས་ཅད་ཀྱི་གཞུང་རྟར་གྲུབ་ཡོད་པའི་དབའ་བཞེད་བྱ་བའི་དཔེ་རྙིང་གི་རིགས་རྣམས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་དཔྱད་བྱེད་མ་ནུས་ན།  དབའ་བཞེད་ཀྱི་དཔེ་དཀོན་རྣམས་ཕྱོགས་གཅིག་ཏུ་བཏུས་ནས་དཔེ་རྒྱུན་བསྐྱངས་པ་དང་དཀའ་ལས་མང་པོ་བརྒྱབ་ནས་རྒྱ་འགྱུར་དབྱིན་འགྱུར་དུ་བྱས་པ་རྣམས་ཀྱི་འབྲས་བུ་ཡང་ཆུད་ཟ་བར་འགྱུར་བས།  དེ་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་ཉམས་ཞིབ་ཀྱི་ གྲུབ་འབྲས་ལ་སྤྱི་སྡོམ་བྱེད་ཐུབ་པ་ཞིག་ཅིས་ཀྱང་དགོས་སམ་སྙམ།  དེ་ལྟ་བུའི་ཀུན་སློང་གིས་ཡང་ཡང་ངར་བསླངས་ཀྱང་ཕྲན་གུས་པར་གླང་ཁལ་རྒྱབ་ཏུ་ལེན་པའི་སྤོབས་པ་གཞར་ཡང་མེད་མོད།  ལོ་མང་པོར་དེའི་སྐོར་གྱི་དཔྱད་ཡིག་བསྡུ་རུབ་བྱས་པའི་ཉེར་ལེན་ལ་བརྟེན་ནས་ད་ཆ་དུས་རབས་བརྒྱད་པའི་དུས་ཀྱི་དབའ་བཞེད་ཀྱི་བྱུང་འཕེལ་སྐོར་ལ་བསྐྱར་ཞིབ་ཅུང་ཟད་བྱས་པའི་དཔྱད་འབྲས་ནི་གཤམ་གསལ་ལྟར་དུ།  
གཅིག 《དབའ་བཞེད་》ཀྱི་ཕྱི་མོའི་བྱུང་ཁུངས་ལ་བརྟག་པ།
          དུས་རབས་བརྒྱད་པའི་དུས་སུ་སྤུ་རྒྱལ་བཙན་པོའི་སྲིད་དབང་དང་ཕོ་བྲང་གི་ནང་ཁུལ་དུ་འགལ་བ་ཆེན་པོ་ཞིག་ལྷག་མྱོང་སྟེ།  འགལ་བ་དེ་ནི་ལྷོ་བལ་གྱི་ཨ་ཙཱ་རས་བོད་དུ་ནང་ཆོས་སྤེལ་བའི་ཐབས་ལམ་དང་བོད་ཀྱི་ཞང་བློན་རྣམས་ཀྱིས་དེ་ལ་དགག་བྱ་བྱས་པའི་དོན་རྐྱེན་ཞིག་ཡིན།  རིམ་བཞིན་འགལ་བ་དེ་ཉིད་ཆེ་ནས་ཆེ་རུ་ཕྱིན་ཏེ་མཐར་སྐབས་དེ་གར་གྲགས་ཆེ་བའི་སློབ་དཔོན་ཞི་བ་འཚོར་རྟས་འཕྲ་ཡིས་བརྒྱབ་ནས་བཀྲོངས་པ་དང་།  ཀཱ་མ་ལ་ཤི་ལ་གཡོག་པོ་གསེར་གཉེར་མཁན་རྒྱ་གར་བ་དྷ་ན་ཤྲཱི་རི་བྱ་བས་མཁལ་མ་མཉེས་ནས་བཀྲོངས་པ་དང་།  སློབ་དཔོན་པདྨ་འབྱུང་གནས་ལ་ངན་སྔགས་ཡོད་ཚུལ་སོགས་སྐབས་དེའི་ལྷོ་བལ་གྱི་ཨ་ཙཱ་ར་གང་ཡིན་རྣམས་ལ་གླེང་གཞི་མི་འདྲ་བ་སྣ་ཚོགས་ཤིག་བཟོས་ཏེ་རྒྱལ་པོའི་ཕོ་བྲང་ནས་འབངས་ཕལ་བའི་བར་དུ་ཁྱབ་མྱོང་ཞིང་།  ཁྱད་པར་དུ་ཞང་བློན་ཆེན་པོ་དག་གི་དགོངས་པར་ལྷོ་བལ་གྱི་ཨ་ཙཱ་ར་རྣམས་ཀྱིས་ཆོས་ལོག་པ་དང་ངན་སྔགས་ཕྲ་མེན་དག་སྤྱད་དེ་རྒྱལ་སྲིད་འཕྲོག་པར་ངོས་འཛིན་བྱས་ཡོད་པ་དང་།  མཐའ་བཞིའི་དགྲའི་རྒོལ་བ་སྣ་ཚོགས་འགོག་པ་དམིགས་འབེན་དུ་བྱས་ནས།  བོད་ཡུལ་ནས་ལྷ་ཁང་མང་དུ་བཞེངས་པའི་ལས་དེ་ཉིད་རེ་ཞིག་མཚམས་འཇོག་བྱ་རྒྱུར་རེ་བ་ཞུས་ཏེ་ནང་ཆོས་དར་ཟིན་པ་རྣམས་སྣུབ་རྒྱུ་དང་དར་བར་འགྱུར་བ་དག་ལ་བཀག་འགོག་ནན་མོ་བྱས་ཡོད།  དེ་ལྟ་བུའི་ཕྱི་ནང་གི་འགལ་རྐྱེན་འདི་དག་སེལ་བའི་ཆེད་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་(755ནས་797)གྱིས་བཀའ་ཕབ་ནས་བསམ་ཡས་རྡོ་རིང་བཙུགས་པ་དང་དེ་ལས་བཙན་པོའི་གདུང་རབས་རེ་རེ་ཡིས་སངས་རྒྱས་ཆོས་ལུགས་མི་སྣུབ་པའི་ཕྱིར་དུ་དམ་བཅས་ནས་མནའ་འདོར་དགོས་ཚུལ་བཀོད་ཡོད།  བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ཞབས་ལ་བཏགས་པ་བྱ་བའི་དཔེ་རྙིང་ལས།  རྡོ་རིང་པདྨ་ཅན་ལ་བཀའ་གཙིགས་ཀྱི་ཡི་གེ་མདོར་བསྡུས་བཀོད་པ་དང་སྟེང་དུ་སེང་གེ་བཞག་ནས་ཆོས་སྐྱོང་སིང་ཧ་མུ་ལ་གཏད་ཅེས་འཁོད་ཡོད་པར་དཔྱད་ན།  སྐབས་དེ་དུས་སུ་བསམ་ཡས་ཀྱི་རྡོ་རིང་འདི་ནི་བཙན་པོའི་རྒྱལ་རབས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་གཞག་ལ་འབྲེལ་བ་དམ་པོ་ཡོད་ཅིང་།  རྒྱལ་པོའི་བཀའ་གསུང་བཙན་པོའི་འོག་ཏུ་བློན་པོའམ་ཆོས་བྱེད་མཁན་པོ་སོགས་ཀྱིས་ཐུན་མོང་ཞལ་བགྲོས་སྒོས་དཀོན་མཆོག་གསུམ་དཔང་དུ་བཞག་ཏེ་དབུ་སྙུང་བཞེས་ནས་སྒྲུབ་པའི་མནའ་རྡོ་གལ་ཆེན་ཞིག་ཡིན་པའང་རྟོགས་ནུས་ཏེ།  དེའི་ཚུལ་ནི་ནེལ་བའི་ཆོས་འབྱུང་ནའང་དེ་ཕྱིན་གདུང་རབས་རེ་རེ་བཞིན་ཆོས་མ་ཡིན་པ་མི་སྤྱོད་ཅིང་ཆོས་འབའ་ཞིག་སྤྱོད་པ་ལ།  སངས་རྒྱས་ཀྱི་བསྟན་པ་སྒྲུབ་ཅིང་དར་ཞིང་རྒྱས་པར་བྱེད་དགོས་སོ་ཞེས་རྡོ་རིངས་ལ་ཡི་གེ་བྲིས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་ལ་དཔང་གསོལ་ཏེ་དབུ་སྙུང་ཡང་བཞེས་པ་ལགས་ཞེས་གསུངས་པ་དེས་ར་སྤྲོད་བྱེད་ནུས་སོ། །  གཡས་རུའི་མཁས་པ་སྟག་ཚང་དཔལ་འབྱོར་བཟང་པོའི་(དུས་རབས་བཅོ་ལྔ་བའི་སྐབས)དགོངས་པ་ལྟར་ན་སྔར་གྱི་ཚེ་བསམ་ཡས་སུ་དེ་ལྟ་བུའི་མནའ་ཚིག་གི་ངོ་བོར་གནས་པའི་རྡོ་རིང་བཞི་ཡོད་པར་གསལ་ཅིང་དེ་དག་རེ་རེའང་ལོ་པཎ་རྗེ་བློན་གྱི་མཛད་པ་འཁོད་པའི་བཀའ་གཙིགས་ཀྱི་ཡི་གེ་རྒྱས་པ་བཞིའི་ཕྱི་མོའི་རྩ་ཚིག་དངོས་ཡིན་པར་བཤད་ཐུབ་ནའང་།  གཞི་དངོས་པོའི་ཆོས་ཉིད་ལྟར་འཇིག་ཟིན་པས་ད་ཆ་དེའི་སྐོར་ལ་གནད་དུ་ཐིངས་པའི་གསལ་ཁ་ཞིག་སུས་ཀྱང་འབྱེད་དཀའ་བར་སྙམ་ཡང་ད་དུང་འདི་དག་རྟོགས་པའི་ཡན་ལག་གི་སྒྲུབ་བྱེད་ཡོད་མེད་ལ་མུ་མཐུད་དུ་རྩད་གཅོད་བྱེད་དགོས་སོ། །  དེ་ལྟ་བུའི་ངོ་བོར་གནས་པའི་རྡོ་རིང་རྣམས་ལས་ད་ལྟ་སྐབས་བབ་ཀྱི་དཔྱད་བྱར་གྱུར་བའི་བསམ་ཡས་རྡོ་རིང་འདི་ནི།  ཞབས་སྟེགས་སུ་དམ་ཆོས་མཚོན་པའི་པདྨ་དང་སྟེང་དུ་སྲིད་ལུགས་མཚོན་ཞིང་ཟངས་ཀྱི་སེང་གེ་གཟུགས་སུ་བྱས་པའི་ཆོས་སྐྱོང་སིང་ཧ་མུ་ལ་བཞག་ཏེ་མནའི་མཐའ་སྐྱོར་བའི་བཀའ་བཞག་དམ་བཞག་གི་དཔང་བོ་དང་བཅས་པར་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་པའི་རྡོ་རིང་ནང་བཞིན་བཞེངས་པ་ཞིག་ཡིན་པ་ངེས་ཐུབ་ལ། དིང་སང་ཡང་བསམ་ཡས་སུ་ཞབས་སྟེགས་ཀྱི་པདྨའི་རི་མོ་དང་སྙེ་ཡིག་གིས་བྲིས་པའི་བཀའ་གཙིགས་ཀྱི་ཡིག་འབྲུ་དག་མ་འཇིག་པར་ཇི་བཞིན་དུ་གསལ་ཡོད།  རྡོ་རིང་འདིའི་ཞལ་བཤུས་ཆ་ཚང་ཤིག་ཕྱི་ལོ་1422ལོར་ཞལ་བཞུས་བགྱིས་པའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་རྭ་ཅན་གྱི་ཨང་རྟགས་(939)ནས་ཐོན་པའི་དཔེ་རྙིང་བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་བཞུགས་སོ་བྱ་བའི་དཔེ་རྙིང་ན་བཞུགས་པ་དང་དུས་རབས་བཅུ་དྲུག་པའི་དུས་ཀྱི་དཔའ་བོ་གཙུག་ལག་ཕྲེང་བའི་(1504ནས་1566)ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་དེ་དེ་བཞིན་དུ་ཞལ་བཤུས་གནང་ནས་འཁོད་ཡོད་ཅིང་།  ཁོང་རྣམས་ཀྱི་བཞེད་ཚུལ་དེས་རྡོ་རིང་འདི་ནི་དུས་རབས་བརྒྱད་པའི་དུས་སུ་ནང་ཆོས་དར་ནུབ་ཀྱི་གནས་ཚུལ་མཚོན་པའི་དཔང་རྟགས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ་བསྟན་ཡོད། དེའི་ཕྱིས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་(1903ནས1951)གྱིས་ཀྱང་བསམ་ཡས་རྡོ་རིང་འདི་ཉིད་ཞལ་བཤུས་མཛད་ནས་དེ་ལ་མཆན་འགྲེལ་བཏབ་པའི་གནས་ཚུལ་འཁོད་འདུག་ནའང་དུས་ཀྱི་འཕེལ་གྲིབ་ཀྱི་དབང་གིས་མིག་གི་མཐོང་ཡུལ་དུ་འགྱུར་མ་ཐུབ་པ་དེ་ནི་ཧ་ཅང་ཕངས་སེམས་ཆེ་བ་ཞིག་རེད།  བསམ་ཡས་མནའ་གཙིགས་ཀྱི་རྡོ་རིང་དེའི་ངོས་སུ་ཁྱོན་བསྡོམས་བཀའ་གཙིགས་ཡི་གེ་ཐིག་ཕྲེང་ཉེར་གཉིས་ཡོད་པ་ལས་མཐའ་མའི་ཐིག་ཕྲེང་གཉིས་ན་གཙིགས་ཀྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་མཆིས་སོ་ཞེས་འཁོད་ཡོད་ལ་ཚུལ་འདི་ལས་རྡོ་རིང་ངོས་སུ་བཀོད་པའི་བཀའ་གཙིགས་ཡི་གེ་འདི་ལས་རྒྱས་པ་ཞིག་ཟུར་དུ་ཡོད་པ་གཏན་འཁེལ་ཐུབ་པ་ཡིན།  དེ་ལྟར་ན་དགེ་བཤེས་ལྡེའུ་ཡིས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ནང་།  ལོ་རྒྱུས་བསྡུས་པ་གཅེས་པར་བྱས་པ་ནི་གསེར་དངུལ་གྱིས་བྲིས་ནས་བསེ་སྒྲོམ་དངུལ་གྱིས་སྤྲོས་པའི་ནང་དུ་བཞུགས་པ་དང་དངུལ་གྱི་སྒོ་ལྕགས་བཅུག་སྟེ་དཀར་ཆག་ཡི་གེར་བྱས་ནས་སྲུང་མ་གནོད་སྦྱིན་དང་རྒྱལ་པོ་ལ་གཏད་པ་དང་ལོ་རྒྱུས་ཤིན་ཏུ་བསྡུས་ནས་མི་འཆལ་བར་བྱ་བའི་ཕྱིར་དུ་རྡོ་རིང་ལ་གཟོང་གིས་བྲིས་ནས་བཞག་ཅིང་དེ་ལ་དཀར་གཙིགས་ཀྱི་རྡོ་རིང་ཞེས་ཀྱང་བྱ་ཞེས་བསྟན་པ་དང་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བྱུང་བའི་བཀའ་གཙིགས་ཡི་གེ་ཁག་གཉིས་པོ་ཆད་ལྷག་མེད་པར་ངོ་བཤུས་གནང་ནས་འདིའི་སྙིང་བོ་མདོར་བསྡུས་སུ་དྲིལ་ཏེ་བསམ་ཡས་རྡོ་རིང་གི་ངོས་སུ་བརྐོས་ཚུལ་འཁོད་ཡོད་པ་ལྟར་བྱས་ན་གུད་དུ་མཆིས་པའི་ཡི་གེ་ཞིབ་མོ་ནི་བཀའ་གཙིགས་ཡི་གེ་འདི་གཉིས་ལ་ངོས་འཛིན་དགོས་པ་ཧ་ཅང་གསལ་ཅིང་།  སྔོན་དུས་ཀྱི་རྣམ་གཞག་ལྟར་བྱས་ན་བསམ་ཡས་ཀྱི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ནི་བསམ་ཡས་རྡོ་རིང་ངོས་སུ་བཀོད་པའི་བཀའ་གཙིགས་ཀྱི་ཡི་གེ་མདོར་བསྡུས་དེ་དང་བསམ་ཡས་ལོ་རྒྱུས་བསྡུས་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་ཁག་གཉིས་པོ་འདི་ལ་ངོས་འཛིན་དགོས་པ་གསལ་བོར་ཤེས་ཐུབ་ལ།  ཁྱད་པར་དུ་བསམ་ཡས་ལོ་རྒྱུས་བསྡུས་པའམ་ཁྲི་སྲོང་ལྡེ་བཙན་གྱིས་རྗེ་བློན་མནས་བསྒག་པའི་བཀའ་གཙིགས་ཡི་གེ་འདི་གཉིས་ཀྱི་མཚན་ལ་བསམ་ཡས་དཀར་ཆག་འབྲིང་བོར་འབོད་ཅིང་།  ཁ་ཅིག་གིས་འདི་ཡང་དབའ་གསལ་སྣང་གི་བཞེད་པར་ངོས་བཟུང་ནས་སྔོན་གྱི་ཚེ་དབའ་བཞེད་ཆེ་འབྲིང་ཞེས་པའི་རྣམ་གཞག་བྱེད་སྟངས་དེ་ཐོན་ནམ་སྙམ་ཡང་འདིའི་དཔྱད་པ་རྒྱས་པ་གུད་ཀྱི་ཚན་པར་ཡོད་ལ།  གོང་གི་བརྗོད་བྱ་དེ་དང་འགྲོས་མཐུན་པར་ལྷ་སའི་གནའ་ཤུལ་གྲགས་ཆེན་དང་དགོན་སྡེ་ཁག་གི་ལོ་རྒྱུས་བྱ་བར་ཡང་ནན་ཏན་དམ་བཅའ་བའི་རྩ་ཚིག་ཡི་གེ་ཞིབ་མོ་ནི་ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ནན་ཏན་དམ་བཅའ་བའི་རྩ་ཚིག་གི་ཡི་གེ་བྲིས་ཏེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོར་བཞག་པ་དེ་དང་ཟླ་བསྒྲིལ་དུ་བཞག་གོ་ཞེས་པའང་ཡིད་རྟོན་རུང་བའི་གཏམ་དུ་གོ་དགོས་སོ། །  ཡིན་ནའང་བཀའ་གཙིགས་འདི་གཉིས་ལ་དང་པོ་དང་གཉིས་པ་ཞེས་པའི་རྣམ་གཞག་བྱས་ཡོད་པ་ནི་དཔའ་བོ་གཙུག་ལག་ཕྲེང་བ་རང་གི་བཞེད་པ་ཡིན་ནམ་སྙམ་སྟེ།  དེ་ནི་བཀའ་གཙིགས་ཡི་གེ་རང་ལས་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ་ཞེས་པའི་བརྗོད་བྱའི་འགྲོས་ལས་དྲངས་ནས་སྔ་ཕྱིའི་རིམ་པ་ཕྱེ་བ་ཞིག་ལས་དུས་ལ་ལྟོས་ནས་སྔ་ཕྱི་དང་རིམ་པ་ཕྱེ་བ་ཞིག་མིན་པར་མངོན་ལ།  འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་རྭ་ཅན་གྱི་ཨང་རྟགས་(137)ནས་ཐོན་པའི་རྡོ་རིང་དང་བཀའ་གཙིགས་ཡི་གེ་བཞུགས་སོ་བྱ་བའི་དཔེ་རྙིང་(གཤམ་ནས་འབྲས་སྤུངས་བཀའ་གཙིགས་ཡིག་རྙིང་ཞེས་འབོད་རྒྱུ)གི་ནང་དུ་བཀའ་གཙིགས་འདི་གཉིས་ཇི་བཞིན་འཁོད་འདུག་ནའང་དང་པོ་དང་གཉིས་པ་ཞེས་པའི་རིམ་པ་གང་ཡང་འཁོད་མེད་པས་སོ། །  གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་ན་འབྱུང་འགྱུར་གྱི་བཀའ་གཙིགས་གཉིས་པ་ཞེས་འཁོད་ཡོད་པས་དེའི་རང་ལུགས་ལྟར་ན་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་འདི་གཉིས་ལ་དུས་ཀྱི་ཆ་ནས་སྔ་ཕྱིའི་ཁྱད་པར་ཡོད་པར་བསྟན་ཡོད།  དེ་ལྟར་ན་བསམ་ཡས་རྡོ་རིང་གི་ངོས་སུ་གཙིགས་ཀྱི་ཡི་གེ་ཞིབ་མོ་གཅིག་ཅེས་གྲངས་གསལ་བོར་འཁོད་ཡོད་པས་འདིའི་དངོས་བསྟན་གྱི་བཀའ་གཙིགས་ཡི་གེ་གཅིག་པུ་དེ་གང་ཡིན་གསལ་བོར་བཤད་དགོས་སོ་སྙམ།  ཕྲན་གྱི་འདོད་པ་ལྟར་ན་བཀའ་གཙིགས་འདི་གཉིས་ལ་བརྗོད་བྱའི་ཆ་ནས་ཧེ་བག་ཆེན་པོ་མེད་པར་ཕྱི་མ་སྔ་མའི་ནང་དོན་དང་སྦྲེལ་ཐུབ་ལ་དུས་ཀྱི་ཆ་ནས་ཀྱང་སྔ་ཕྱིའང་ཅུང་ཟད་ཙམ་ཡང་མེད་པར་འདོད་དེ།  བཀའ་གཙིགས་རང་ན་ཟླ་ལ་བཞག་གོ་ཞེས་པས་དུས་ཅིག་ཅར་དུ་བཀའ་གཙིགས་གཉིས་པོ་ལྷན་དུ་བཞག་པར་གོ་བར་འགྱུར་ལ།  དེས་ན་ཟླ་གྲོགས་ཀྱི་བཀའ་གཙིགས་སྔ་མར་ལྟོས་ནས་བཀའ་གཙིགས་ཡི་གེ་ཕྱི་མ་ཟེར་རུང་ལ་དུས་ཅིག་ཅར་ལ་དང་པོར་ལྟོས་ནས་གཉིས་པའང་ཟེར་རུང་བར་འཐད་དོ། །  བཀའ་གཙིགས་ཡི་གེ་སྔ་མ་དེར་ཆོས་སྣུབ་མི་ཆོག་པའི་བརྗོད་བྱ་དེ་གཙོ་བོར་བྱས་ནས་རྗེ་དང་བློན་རིགས་ལྔ་བཅུ་ང་གསུམ་གྱིས་མནའ་དོར་ནས་དམ་བཅས་པའི་གནས་ཚུལ་ཤ་སྟག་ཡིན་ལ་དེའི་ལྷན་ཐབས་སམ་ཟླ་གྲོགས་ལྟ་བུར་བཀའ་གཙིགས་ཡི་གེ་ཕྱི་མ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཆོས་བྱུང་བའི་ལོ་སྒྲུང་གི་ཡི་གེ་དེ་ཉིད་བཞག་པར་འདོད་དེ།  དེའི་རྒྱུ་མཚན་ནི་བཀའ་གཙིགས་ཡི་གེ་སྔ་མ་དེའི་ནང་དུ་སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ་སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ་ཞེས་འབྱུང་བའི་ཡི་གེ་དེ་ནི་བཀའ་གཙིགས་ཡི་གེ་ཕྱི་མ་འདི་ཡིན་པ་ལས་འོས་གང་ཡང་མེད་དོ། །  བཀའ་གཙིགས་ཡི་གེ་སྔ་ཕྱི་འདི་གཉིས་ཕྱིས་ཀྱི་གང་ཟག་རྣམས་ཀྱིས་ཞལ་བཤུས་གནང་ཡུལ་གྱི་ཕྱི་མོ་དངོས་ནི་བཀའ་གཙིགས་ཡི་གེ་རང་ལས་འབྱུང་བ་ལྟར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་(755ནས་797)གྱི་སྐུ་རིང་ལ་ཕྱག་རྒྱས་བཏབ་ནས་སྒྲོམ་བུར་བཅུག་ཡོད་པའི་མཐིང་ཤོག་གསེར་བྲིས་མ་ལ་དཔེ་བགྱིས་ཏེ་བྲིས་པ་ཞིག་ཡིན་ཚུལ་འཁོད་ཡོད་ལ།  སྤྱིར་མཐིང་ཤོག་ལ་གསེར་བྲིས་བྱས་ཏེ་བསེ་སྒྲོམ་དངུལ་སྤྲོས་ཅན་གྱི་ནང་ལ་བཞག་ནས་ཆོས་སྐྱོང་ལ་གཏད་གཉེར་བྱེད་ཚུལ་འདི་ནི་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བྱུང་བའི་དཀོར་མཛོད་ཀྱི་ཡིག་ཆའི་ཁྱད་ཆོས་གཙོ་གྲས་ཤིག་ཏེ།  ཐོག་མར་རྒྱལ་རབས་ཀྱི་ཆོས་སྲིད་དང་གདམས་ངག་ཤོག་དྲིལ་སོགས་ཧ་ཅང་གལ་ཆེ་བའི་རིགས་རྣམས་རིན་ཐང་ཆེ་བའི་གསེར་གྱིས་བྲིས་ནས་ཉར་ཚགས་གནང་བའི་ལུགས་སྲོལ་ཤིག་ཡོད།  དཔེར་ན་བྲང་ཏི་དཔལ་ལྡན་རྡོ་རྗེ་དང་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་བྲང་ཏིའི་སྨན་རྒྱུད་གོང་སྨན་དཀོན་མཆོག་བདེ་ལེགས་(1447ནས་1506)ཀྱིས་གཙིགས་ཆེན་གནང་བའི་བརྟག་ཐབས་རྣམ་པ་བརྒྱད་ཀྱི་གདམས་ངག་དེའང་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་ལུགས་ལས་མེད་པར་གསུངས་པ་ལྟ་བུ་ཡིན།  དེ་ལྟ་བུའི་མཐིང་ཤོག་གསེར་བྲིས་ཀྱི་ངོ་བོར་གནས་པའི་བཀའ་གཙིགས་ཡི་གེ་སྔ་མ་དེ་ཉིད་ཞལ་བཤུས་གནང་མཁན་ནི། དུས་རབས་བཅུ་དྲུག་པའི་ནང་གི་ལོ་རྒྱུས་བསྟན་བཅོས་གྲགས་ཆེན་ཆོས་འབྱུང་མཁས་པའི་དགའ་སྟོན་དང་འབྲས་སྤུངས་བཀའ་གཙིགས་ཡིག་རྙིང་གཉིས་ཞལ་མཐུན་པའི་སྒོ་ནས་བྲང་ཏི་ཤཱི་ལ་ཝརྨ་བྱ་བའི་གང་ཟག་དེ་ཡིན་པར་གསུངས་ཡོད་ལ་རྙིང་མའི་མཁས་དབང་བདུད་འཇོམས་འཇིག་བྲལ་རྡོ་རྗེ་(1904ནས་1987)མཆོག་གིས་ཀྱང་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་དེ་གཉིས་ཀྱི་བརྗོད་བྱ་ཡོངས་སུ་རྫོགས་པར་ཞལ་བཤུས་གནང་ནས་གོང་ལྟར་བཀའ་གཙིགས་ཡི་གེ་སྔ་མ་དེ་ཞལ་བཤུས་གནང་མཁན་ནི་བྲང་ཏི་ཤཱི་ལ་ཝརྨ་ཡིན་པར་མོས་མཐུན་བྱས་ཡོད།  གང་ལྟར་བྲང་ཏི་ཤཱི་ལ་ཝརྨའམ་བོད་སྐད་དུ་བྲང་ཏི་ཚུལ་ཁྲིམས་གོ་ཆ་བྱ་བའི་གང་ཟག་འདི་ནི་བྲང་ཏིའི་རུས་རྒྱུད་ལས་འཁྲུངས་པའི་གང་ཟག་ཅིག་ཡིན་པ་བསྙོན་དུ་མེད་ཅིང་། འདིའི་ལོ་རྒྱུས་སོགས་གསལ་བོར་འཆད་པའི་ཡན་ལག་ཏུ་ཐོག་མར་བྲང་ཏི་བྱ་བའི་རུས་སམ་རུས་རྒྱུད་དེ་ལ་རྒྱུས་ལོན་ཅུང་ཟད་བྱེད་དགོས་སྙམ་སྟེ།  བྲང་ཏིའི་གདུང་རབས་དཔེ་རྙིང་ཞིག་ཡོད་པར་གསལ་ནའང་འབད་པས་བཙལ་ཡང་མ་རྙེད་ཀྱང་།  བཙན་པོ་ཁྲི་ལྡེ་གཙུག་བརྩན་མེས་ཨག་ཚོམ་(704ནས་754)གྱི་སྐུ་རིང་ལ་བླ་སྨན་དང་བློན་པོ་གཅིག་ལྕོགས་ཏུ་བཞེས་པའི་བྲང་ཏི་རྒྱལ་མཉེས་མཁར་ཕུག་སོགས་ཡོད་པ་དང་།  དེའི་བུ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལའང་ལོ་ཙཱ་བ་བྲང་ཏི་ཛ་ཡ་རཀྴིའམ་བོད་སྐད་དུ་རྒྱལ་བ་སྲུང་བ་བྱ་བ་དེ་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་པའི་བང་ཆེན་དུ་ཕྱིན་པ་དང་དེས་ཕྱིས་སུ་ཆོས་མང་དུ་བསྒྱུར་ཚུལ་སོགས་ལ་དཔྱད་ན་བྲང་ཏི་བྱ་བའི་རུས་རྒྱུད་འདི་ནི་དུས་རབས་བརྒྱད་པ་ནས་བཟུང་བཙན་པོའི་རྒྱལ་རབས་ཀྱི་ཆོས་སྲིད་བྱ་གཞག་གང་ཐད་དུའང་འབྲེལ་བ་ཟབ་མོ་ཡོད་པའི་རུས་རྒྱུད་ཅིག་ཡིན་པ་གསལ་བོར་རྟོགས་ནུས་པ་མ་ཟད།  མཐིང་ཤོག་གི་ངོས་སུ་གསེར་བྲིས་བགྱིས་པའི་དཀོར་མཛོད་ཀྱི་ཡིག་ཚངས་རྣམས་ལ་གཟིགས་བཤེར་དང་ཕབ་བཤུས་གནང་ཆོག་པའི་བཀའ་ཁྲོལ་ཡོད་པའི་རུས་རྒྱུད་མཚན་གྲགས་ཆེ་བ་ཞིག་ཡིན་པའང་ཞར་བྱུང་དུ་ཤེས་ཐུབ་བམ་སྙམ། དེས་ན་བཀའ་གཙིགས་ཡི་གེ་སྔ་མའི་ཕྱི་མོ་ལ་དཔེ་བགྱིས་ནས་ཞལ་བཤུས་གནང་མཁན་གྱི་གང་ཟག་ཐོག་མ་འདི་ནི་བྲང་ཏིའི་རུས་རྒྱུད་ཅན་གྱི་ཤཱི་ལ་ཝརྨ་ཡིན་དགོས་པ་འདི་ལ་གནད་དུ་ཐིངས་བའི་དཔྱད་གཞི་རྒྱ་ཆེན་པོ་ཡོད་དོ། །  བཀའ་གཙིགས་ཡི་གེ་ཕྱི་མ་དེར་དཔའ་བོ་གཙུག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཞལ་བཤུས་མར་མཛད་བྱང་སོགས་གང་ཡང་འཁོད་མེད་ནའང་འབྲས་སྤུངས་བཀའ་གཙིགས་ཡིག་རྙིང་དུ་བཙན་པོ་ཁྲི་སྲོང་ལྡེ་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཆོས་བྱུང་བའི་ལོ་སྒྲུང་གི་ཡི་གེ་བཀའ་གཙིགས་ཀྱི་ཟླ་ལ་བཞག་པ།  ཕྲ་མེན་གྱིས་བྲི་རེ་གསེར་གྱི་སྒྲོམ་བུར་སྩལ་ནས་དཔལ་བསམ་ཡས་ཀྱི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ནས་བྲིས་སོ་ཞེས་མཛད་བྱང་ཞིག་འཁོད་ཡོད་པར་དཔྱད་ན།  བཙན་པོའི་དུས་ཀྱི་དཀོར་མཛོད་ཀྱི་ཡིག་ཆ་ཡིན་པ་གསལ་བོར་ཤེས་ནའང་གང་ཟག་སུ་ཞིག་གིས་ཞལ་བཤུས་གནང་ཚུལ་སོགས་གང་ཡང་འཁོད་མི་འདུག་པས་དཔྱད་དཀའ་བར་སོང་འདུག་གོ་སྙམ།  བཀའ་གཙིགས་འདི་གཉིས་ལ་དཔེ་བགྱིས་ནས་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་(798ནས815)གྱིས་ཀྱང་གཙིགས་ཀྱི་ཡི་གེ་ཞིབ་མོ་གཅིག་ཡབ་ཀྱི་དགོངས་པའི་རྒྱབ་སྣོན་བྱས་ཡོད་པའི་ཚུལ་ནི་རྒྱལ་སྡེ་སྐར་ཆུང་རྡོ་རིང་གི་ངོས་སུ་གསལ་ཡོད་ལ།  དེ་ནི་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བྱུང་བའི་རྗེ་བློན་མནས་བསྒག་པའི་བཀའ་གཙིགས་ཀྱི་ཡི་གེ་དེ་ཡིན་ཞིང་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཐོན་པའི་དཔེ་རྙིང་དེར་སད་ན་ལེགས་ཀྱི་བཀའ་གཙིགས་ཡི་གེ་ཞེས་སུ་མཚན་གསོལ་ཡོད།  ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་སྔ་ཕྱི་འདི་གཉིས་ལྷན་དུ་བསྡོམས་པའི་མཚན་ལ་སྔོན་ཚེ་བསམ་ཡས་དཀར་ཆག་འབྲིང་བར་འབོད་པ་དང་དེའི་སྙིང་བོ་དྲིལ་ནས་བསམ་ཡས་རྡོ་རིང་གི་ངོས་སུ་བརྐོས་པ་འདི་གསུམ་གྱི་སྤྱིའི་མཚན་ལ་རྗེ་བཞེད་དུ་འབོད་པར་དཔྱད་ཐུབ་བམ་སྙམ།  བཀའ་གཙིགས་འདི་གསུམ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དངོས་ཀྱིས་བཀས་མཛད་པ་ཁོ་ན་ཡིན་ལ་ཕྱིས་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་ལས་ངོས་མ་ཟིན་པའི་རྗེ་བཞེད་བྱ་བའང་འདི་ཡིན་པར་ངེས་ཤིང་ཉང་རལ་ཉི་མ་འོད་ཟེར་(1124ནས་1192)གྱིས་བཙན་པོས་བཀའ་གཙིགས་ཡི་གེ་གསུམ་མཛད་བྱ་བའང་འདི་གསུམ་ལ་ངོས་འཛིན་པར་རིགས་པ་དང་།  དུས་ཕྱིས་སུ་དེ་གསུམ་གྱི་རྟིང་གནོན་དུ་སད་ན་ལེགས་ཀྱི་བཀའ་གཙིགས་དེ་ཉིད་ཚུད་མིན་ལ་ད་དུང་མུ་མཐུད་ནས་དཔྱད་དགོས་སོ་སྙམ།  དེ་ལྟར་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ལ་དཔེ་འདི་འདྲ་བ་བཅུ་གསུམ་བྲིས་ཏེ་ཕྱག་རྒྱས་བཏབ་ནས་གཅིག་ཕྱག་སྦལ་དང་གཉིས་ར་ས་འཕྲུལ་སྣང་དང་བྲག་དམར་བསམ་ཡས་བཅས་གཙུག་ལག་ཁང་གཉིས་སུ་བཞག་ལ།  བཅུ་ནི་ཡུལ་དབུས་དང་བྲུ་ཤའམ་ཞང་ཞུང་།  མདོ་སྨད་སོགས་མཐའ་བཞིའི་མངའ་རིས་ཀྱི་རྒྱལ་ཕྲན་དག་ལ་གནང་ཚུལ་འཁོད་ཡོད་ལ།  སྐབས་འདི་དུས་ནས་བཟུང་བཀའ་གཙིགས་ཀྱི་ཡི་གེ་དེ་ལ་མ་དཔེ་བཅད་ནས་ཡོངས་ཁྱབ་སྒོས་མངའ་རིས་ཀྱི་འབངས་རྣམས་ལའང་དར་བར་བྱས་ཤིང་འབངས་མི་སེར་རྣམས་ཀྱིས་བཀའ་གཙིགས་དེ་ལ་གོ་བ་ལེན་ཚུལ་མི་འདྲ་བ་བྱུང་བར་བརྟེན་ཕྱིས་སུ་འབངས་བཞེད་བྱ་བའང་བྱུང་བར་དཔྱད་ཐུབ་བམ་སྙམ་ལ།  འབངས་བཞེད་བྱ་བ་དེ་ཡང་མདོར་དེད་ན་དབའ་བཞེད་ཞབས་བཏགས་མའི་རིགས་དང་ཕྱིས་ཙམ་གྱི་བླ་བཞེད་ཅི་རིགས་ལ་ངོས་འཛིན་རྒྱུས་འོས་གང་ཡང་མེད་དམ་སྙམ།  གང་ལྟར་བཀའ་གཙིགས་འདི་དག་གི་ཕྱི་མོ་དངོས་ནི་བསམ་ཡས་དཀོར་མཛོད་ན་མཐིང་ཤོག་གསེར་བྲིས་མའི་ངོ་བོར་གནས་ཤིང་བསེ་སྒྲོམ་དངུལ་སྤྲས་མར་བཅུག་ནས་དམ་རྒྱའི་ཚུལ་དུ་ཉར་ཚགས་གནང་ཡོད་ནའང་། བསམ་ཡས་ལ་མེ་སྐྱོན་ལན་གཉིས་བྱུང་བའི་དང་པོར་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ལྡན་(1016ནས་)གྱིས་ཞིག་གསོ་མཛད་པ་དང་དེའི་རྗེས་སུ་སླར་ཡང་མེ་སྐྱོན་ཆེན་པོ་བྱུང་བའི་སྐབས་དེར་རྒྱ་དཔེ་སྟོང་ཕྲག་མང་པོ་དང་བོད་དཔེ་རྩ་ཆེན་དག་ཤིན་ཏུ་ཆུད་ཟོས་སུ་སོང་བའི་སྐབས་དེར་གོང་སྨྲས་ཀྱི་བཀའ་གཙིགས་ཡི་གེ་སྔ་ཕྱི་གཉིས་ཀྱི་ཕྱི་མོ་དངོས་ཀྱང་དེའི་གྲས་སུ་ཚུད་ནས་འཇིག་རྟེན་འདིར་མི་བཞུགས་པར་བཤད་ཐུབ་བམ་སྙམ།  མདོར་ན་དབའ་བཞེད་དང་བླ་བཞེད་གཉིས་ཀྱི་ཆེས་ཐོག་མའི་བྱུང་ཁུངས་དངོས་ཀྱང་བསམ་ཡས་མནའ་གཙིགས་ཀྱི་རྡོ་རིང་དང་དེའི་རྩ་འགྲེལ་དུ་སོང་བའི་བཀའ་གཙིགས་ཀྱི་ཡི་གེ་འདི་གཉིས་ཡིན་པར་སྒྲུབ་ནུས་ཤིང་། བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པ་ཆེན་པོ་དབའ་གསལ་སྣང་དང་།  རྒྱལ་པོའི་དབུའི་བླ་མཆོད་ཀྱི་ཆོ་ལོ་ཆེན་པོ་འཛིན་པའི་མྱང་ཏིང་འཛིན་བཟང་པོ་གཉིས་ཀྱིས་བཙན་པོའི་མནའ་གཙིགས་ཆེན་མོ་དེ་ཉིད་སོ་སོར་བཀྲལ་བའི་དགོངས་གཞི་རྣམས་ཡི་གེར་བཏབ་ནས་དབའ་བཞེད་དང་བླ་བཞེད་ཅེས་སུ་མཚན་གསོལ་ཏེ་མཐིང་ཤོག་ལ་གསེར་ཡིག་གིས་བྲིས་པའི་ཕྱི་མོ་ནི་བསེ་སྒྲོམ་དངུལ་སྤྲོས་མར་བཅུག་ཏེ་དཀོར་མཛོད་དུ་ཉར་ཚགས་བྱས་ཡོད་པར་དཔྱད་ཐུབ་བོ། །  
གཉིས།  མྱང་དབའི་རུས་རྒྱུད་དང་《དབའ་བཞེད》 ་《བླ་བཞེད་》སྐོར།
          དུས་རབས་བརྒྱད་པའི་དུས་སུ་མྱང་དང་དབའ་ཡི་རུས་རྒྱུད་རྙིང་ཤོས་གཉིས་ནི།  བཙན་པོའི་རྒྱལ་རབས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱིས་མཚོན་པའི་བྱ་གཞག་ཆེ་ཕྲ་ཆུང་གསུམ་གང་ལའང་མེད་དུ་མི་རུང་བ་དང་དེའི་བྱུང་འཕེལ་སོགས་ལ་འབྲེལ་བ་དམ་པོ་ཡོད་པའི་རུས་རྒྱུད་གཙོ་གྲས་གཉིས་ཡིན།  དེ་ལས་དབའི་རུས་རྒྱུད་ནི་ཡབ་གནམ་རི་སྲོང་བཙན་གྱི་དུས་ནས་བཟུང་ཆབ་སྲིད་འཛིན་པའི་ཞང་བློན་ཆེན་པོ་རྣམས་ཟམ་མ་ཆད་པར་བྱུང་བའི་རུས་རྒྱུད་དྲག་ཤོས་ཤིག་ཡིན་ལ།  རིམ་བཞིན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སླེབས་སྐབས་དབའི་རུས་རྒྱུད་དེའི་ཕ་ཚན་རྣམས་ལ་བོན་ཆོས་བྱས་མི་ཆོག་པའི་བཀའ་ཕབ་པར་དཔྱད་ན་དབའི་རུས་རྒྱུད་དེའི་སྔོན་གྱི་ཕ་ཆོས་ནི་བོན་ལུགས་ཡིན་པར་གསལ་བ་དང་།  ཕྱིས་སུ་རུས་རྒྱུད་དེ་ལས་དབའ་གསལ་སྣང་རབ་ཏུ་བྱུང་ཞིང་དེ་ཉིད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པར་བརྐོས་པ་དང་།  རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་སློབ་དཔོན་ཞི་བ་འཚོ་དང་གསང་སྔགས་ཀྱི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་གཉིས་གདན་འདྲེན་པར་ཕྱིན་པ་སོགས་ཆོས་ཕྱོགས་ཀྱི་མཛད་རྗེས་ཧ་ཅང་ཆེ་བས་སྐབས་དེའི་བློན་པོ་གཙོ་གྲས་ཀྱི་གྲལ་དུ་ཚུད་ཡོད།  དེར་བརྟེན་དབའ་གསལ་སྣང་གིས་གོང་དུ་བཤད་ཟིན་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་སྦྲག་མ་ཁག་གཉིས་ལ་དགོངས་འགྲེལ་བསྐྱོན་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་རྣམས་དར་སྤེལ་གཏོང་བའི་བཞེད་པ་དེ་ནི་སྐབས་དེའི་འདུལ་འཛིན་ཀུན་གྱིས་ཚད་མ་ལྟ་བུར་འཛིན་ནའང་དབའི་རུས་རྒྱུད་ཡོངས་ཀྱིས་ངོས་ལེན་ཐོབ་མེད་སྙམ།  དེའི་རྒྱུ་མཚན་ནི་དབའི་རུས་ཚན་དུ་གཏོགས་པའི་ཞང་བློན་ཆེན་པོ་རྣམས་དང་ལྷོ་བལ་གྱི་ཆོས་སྤེལ་ཨ་ཙཱ་རའི་བར་ལ་སྔར་ནས་བཟུང་ཆབ་སྲིད་ཀྱི་འགལ་རྐྱེན་དུ་མ་བྱུང་ཟིན་པ་དང་།  རྐྱེན་དེ་ལ་བརྟེན་ནས་དབའ་གསལ་སྣང་གི་བཞེད་པར་བྲིས་པ་རྣམས་ལའང་ཞང་བློན་རྣམས་ཀྱི་བཞེད་མཚམས་ཀྱིས་ཤུགས་རྐྱེན་ཐེབས་པར་བཤད་ནུས་ལ།  སྣང་ཚུལ་དེ་ལྟ་བུ་ལ་གཞི་བཅོལ་ནས་སྦ་བཞེད་ནི་སྡིག་བློན་རྣམས་ཀྱི་ངོར་རྒྱལ་བློན་རྣམས་ཀྱིས་སྒྲིག་པ་ཡིན་པའི་ལྟ་ཚུལ་འདི་རིགས་བྱུང་ངམ་སྙམ། དབའི་རུས་རྒྱུད་ཡོངས་སུ་རྫོགས་པ་ནི་སྐབས་དེའི་ནང་བའི་ལྟ་གྲུབ་དང་ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་སོགས་སྔགས་ལུགས་ཀྱི་བསྟན་པ་སྤེལ་མཁན་རྣམས་ལ་དགའ་གུས་མེད་པའི་གནས་ཚུལ་མངོན་པར་གསལ་ཞིང་། དེའི་ཚུལ་ནི་སྦ་རྣམས་ཀྱི་རྗེས་འབྲེལ་ཕལ་ཆེར་གསང་སྔགས་བློ་ངོར་མི་ཤོངས་བས་པདྨ་འབྱུང་གནས་ལ་མི་གུས་ཟེར་བ་མི་བདེན་པ་འདྲ་ཞེས་འབྱུང་བའི་ཚིག་ཟུར་ལས་ཀྱང་གསལ་བོར་གོ་ནུས་སོ། །  སྤྱིར་དབའི་རུས་རྒྱུད་ནི་བཙན་པོའི་རྒྱལ་རབས་ལ་བྱས་རྗེས་ཤིན་ཏུ་ཆེ་ཞིང་མི་དཔུང་མཐུག་པོ་ཡོད་པའི་ཁྱིམ་རྒྱུད་ཅིག་ཡིན་ནའང་དུས་རབས་བརྒྱད་པའི་དུས་སུ་ཁྱིམ་རྒྱུད་དེའི་དད་པ་བྱེད་སའི་ཆོས་བརྒྱུད་ལ་འགྱུར་བ་བྱུང་ནས་ཁ་ཅིག་འདུལ་བ་འཛིན་པའི་རབ་བྱུང་བའི་ཕྱོགས་སུ་གྱེས་པ་དང་།  འགའ་ཞིག་སྔར་བཞིན་རྒྱ་གར་ནང་བའི་ལྟ་གྲུབ་ལ་དད་པ་ཁྱོན་ནས་མེད་པའི་ཞང་བློན་གྱི་ཕྱོགས་སུ་གྱེས་འགོ་བརྩམས་ནས་མི་ཚང་ཆེན་པོ་དེའི་ཆིག་སྒྲིལ་གྱི་ལམ་ལུགས་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད།  དེར་བརྟེན་དབའི་རུས་རྒྱུད་ལས་བྱུང་བའི་སྐབས་དེའི་རབ་བྱུང་བ་དང་ཞང་བློན་ཆེན་པོ་དག་གི་དགོངས་པ་ཐ་དད་དུ་གྱེས་སྟབས།  སོ་སོའི་རང་མོས་ལྟར་དགོངས་བཞེད་སྣ་ཚོགས་ཤིག་བྱུང་ཡོད་གཤིས་དབའ་བཞེད་ཡིན་ན་དབའ་གསལ་སྣང་གི་བཞེད་པ་ཁོ་ན་ཡིན་པར་ཐག་གཅོད་མི་ནུས་བར་སྙམ་སྟེ།  སྦ་བཞེད་བྱ་བའི་དཔེ་རྙིང་ལས་ཀྱང་སྦ་བཞེད་ལ་རིགས་འདྲ་མིན་རྒྱས་བསྡུས་འབྲིང་གསུམ་དང་སྦ་གསལ་སྣང་དང་སྦ་སང་ཤི་སོགས་ཀྱི་བཞེད་ལུགས་སོགས་ཅི་རིགས་ཤིག་བྱུང་ཡོད་པར་བཤད་པའི་ཕྱིར་རོ། །  གང་ལྟར་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་དབའ་གསལ་སྣང་གི་བཞེད་མཚམས་ལྟར་གྱི་ཡིག་ཆ་ཞིག་ཡོད་པ་ནི་དབྱིན་ཇུའི་ལུང་ཀྲིན་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་ཆའི་ཁྲོད་ནས་དབའ་བཞེད་ཀྱི་ཤོག་དྲིལ་ཅིག་གསར་རྙེད་བྱུང་བ་དེས་ར་སྤྲོད་བྱེད་ཐུབ་པ་ཡིན་ལ་ཡིག་རྙིང་དེ་ལས་བྱུང་བའི་དབའ་བཞེད་ཀྱི་ཤོག་དྲིལ་དེའི་ཚིག་དོན་ཁ་ཤས་དང་།  འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས་175ནས་བྱུང་བའི་དབའ་བཞེད་བཞུགས་སོ་བྱ་བའི་དཔེ་རྙིང་གཉིས་ཀྱི་བརྗོད་བྱའི་འགྲོས་སོགས་ལ་ཧེ་བག་ཆེན་པོ་མེད་པ་དེས།  དཔེ་རྙིང་འདི་ཁུངས་བཙུན་ཞིང་དབའ་གསལ་སྣང་རང་གི་བཞེད་པའི་རྒྱུན་ཡང་ཅུང་ཟད་གནས་ཐུབ་ཡོད་པར་སྙམ་ཡང་ད་དུང་དཔྱད་པར་རིགས་སོ། ། མདོར་ན་དབའི་རུས་རྒྱུད་རྣམས་ཀྱི་ཁྲོད་ནས་དབའ་གསལ་སྣང་དང་དབའ་སང་ཤི་སོགས་ཀྱིས་མཚོན་པའི་ཆོས་བློན་དང་ཞང་བློན་རྣམས་ལ་གོང་གསལ་གྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་དེ་ལ་ལྟ་ཚུལ་དང་ངོས་འཛིན་ཚུལ་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཞིང་ཕྱིས་སུ་དེ་རྣམས་ལ་བརྟེན་ནས་དབའི་བཞེད་པའང་སྣ་ཚོགས་བྱུང་ཡོད་པར་བཤད་ཐུབ་པ་ཞིག་རེད་སྙམ།
          ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡོད་པའི་མྱང་གི་རུས་རྒྱུད་དེ་ནི་དུས་རབས་དྲུག་པ་ནས་བརྒྱད་པའི་བར་དུ་རིམ་བཞིན་བཙན་པོའི་རྒྱལ་རབས་ཀྱི་སྲིད་ལུགས་སུ་ཞུགས་མྱོང་བ་དང་།  རུས་རྒྱུད་དེའི་ཁྲོད་དུ་ཞང་བློན་དང་ཆོས་བློན་སོགས་གང་ཆེ་གང་དྲག་བྱུང་ནས་བཙན་པོའི་རྒྱལ་རབས་ལ་སྲི་ཞུ་མི་དམན་པ་ཞུས་མྱོང་ཡོད།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱིས་སྲིད་འཛིན་པའི་དུས་སུ་མྱང་གི་རུས་རྒྱུད་ལས་རྒྱ་ནག་ཧྭ་ཤང་གིས་ཁྱེར་ཡོང་བའི་བསམ་གཏན་གྱི་ལུགས་ལ་དད་མོས་ཡོད་པའི་མྱང་ཤ་མི་ཞེས་པ་བྱུང་ནས་ཧྭ་ཤང་གི་ལྟ་ཚུལ་དེ་ཉིད་དར་སྤེལ་ཤུགས་ཆེ་གནང་སྟེ་དོན་རྐྱེན་འགའ་ཞིག་བྱུང་མྱོང་ཞིང་། ཕྱིས་སུ་མྱང་གི་རུས་རྒྱུད་འདིས་དང་ལེན་བྱས་པའི་བསམ་གཏན་པའི་ལུགས་དེ་ཉིད་སྐབས་དེར་རྒྱ་གར་གྱི་སྔགས་མཁན་རྣམས་ཀྱིས་བསྟན་པར་གྲགས་པའི་རྫོགས་ཆེན་གྱི་གཞུང་ལུགས་ལ་བསྟུན་ཅི་ཐུབ་བྱས་ནས་འཕེལ་རྒྱས་འགྲོ་ཐབས་ལ་ཧུར་བརྩོན་བྱས་ཡོད།  ཡང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བན་དེ་ཆེན་པོ་བཀའ་ལ་གཏོགས་པ་མྱང་ཏིང་འཛིན་བཟང་པོ་སོགས་འཁྲུངས་ཤིང་།  ཁོང་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀའ་ཕབ་སྟེ་རྒྱ་གར་ནས་གདན་དྲངས་ཡོང་བའི་སློབ་དཔོན་བི་མ་ལ་མི་ཏྲའི་དངོས་སློབ་དུ་གྱུར་བ་དང་།  ཕྱིས་སུ་བི་མ་ལའི་སྙིང་ཐིག་གི་གདམས་པ་སོགས་ལྐོག་ཆོས་གནང་སའི་ཡུལ་གཅིག་པུར་གྱུར་ཡོད་ལ་བཙན་པོའི་སྒེར་གྱི་བླ་མཆོད་དུའང་གྱུར་ཡོད། སྐབས་དེ་གར་མྱང་ཏིང་འཛིན་བཟང་པོ་ནི་གསང་བ་སྔགས་ཀྱི་བསྟན་པ་འཛིན་པའི་མཁས་པར་གྱུར་ཅིང་གསང་སྔགས་ཉམས་ལེན་གནང་སའི་གདན་ས་ཞྭ་དང་ལྡོག་གི་ལྷ་ཁང་བཞེངས་པ་སོགས་མཛད་རྗེས་ཤིན་ཏུ་ཆེ་སྟབས་བཙན་པོའི་རྒྱལ་རབས་ཀྱིས་དེའི་མཛད་རྗེས་དང་རུས་རྒྱུད་ལ་བསྟོད་པའི་རྡོ་རིང་གསུམ་ཙམ་བཙུགས་ཡོད།  ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་མྱང་ཏིང་འཛིན་བཟང་པོ་དང་དབའ་ཡེ་ཤེས་དབང་བོ་སོགས་ཀྱི་བར་ལ་འགལ་བ་བྱུང་ནས་དབའ་ཡེ་ཤེས་བཟང་པོ་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ཏུ་ཕེབས་དགོས་བྱུང་ཡོད་པ་དང་དེའི་ཕྱིས་སུ་མྱང་ཏིང་འཛིན་བཟང་པོ་དབུ་རུ་ཞཱ་ན་བཞུགས་པ་སྐྱོན་ཕབ་ཏེ་བསད་པ་མན་ངག་གི་རྒྱུན་བཅད་པ་སོགས་ཡ་ང་བའི་དོན་རྐྱེན་ཞིག་བྱུང་ཡོད།  དེ་ནི་སྐབས་དེའི་རྒྱ་ནག་ཧྭ་ཤང་གི་བསམ་གཏན་ལུགས་དང་རྫོགས་པ་ཆེན་པོ་མཉམ་འདྲེས་སུ་དང་ལེན་བྱས་ཟིན་པའི་མྱང་གི་རུས་རྒྱུད་དེ་དང་།  རྒྱ་གར་གྱི་མཁན་ཆེན་བོ་དྷི་ས་ཏྭའི་རྗེས་སུ་འབྲངས་པའི་དབའ་ཡེ་ཤེས་དབང་བོ་སོགས་དབའི་རུས་རྒྱུད་གཉིས་ཀྱི་བར་དུ་བྱུང་བའི་ལྟ་བའི་འགལ་ཟླ་ཆེན་པོ་ཞིག་སྟེ།  མདོར་ན་རྒྱ་དཀར་ནག་གཉིས་ཀྱི་ཆོས་ལུགས་ལྟ་གྲུབ་མ་མཐུན་པའི་སུ་རྒྱལ་སུ་ཕམ་གྱི་གནད་འགག་གི་དུས་གཟར་ཆེན་མོ་ཞིག་ཀྱང་ཡིན་ནམ་སྙམ།  གནས་ཚུལ་འདི་ནི་སྐབས་དེའི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་བརྟན་བརླིང་དང་ཆོས་སྲིད་ལུགས་གཉིས་ཀྱི་ཆག་འཇིག་སོགས་ལ་འབྲེལ་བ་དམ་པོ་ཡོད་སྟབས།  བཙན་པོས་ཀྱང་ནང་བློན་ཆེན་པོ་ཁམས་པ་གོ་ཆར་བཀའ་ཤོག་གི་སྒྲོམ་བུ་བསྐུར་ནས་བཙུན་པ་འཁྲིགས་པའི་འཐབ་རྩོད་དེ་ཞི་བར་འདུམ་དགོས་པའི་བཙན་བཀའ་བཏང་ཡོད། མདོ་དོན་ཡ་ང་བའི་གནས་ཚུལ་འདི་ནི་རབ་བྱུང་འདུལ་འཛིན་པ་དང་གསང་སྔགས་ལ་སྤྱོད་པའི་དགོངས་བཞེད་ཀྱི་ཆ་ནས་བྱུང་བའི་འགལ་རྐྱེན་ཞིག་ཡིན་པ་གདོན་མི་ཟ་མོད་འདིར་སྐབས་དོན་གྱི་བརྗོད་བྱ་སྒྲིབ་པར་མཐོང་བས་དེའི་སྐོར་ཞིབ་ཏུ་མི་གླེང་ལ།  དེ་ལྟར་དུ་མྱང་ཏིང་འཛིན་བཟང་པོ་སོགས་སྔགས་པ་རྣམས་ཀྱིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་སྣུབ་མི་ཆོག་པའི་བཀའ་གཙིགས་དེ་ལ་དཔེ་བགྱིས་ནས་རང་རང་གི་དགོངས་བཞེད་འདོན་གནང་མཛད་ཡོད་པར་མངོན་ལ་དེ་ནི་རྒྱལ་རབས་ལོ་རྒྱུས་ལས་རྙེད་ཐུབ་མེད་པའི་བླ་བཞེད་ཅེས་པ་དེ་ཡིན་ནམ་སྙམ།  སྤྱིར་བླ་བཞེད་ནི་སློབ་དཔོན་པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་སོགས་ཀྱི་དགོངས་པར་རྒྱབ་སྐྱོར་དང་གཙོ་བོ་གསང་བ་སྔགས་ཀྱི་བསྟན་པ་ལ་དད་མོས་མཛད་པའི་ཆ་ནས་བྲིས་པའི་བཞེད་པའམ་ཡིག་ཆ་ཞིག་ཡིན་དགོས་སྙམ་སྟེ།  མངའ་བདག་མྱང་ཉི་མ་འོད་ཟེར་གྱི་རྣམ་ཐར་ལས་མྱང་གི་རུས་རྒྱུད་འདི་ལ་ཡང་ཕུར་གཤེད་གསུམ་གྱི་གྲུབ་ཐོབ་རྒྱུན་མ་ཆད་པར་བྱོན་ཚུལ་གསུངས་ཡོད་པ་ལྟར་ན་མྱང་གི་རུས་རྒྱུད་འདི་ནི་གསང་སྔགས་ཀྱི་བསྟན་པ་ལ་མོས་པ་ཆེ་བའི་ཁྱིམ་རྒྱུད་ཅིག་ཡིན་པ་གསལ་བོར་ཤེས་ནུས་པའི་ཕྱིར་རོ། །  དེ་ལྟར་བོད་སིལ་བའི་དུས་ཀྱི་ཁྲི་འོད་སྲུང་གི་སྐབས་སུའང་དབའི་རུས་རྒྱུད་དང་མྱང་གི་རུས་རྒྱུད་དུ་གཏོགས་པའི་འབྲོའི་རུས་རྒྱུད་གཉིས་ཀྱི་བར་དུ་འགལ་བ་ཚབས་ཆེན་བྱུང་བའང་འདུལ་འཛིན་པ་དང་སྔགས་པའི་བར་གྱི་འགལ་བ་ཞིག་ཡིན་པ་ཤེས་ཐུབ་ལ་དེའི་སྐབས་ཀྱི་འབྲོའི་རུས་རྒྱུད་ཀྱི་དགོངས་པ་ནི་རྒྱ་ནག་ཧ་ཤང་གི་བསམ་གཏན་ལུགས་དང་རྫོགས་ཆེན་མཉམ་འདྲེས་དང་དེ་ལ་སྤྱོད་པའི་དུས་ཚོད་ཅིག་ཡིན་ནམ་སྙམ། གང་ལྟར་བླ་བཞེད་བྱ་བ་ཡང་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོ་(1803ནས་1875)མཆོག་གི་དཔེ་ཐོའི་ནང་དུ་སྦ་གསལ་སྣང་སོགས་རྒྱལ་བློན་གྱིས་བསྒྲིགས་པའི་རྒྱལ་བཞེད་སྦ་བཞེད་བླ་བཞེད་ཅེས་འབྱུང་བའི་ལུང་དོན་ལྟར་དུས་རབས་བརྒྱད་པའི་སྤྱི་ཚོགས་ཀྱི་གནས་བབ་དང་འགལ་འདུ་དེ་ལྟ་བུའི་ནང་དུ་བྱུང་བའི་ཡིག་ཆ་ཡིན་པ་གོར་མ་ཆག་ལ།  ཕལ་ཆེར་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ་བྱོན་པའི་བཀའ་གདམས་ཀྱི་དགེ་བཤེས་དབུས་པ་བློ་གསལ་རྩོད་པའི་སེང་གེ་ཡི་རྦ་བཞེད་ནས་བསྟན་པ་སྔ་དར་གྱི་སེར་མོ་བ་དང་ལོ་ཙཱ་བའི་གྲངས་འགོད་སྐབས་བླ་བཞེད་ཅིག་ལས་ལུང་དྲངས་ཡོད་ལ་དུས་རབས་བཅུ་བཞི་བར་འཁྲུངས་བའི་དབུ་རུའི་སྟོད་ཀྱི་མཁས་པ་འབྲི་གུང་དཔལ་འཛིན་མཆོག་གིས་བླ་བཞེད་ལུང་འདྲེན་མཛད་འདུག་ཅིང་།  དུས་ཕྱིས་ཀྱི་དུས་རབས་བཅུ་དྲུག་པའི་ནང་དུ་བྱོན་པའི་ཇོ་ནང་ཏཱ་ར་ནཱ་ཐ་མཆོག་(1575ནས་1634)གིས་ཀྱང་བླ་བཞེད་མཐོང་མྱོང་བར་གསུངས་ཡོད་ལ་དེ་དང་དུས་མཉམ་པའི་མཁས་དབང་སོག་བཟློག་པ་བློ་གྲོས་རྒྱལ་མཚན་(1552ནས་1624)གྱིས་བླ་བཞེད་ནི་བླ་ཆེན་པོས་སྦ་བཞེད་ལྟར་དུ་བྲིས་པ་ཞིག་ཡིན་པར་གསུངས་ཡོད།  འདིའི་སྐབས་ཀྱི་བླ་ཆེན་པོ་ནི་རྒྱལ་པོའི་བླ་མཆོད་དུ་གྱུར་བའི་མྱང་ཏིང་འཛིན་བཟང་པོའི་བཞེད་པར་གོ་དགོས་སྙམ་ཡང་ཁ་ཅིག་གིས་བསྟན་པ་ཕྱི་དར་སྐབས་ཀྱི་བླ་ཆེན་དགོངས་པ་རབ་གསལ་གྱིས་མཛད་པ་ཞིག་ཡིན་པར་བཤད་འདུག་པས་ལྟ་ཚུལ་འདི་ནི་དེ་འདྲའི་ཡིད་དུ་འོངས་བའི་གཏམ་ཞིག་མིན་ནའང་མུ་མཐུད་ནས་བརྟག་དགོས་སོ་སྙམ་མོ། །  ཁོ་བོའི་འདོད་པར་བླ་བཞེད་ནི་དབའ་བཞེད་དང་དུས་མཉམ་དུ་བྱུང་ཞིང་སྐབས་དེའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ལ་བཞེད་པ་མི་མཐུན་པ་དུ་མ་བྱུང་ནས་གསང་སྔགས་ལ་མོས་པ་ཆེ་བའི་མྱང་གི་རུས་རྒྱུད་རྣམས་ཀྱི་བཞེད་མཚམས་ཤིག་ཡིན་པར་མངོན་ཞིང་། རིམ་བཞིན་བཅོས་བསྒྱུར་དང་བསྲེས་སླད་མང་པོ་ཞུགས་ནས་མཐར་འབྱུང་བཞིའི་ཁམས་སུ་ཐིམས་ཟིན་པར་སྙམ་ནའང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་དིང་སང་ཡང་བླ་བཞེད་ཅིག་ལ་མཇལ་རྒྱུ་ཡོད་ཚུལ་གསུངས་འདུག་པས་མ་འོངས་པར་མིག་གི་བགོ་སྐལ་དུ་ཐོབ་ན་འདིའི་སྐོར་ཞིབ་པར་གླེང་ཆོག་པ་ཡིན།  མདོར་ན་གསང་བ་སྔགས་ཀྱི་ལུགས་གཙོ་བོར་འཛིན་པའི་མྱང་གི་རུས་རྒྱུད་དང་འདུལ་བའི་ཆ་གཙོ་བོར་གནང་བའི་དབའི་རུས་རྒྱུད་གཉིས་ཀྱི་བར་དུ་བྱུང་བའི་འགལ་བ་དེ་ནི་མི་རབས་ཕྱི་མ་རྣམས་ཀྱི་ལྟ་ཚུལ་མི་མཐུན་པའི་གཞིར་འགྱུར་བ་དང་ཁྱད་པར་དུ་གོང་ནས་བཤད་ཟིན་པའི་ལུགས་མི་འདྲ་བ་དེ་གཉིས་ཀྱི་རྒྱལ་ཕམ་ཤན་འབྱེད་ཀྱི་རྟིང་སྐུལ་ལྟ་བུར་གྱུར་ཡོད་ལ།  འདི་དང་འབྲེལ་ནས་དབའ་བཞེད་ལའང་འདྲ་མི་འདྲའི་བཅོས་བསྒྱུར་དང་ལྟ་ཚུལ་སྣ་ཚོགས་བྱུང་ནས་མཐར་མདོ་སྔགས་གཉིས་ཀྱི་འགལ་བ་སྟོན་བྱེད་ཅིག་གམ་ཡང་ན་སློབ་དཔོན་པདྨ་འབྱུང་གནས་སོགས་སྔགས་མཁན་རྣམས་ལ་དད་མི་དད་ཀྱི་ལྟ་ཚུལ་འབྱུང་སའི་ཁུངས་ལྟ་བུར་གྱུར་ཡོད་དམ་སྙམ།  
གསུམ།  《དབའ་བཞེད་》ཀྱི་ཞབས་ཏགས་དང་དོགས་པའི་སྐོར།
          དུས་རབས་བཅུ་གཅིག་པའི་དུས་མཚམས་ནས་བཟུང་དབའ་བཞེད་ལ་ཞབས་བཏགས་སམ་འགྲེལ་བཤད་སྣ་ཚོགས་བྱེད་འགོ་ཚུགས་ཡོད་ལ་རིམ་བཞིན་མཁས་པ་འགའ་ཞིག་གིས་དབའ་བཞེད་ཀྱི་ཡིག་ཆ་དེ་ཉིད་ལུང་འདྲེན་གནང་ནས་སོ་སོའི་དགོངས་པ་སྒྲུབ་བྱེད་དུ་སྤྱད་ཡོད་པ་དང་།  དེ་ལས་རེ་འགས་དབའ་བཞེད་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་མིན་དང་གཙང་མི་གཙང་གི་དབྱེ་བ་ཕྱེ་ནས་དོགས་པའང་ཟ་བཞིན་ཡོད།  ཉེ་ཆར་དེ་ལྟ་བུའི་དབའ་བཞེད་ཞབས་བཏགས་མ་རྣམས་ལས་གང་ཞིག་སྔ་ཤོས་ཡིན་པར་ཐག་གཅོད་བྱེད་དཀའ་ནའང་དབའ་བཞེད་ཁ་ཤས་ཀྱི་ཞབས་སུ་བསྟན་པ་ཕྱི་དར་གྱི་གནས་ཚུལ་འབའ་ཞིག་བཏགས་ཡོད་པ་དེས་ཅུང་ཟད་འཕྱི་བའི་དུས་སུ་བྱུང་བ་རྟོགས་ནུས་སོ། །  དེང་སང་གི་གསར་རྩོམ་འགའ་ཞིག་ལས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ལ་བསམ་ཡས་དཀར་ཆག་ཆེན་མོའམ་རྦ་བཞེད་ཞབས་བཏགས་མ་ཞིག་ཡོད་པར་ཁས་ལེན་བྱེད་པ་ཡིན་ཞེས་བཤད་ཡོད།  ལྟ་ཚུལ་དེ་ནི་ཁུངས་དང་ལྡན་པ་ཞིག་ཡིན་པ་མ་ཤེས་མོད་ཆོས་འབྱུང་མཁས་པའི་དགའ་སྟོན་ན་བསམ་ཡས་དཀར་ཆག་ཆེན་མོའམ་རྒྱལ་རབས་དབའ་བཞེད་ཆེ་འབྲིང་ཞེས་པའི་དཔེ་ཆ་ཞིག་གི་མཚན་བྱང་དངོས་སུ་ཐོན་ཡོད་པ་དེ་ལ་ཁུངས་སུ་བྱས་པ་ཡིན་ན་ཅུང་ཟད་དཀའ་སྟེ། སྐབས་འདིའི་བསམ་ཡས་དཀར་ཆག་ཆེན་མོ་ནི་དགེ་བཤེས་ལྡེའུ་ཡིས་ཁྲི་སྲོང་ལྡེ་བཙན་དུས་ཀྱི་བསམ་ཡས་དཀར་ཆག་ནི་དཔེ་དཀར་གླིང་ན་ཡོད་ཅིང་དེ་ལ་ཁྲིམས་ཀྱི་མཛོད་ཅེས་ཀྱང་བྱ་ཞིང་དེའི་སྲུང་མ་ནི་ཁྲིམས་ཁང་གི་རྒྱལ་པོ་ཡིན་པ་དེ་ལ་ངོས་འཛིན་བྱས་ཡོད་སྟབས་འདི་ལས་ལྷག་པའི་སྒྲུབ་བྱེད་གསལ་ཁ་ཅན་ཞིག་སུས་ཀྱང་རྙེད་དཀའ་བར་སྙམ།  གང་ལྟར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་(1011ནས་1075)ནི་ཆོས་མངོན་པ་མཛོད་ཀྱི་བསྟན་རྩིས་ལ་མཁས་ཤིང་དུས་རབས་བཅུ་གཅིག་པའི་དུས་སུ་བོད་དུ་བྱོན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་ཅིག་ཡིན། དགེ་བཤེས་ལྡེའུ་ཡིས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པར་དགེ་བཤེས་ཁུ་དང་ལྷ་རྒྱལ་པོས་བརྩམས་པའི་ལོ་རྒྱུས་ཆེན་མོའམ་ལོག་གནོན་ཆེན་པོ་ཞེས་དང་ཡང་ལྡེའུ་ཆོས་འབྱུང་བསྡུས་པ་ལས་ཅན་ལྔའི་ནང་ཚན་གྱི་ལོག་གནོན་ཆེན་མོ་བྱ་བ་ནི་དགེ་བཤེས་ཁུའམ་ཁུ་སྟོན་གྱིས་མཛད་པར་ངོས་འཛིན་བྱས་ཡོད་ལ།  བཞེད་ཚུལ་དེ་ནི་ཡིད་བརྟན་འཕེར་བའི་གཏམ་དུ་འདུག་པ་ནི་ཆོས་འབྱུང་གསལ་བྱེད་དམིགས་ཐུར་གྱི་འགྲེལ་བ་ལས་དགེ་བཤེས་ཁུ་སྟོན་བརྩོན་འགྲུས་ཀྱིས་བརྩམས་པ་ལོག་གནོན་ཆེན་མོའམ་ལོ་རྒྱུས་ཆེན་པོ་ཟེར་ཞེས་འབྱུང་བ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོའང་ལོག་གནོན་ཆེན་མོར་གྲགས་པ་ཞེས་འབྱུང་བ་དེས་ར་སྤྲོད་བྱས་ཡོད།  དེ་ལྟ་ནའང་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་(1617ནས་1682)ཁུ་སྟོན་གྱིས་མཛད་པའི་བསྟན་བཅོས་རིན་ཆེན་བང་མཛོད་ཅེས་པ་ཞིག་ལུང་དྲངས་ཡོད་པར་བརྟག་ན་འདི་དང་ལོག་གནོན་ཆེན་མོའམ་ལོ་རྒྱུས་ཆེན་མོ་སོགས་དོན་གཅིག་ཡིན་མིན་ལའང་དཔྱད་དགོས་སྙམ།   གང་ལྟར་ཡང་དེ་ལྟ་བུའི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི་ལོ་རྒྱུས་ཆེན་མོ་བྱ་བ་ལས་ཡང་སྙིང་བརྗོད་བྱའི་དོན་ཅི་ཞིག་བསྟན་ཡོད་པའི་སྐོར་གསལ་བཤད་བྱེད་དཀའ་ནའང་། བཀའ་གདམས་པའི་མཁས་པ་གཞན་ནང་བཞིན་མདོ་ཕྱོགས་དང་འདུལ་བའི་ལུགས་གཙོ་བོར་འཛིན་པ་དག་གི་བཞེད་མཚམས་ཞིག་མིན་ནམ་སྙམ་སྟེ།  དབུས་པ་བློ་གསལ་(ཕལ་ཆེར་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ་འཁྲུངས་བར་གསལ་)གྱི་རྦ་བཞེད་ན་ཁུའི་ཡི་གེ་ཁ་ཅིག་ལས་རྒྱལ་པོས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་དམ་བཅས་པ་ན་སྟོན་མིན་དང་རྩེན་མིན་པའི་ལྟ་བ་མཇལ་བས་ཐུགས་དམ་ཆག་སྟེ་སུམ་བཅུ་བཞེངས་སོ་ཞེས་ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་ལས་ལུང་དྲངས་པའི་ལུང་དོན་དང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་རྦ་བཞེད་ཀྱི་ལུགས་གཙོ་བོར་བཟུང་སྟེ་ལོ་རྒྱུས་ཆེན་མོ་ལས་ཀྱང་དགེ་སློང་སྡོམ་པ་སྔ་བ་རྦ་ཡི་བན་དེ་གཉིས་ཞེས་སོགས་འབྱུང་བའི་ལུང་གི་ཚིག་ཟུར་ལ་བརྟག་ནའང་འདུལ་འཛིན་པ་ཞིག་གི་བཞེད་མཚམས་ཡིན་པ་ཤེས་ནུས་པའི་ཕྱིར་རོ། །  གང་ལྟར་དུས་རབས་བཅུ་གཅིག་པའི་དུས་སུ་བྱུང་བའི་ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་དང་དུས་མཚམས་དེར་བྱུང་བའི་དབའ་བཞེད་ཞབས་བཏགས་མའི་ཡིག་ཆ་གཉིས་ལ་འབྲེལ་བ་གང་འཚམ་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པའི་ཆའང་ཡོད་སྲིད་མོད། ད་དུང་དེའི་སྐོར་ལ་ཡིད་དཔྱོད་ཙམ་བྱེད་པ་ལས་འོས་མེད་ལ་བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་(1801ནས་1866)ཀྱི་མདོ་སྨད་ཆོས་འབྱུང་བྱ་བར་ཡང་ལོ་རྒྱུས་ཆེན་མོའི་ལུང་ཞིག་དྲངས་འདུག་ནའང་ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་ཡིན་མིན་ཁ་ཚོན་གཅོད་མ་ནུས་པས་ད་དུང་དཔྱད་གཞིར་བཞག་ཡོད་ལ། གཞན་ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་དང་དབུས་གཙང་ན་མི་སྒེར་བའི་ལག་ཏུ་འཁྱམ་པའི་ལྡེ་སྟོན་ཆོས་འབྱུང་བྱ་བའི་དཔེ་ཆ་གཉིས་གཅིག་ཡིན་པའི་དབང་དུ་བཏང་བའམ་ཡང་ན་དེ་གཉིས་ཀྱི་བརྗོད་བྱའི་ཆ་ལ་གཅིག་དཔེ་གཅིག་གིས་བཤུས་པའི་སྣང་ཚུལ་ཡོད་ན་མ་འོངས་བར་གནད་དོན་འདི་གསལ་བྱེད་བྱ་ཐུབ་སྙམ།  དེའི་རྗེས་ཀྱི་དུས་རབས་བཅུ་གཉིས་པའི་ནང་དུ་གསང་སྔགས་ཀྱི་ལམ་ལ་ཞུགས་པའི་མངའ་བདག་ཉང་ཉི་མ་འོད་ཟེར་(1124ནས་1192)གྱིས་དབའ་བཞེད་ལ་ཞབས་བཏགས་གནང་ཡོད་ཅིང་འདི་ནི་ད་ལྟའི་དུས་སུ་འཇིག་རྟེན་འདིར་བཞུགས་ཡོད་པའི་དབའ་བཞེད་ཞབས་བཏགས་མའི་ཡིག་ཆ་རྣམས་ལས་ཅུང་ཟད་སྔ་ཤོས་ཤིག་ཡིན་ནམ་སྙམ།  དཔེ་ཆ་འདིའི་མཚན་བྱང་ཆ་ཚང་ལ་མི་རྗེས་ལྷས་མཛད་བྱང་ཆུང་སེམས་དཔའ་ཆེན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྣམ་པར་ཐར་བ་རིན་པོ་ཆེ་ཕྲེང་བ་ཞེས་སུ་འབོད་ཅིང་(གཤམ་ནས་ཉང་རལ་དབའ་བཞེད་ཞབས་བཏགས་མ་ཞེས་འབོད་རྒྱུ་)ཡ་མཚར་བ་ཞིག་ལ་ཕོ་བྲང་པོ་ཏ་ལའི་ནང་དུ་བཞུགས་པའི་མྱང་ཉི་མ་འོད་ཟེར་གྱི་གསུང་འབུམ་གྱི་དཀར་ཆག་གི་ཁྲོད་དུ་དཔེ་ཆ་འདིའི་མཚན་བྱང་བཞུགས་མི་འདུག་ནའང་ཉང་ཆོས་འབྱུང་ལས་བཀའ་རྩིས་ཀྱི་ཡི་གེ་ཞིབ་པར་བཏགས་པ་ཞེས་འབྱུང་བའི་ལུང་ཚིག་དེས་མྱང་ཉི་མ་འོད་ཟེར་ལ་དབའ་བཞེད་ཞབས་བཏགས་མ་ཞིག་ཡོད་པའི་གནས་ཚུལ་དེ་གསལ་བཤད་བྱས་ཡོད་པ་མ་ཟད།  ཡང་ལོ་རྒྱུས་ཀྱི་བསྟན་བཅོས་དེ་རང་ལས་འབྱུང་བ་ལྟར་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ཞབས་སུ་བཏགས་པ་ཞིག་ཡིན་པའང་གསལ་བོར་ཤེས་ནུས་སོ། ། ཡིན་ནའང་ཡིད་ཕངས་བ་ཞིག་ལ་དཔེ་རྙིང་དེའི་དཀྱུས་དང་མཇུག་གི་ཤོག་ལྡེབ་ཁ་ཤས་ཤིག་མ་ཚང་བས་མཛད་པ་པོའི་མཚན་གསལ་བོར་ཐོན་མེད་ནའང་།  སྟབས་ལེགས་པ་ཞིག་ལ་ཆེས་མཐའ་མའི་ཤོག་ལྷེ་གཅིག་ལྷག་འདུག་ཅིང་དེའི་ངོས་སུ་དཔེ་ཆ་འདི་ནི་བཙུན་པ་ཤཱཀྱ་རིན་ཆེན་ཅེས་བྱ་བའི་དཔེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྣམ་པར་ཐར་བ་རིན་པོ་ཆེའི་སྒྲོན་མེ་བྱ་བ་ཡིན་པར་གསུངས་ཡོད།  དེར་བརྟག་ན་ཉང་ཉི་མ་འོད་ཟེར་མཆོག་གི་དབའ་བཞེད་ཞབས་བཏགས་མ་འདི་ཉིད་དུས་རབས་བཅུ་བཞི་བར་འཁྲུངས་པའི་ཡར་ལུང་ཤཱཀྱ་རིན་ཆེན་སྡེ་ཡིས་ངོ་བཤུས་གནང་བའམ་ཡང་ན་དེ་ལ་འཕྲི་སྣོན་སོགས་བྱས་པར་མངོན་ལ།  སྤྱི་ལོ་1376ལོར་བྲིས་པའི་ཡར་ལུང་ཇོ་བོའི་ཆོས་འབྱུང་གི་ནང་དུ་དབའ་བཞེད་ཀྱི་ལུང་འགའ་ཤས་ཤིག་དྲངས་ཡོད་པའང་དཔེ་ཆ་འདི་ལས་མ་འདས་སམ་སྙམ།  དེ་བཞིན་ཉང་མ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད་དུ་དྲངས་པའི་དབའ་བཞེད་ཀྱི་ལུང་འགའ་ཤས་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་གཉིས་ལའང་གོང་གསལ་གྱི་དམ་པ་ཉང་གི་དབའ་བཞེད་ཞབས་བཏགས་མ་དེའི་བརྗོད་བྱས་ཤུགས་རྐྱེན་ཐེབས་པའམ་ཡང་ན་ལུང་ཚིག་ཇི་བཞིན་བཤུས་པའི་སྣང་ཚུལ་ཡོད་པ་དེས་སྐབས་དེར་དབའ་བཞེད་ཞབས་བཏགས་མ་འདི་ཉིད་ཉང་ཉི་མ་འོད་ཟེར་མཆོག་གི་གསུང་རྩོམ་ཤིག་ཡིན་པ་རྟོགས་ནུས་སོ། །  ཉང་རལ་དབའ་བཞེད་ཞབས་བཏགས་མ་འདི་དང་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ཞབས་ལ་བཏགས་པ་བཞུགས་སོ་ཞེས་བྱ་བའི་དཔེ་རྙིང་གཉིས་ཀྱི་བརྗོད་བྱ་དང་ཚིག་དོན་ཁ་ཤས་ཆུ་ལ་ཆུ་བཞག་ཡིན་པ་དང་གཞན་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ན་ཅན་གྱི་ཨང་རྟགས་(270)ནས་ཐོན་པའི་དབའ་བཞེད་ཀྱི་དཔེ་རྙིང་ཕྱག་བྲིས་མ་མཚན་བྱང་དང་མཛད་བྱང་གཉིས་ཀ་མ་གསལ་བ་ཞིག་འདུག་པ་དེའང་གོང་གསལ་དཔེ་རྙིང་གཉིས་དང་ཤིན་ཏུ་འདྲ་སེ་བ་ཞིག་འདུག་པར་བརྟག་ན། སྐབས་དེར་དམ་པ་ཉང་གི་དབའ་བཞེད་ཞབས་བཏགས་མ་འདི་ཤིན་ཏུ་རྩ་ཆེ་བར་བརྩིས་ཏེ་དཔེ་གཅིག་ལས་དུ་མ་བཤུས་ནས་དཔེ་རྒྱུན་བསྐྱངས་བའི་གནས་ཚུལ་ལ་རྒྱུས་ལོན་ཐུབ་ཅིང་ཆབས་ཅིག་ཆད་ལྷག་ནོར་གསུམ་དང་སྣོན་འཕྲི་བཅོས་གསུམ་ཡང་གང་མང་བྱས་པར་མངོན་ལ།  གང་ལྟར་དཔེ་ཆ་འདི་རྣམས་ནི་གསང་བ་སྔགས་ལ་དང་དད་མཛད་པའི་གང་ཟག་རྣམས་ཀྱིས་བྱས་པའི་ཚུལ་ནི་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ཞབས་ལ་བཏགས་པ་བྱ་བའི་དཔེ་རྙིང་ཕྱི་མ་དེའི་མཛད་བྱང་དུ་བལྟས་པས་ཀྱང་ཤེས་ནུས་པ་ཡིན། གང་ལྟར་སྐབས་དེ་ག་རང་དུ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་དབའ་བཞེད་ཞབས་བཏགས་མ་འདིའི་ཤུགས་རྐྱེན་ཅུང་ཟད་ཆེ་བའི་ཚུལ་ནི་བོད་དུ་གྲགས་ཆེ་ཞིང་ཁུངས་བཙུན་དུ་བརྩི་བའི་ཁམས་པའི་དགེ་བཤེས་ལྡེའུས་(1109ལོ་ཙམ་ལ་འཁྲུངས་བར་མངོན་ཞིང་འདས་ལོ་མི་གསལ་)མཛད་པའི་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་བྱ་བར་ཡང་དབའ་བཞེད་ཞབས་བཏགས་མ་འདིའི་ཚིག་དོན་ཁ་ཤས་དྲངས་ཡོད་པ་དེས་ཀྱང་གསལ་བཤད་བྱེད་ཐུབ་བམ་སྙམ་ལ།  གང་ལྟར་མཁས་དབང་དགེ་འདུན་ཆོས་འཕེལ་(1903ནས་1951)གྱིས་ལྷ་ས་ཀུན་བདེ་གླིང་གི་བླ་བྲང་དུ་བོད་དཔེ་དཀོན་པོ་སྦ་བཞེད་ཞབས་བཏགས་མ་བྲིས་མ་ཞིག་ཡོད་པར་གསུངས་པ་དེ་གང་ཡིན་ཤིན་ཏུ་དཔྱད་དཀའ་བར་སོང་བས་ཆ་འཇོག་བྱེད་དཀའ་བ་ཞིག་གོ།
          དེའི་ཕྱིས་སུ་དཔལ་སྣར་ཐང་གི་གདན་ས་བ་བཅོམ་ལྡན་འདས་རིག་པའི་རལ་གྲིའི་(1127ནས་1250)དངོས་སློབ་དབུས་བ་བློ་གསལ་རྩོད་པའི་སེང་གེ་ཡིས་རྦ་བཞེད་ཞབས་བཏགས་མ་ཞིག་མཛད་ཡོད་ཅིང་ཁོང་ནི་ཕལ་ཆེར་དུས་རབས་བཅུ་གསུམ་པའི་སྨད་ཙམ་དུ་འཁྲུངས་བར་གསལ་ལ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཁྱད་པར་དུ་འཕགས་པ་ཞིག་ཡིན།  འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་རྭ་ཅན་གྱི་ཨང་རྟགས་(75)ནས་རྦ་བཞེད་བཞུགས་སོ་ཞེས་པའི་དཔེ་རྙིང་ཤིན་ཏུ་བགྲེས་སྐྱོན་ཅན་ཞིག་རྙེད་སོན་བྱུང་ཡོད་ཅིང་དེའི་མཇུག་བྱང་གི་ཤོག་ལྡེབ་ན་དབུས་པ་བློ་གསལ་ཞེས་པ་ཙམ་ལས་ཡི་གེ་གཞན་རྣམས་ཕལ་ཆེར་མ་གསལ་ཡང་རྟགས་དེས་ཕྱག་དཔེ་འདི་ནི་དབུས་པ་བློ་གསལ་གྱིས་མཛད་པར་ཐག་གཅོད་བྱེད་ནུས་སམ་སྙམ་ཏེ།  ཇོ་ནང་ཏཱ་ར་ནཱ་ཐ་(1575ནས་1634)མཆོག་གིས་རྦ་བཞེད་ལ་བཀའ་གདམས་ཕྱོགས་པ་ཞིག་གིས་ཁ་སྐོང་བྱས་པ་ཞིག་ཡོད་ཚུལ་གསུངས་པའང་འདི་ཡིན་པར་མངོན་ལ་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོ་(1803ནས་1875)མཆོག་གི་དཔེ་ཐོའི་ནང་དུ་དབུས་པ་བློ་གསལ་གྱི་ཆོས་འབྱུང་ཞེས་བཀོད་ཡོད་པའང་འདི་ལ་ངོས་འཛིན་དགོས་སམ་སྙམ།  གཞན་དུ་ན་ བོད་དུ་མིའི་སྐྱེ་འགྲོ་བྱུང་ཚུལ་བྱ་བའི་དཔེ་རྙིང་ནས་བོད་རྗེ་གཉའ་ཁྲིའི་བྱུང་བའི་སྐོར་དུམ་བུ་ཞིག་དྲངས་ནས་འདི་ནི་དབུས་པ་བློ་གསལ་གྱི་བསྟན་བཅོས་ཉི་མའི་སྙིང་བོ་ལའང་མཐུན་ཞེས་འབྱུང་བར་དཔྱད་ན་དབུས་པ་བློ་གསལ་གྱིས་མཛད་པའི་རྦ་བཞེད་འདིའི་མཚན་བྱང་དངོས་ལ་སྔོན་གྱི་ཚེ་དེ་ལྟར་དུ་འབོད་པ་ཤེས་ནུས་ཀྱང་དབུས་པ་བློ་གསལ་གྱིས་དབའ་བཞེད་ཀྱི་རིགས་གང་ཞིག་ལ་ཞབས་བཏགས་བྱས་མིན་གྱི་གནད་དོན་དེ་ཡིན་གཅིག་མིན་གཉིས་ཞིབ་གསལ་བྱ་འོས་ནའང་དེའི་ཚུལ་ཅུང་ཟད་རྟོགས་དཀའ་བར་སེམས་སོ། །  ཡིན་ནའང་ཁོང་གི་བླ་མ་བཅོམ་ལྡན་རིག་རལ་གྱིས་(དུས་རབས་བཅུ་གཉིས་པའི་དུས་མགོར་བྱོན)མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བྱ་བར་སློབ་དཔོན་པདྨ་ནི་ངན་སྔགས་དང་ནུས་མཐུ་ལགས་པས་རྒྱལ་བློན་རྣམས་འཇིགས་ནས་བལ་བོར་མྱུར་ཏུ་བསྐྱལ་ལོ་ཞེས་རྒྱ་བཞེད་དང་རྦ་བཞེད་གཉིས་ལས་བྱུང་ངོ་ཞེས་ལུང་དྲངས་བར་དཔྱད་ན་དབུས་པ་བློ་གསལ་གྱིས་ཞབས་འགྲེལ་གནང་ཡུལ་གྱི་རྦ་བཞེད་དེ་ནི་ཁོང་གི་བླ་མ་བཅོམ་ལྡན་རིག་རལ་གྱིས་གཟིགས་མྱོང་བའི་རྦ་བཞེད་འདི་ཡིན་པ་ཐེ་ཚོམ་མི་དགོས་ནའང་།  འདིའི་ལུང་ཁུངས་ཀྱི་དཔེ་རྒྱུན་དིང་སང་བཞུགས་ཡོད་མེད་རྩད་གཅོད་དཀའ་ཡང་གང་ལྟར་འདུལ་ལུགས་གཙོ་བོར་འཛིན་པའི་མཁས་པ་ཞིག་གིས་མཛད་པ་ཞིག་ཡིན་ཚུལ་བཅོམ་ལྡན་རིག་རལ་གྱི་དྲངས་བའི་ལུང་དུམ་དེར་དཔྱད་ནའང་གསལ་བོར་རྟོགས་ནུས་པའི་ཕྱིར་རོ། ། 
          དེའི་ཕྱིས་ཀྱི་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་བྱོན་པའི་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་(1182ནས་1251)གྱི་སྐྱེས་བུ་དམ་པ་རྣམས་ལ་སྤྲིངས་བའི་འཕྲིན་ཡིག་ལས་རྒྱལ་བཞེད་དཔའ་བཞེད་འབངས་བཞེད་བཅས་ཀྱི་མཚན་བྱང་གླེང་ཡོད་ནའང་ལུང་ཚིག་སོགས་ཇི་བཞིན་བཀོད་མེད་པས་དེ་ནི་དབའ་བཞེད་དམ་ཡང་ན་དབའ་བཞེད་ཞབས་བཏགས་མ་གང་ཡིན་དབྱེ་བ་ཕྱེ་དཀའ་བར་སྣང་ལ་བུ་སྟོན་རིན་ཆེན་གྲུབ་(1290ནས་1364)ཀྱི་ཆོས་འབྱུང་དུའང་དབའ་བཞེད་ཀྱི་ལུང་ཞིག་དྲངས་ཡོད་ཅིང་དེ་ནི་ཕལ་ཆེར་བཀའ་གདམས་པ་ཞིག་གིས་མཛད་པའི་དབའ་བཞེད་ཞབས་བཏགས་མ་ཞིག་ཡིན་ལས་ཆེ་བས་ད་དུང་དཔྱད་དགོས་སོ། །  དེ་དང་དུས་མཉམ་པར་སྣར་ཐང་གི་མཁས་པ་ཆེན་མོ་ནེལ་པ་པཎ་ཊི་ཏ་གྲགས་པ་སྨོན་ལམ་ཚུལ་ཁྲིམས་ཀྱིས་ཕལ་ཆེར་སྤྱི་ལོ་1283 ལོར་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བར་ཡང་བར་ཡང་སྦ་བཞེད་ཀྱི་ལུང་ཤིག་དྲངས་ཡོད་ནའང་ལུང་ཁུངས་ཀྱི་དཔེ་ཆ་གང་ཡིན་མ་ཤེས་བས་དབའ་བཞེད་ཀྱི་རྩ་ཚིག་དང་དབའ་བཞེད་ཞབས་བཏགས་མ་གཉིས་ཀྱི་གང་ཡིན་གསལ་བོར་བཤད་དཀའ་ལ།  གང་ལྟར་དུས་རབས་བཅུ་གཉིས་ནས་བཅུ་གསུམ་པའི་བར་གྱི་གྲགས་ཆེ་བའི་ཆོས་འབྱུང་དང་རྒྱལ་རབས་ལོ་རྒྱུས་འགའ་ཞིག་ལས་རྦ་བཞེད་ཀྱི་རིགས་མི་འདྲ་བ་དག་གི་མཚན་བྱང་དང་ལུང་ཚིག་སྣ་ཚོགས་སྒྲུབ་བྱེད་དུ་བཀོད་ཡོད་པ་དེས་སྐབས་དེ་གར་ཡིག་ཚང་དེ་རིགས་རྒྱུགས་ཆེ་ཞིང་ཁུངས་བཙུན་དུ་བརྩི་བའི་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་བམ་སྙམ། 
          དེའི་ཕྱིས་ཀྱི་དུས་རབས་བཅུ་བཞི་བ་ཙམ་ནས་དབའ་བཞེད་ལ་དོགས་པ་སྣ་ཚོགས་དངོས་སུ་བྱུང་འགོ་ཚུགས་ཡོད། དེའི་ཚུལ་ནི་ཡར་རྗེ་ཨུ་རྒྱན་གླིང་བས་(1323ནས་1360)གཏེར་ནས་བཞེས་པར་གྲགས་པའི་པདྨ་བཀའ་ཐང་ལས། སྦ་བྱེད་འདི་རྣམས་གསང་སྔགས་ལ་མི་མོས། །  སློབ་དཔོན་པདྨའི་སྐུ་ལ་སྐྱོན་མང་བརྗོད། །  སྦ་བྱེད་དྲིལ་བའི་ཚིག་འཁྱམས་མང་དུ་བརྩམས། །  འདུལ་བ་མིན་པ་གཞན་ལ་དག་མི་སྟེར། །  ཞེས་བཀོད་ཡོད་པ་ལས་ཤེས་ནུས་ལ་འདི་ཡང་སྔར་ལྟར་མདོ་སྔགས་གཉིས་ཀྱི་འགལ་བ་བརྒྱུད་ནས་ཐོན་པའི་དགོངས་ཚུལ་ཤིག་ཡིན་པའང་གསལ་བོར་ཤེས་ཐུབ། དབའ་བཞེད་ཀྱི་རྩ་བའི་ཁུངས་ལྟ་བུར་བཤད་ཆོག་པའི་བསམ་ཡས་རྡོ་རིང་ན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཚོན་པའི་ལྷོ་བལ་གྱི་ཨ་ཙཱ་རའི་གནད་དོན་གང་ཡང་འཁོད་མེད་ནའང་རྗེ་བཞེད་དུ་ངོས་འཛིན་བྱས་ཆོག་པའི་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཀྱི་བཀའ་གཙིགས་ཡི་གེ་ཁག་གཉིས་པོར་ལྷོ་བལ་གྱི་ལྷ་དང་ཆོས་ཀྱི་སྐོར་ལ་བཀག་འགོག་བྱས་མི་ཆོག་པའི་ཚུལ་གསལ་བཤད་བྱས་ཡོད།  དེས་ན་སྐབས་འདི་དུས་ནས་ཞང་བློན་རྣམས་ཀྱིས་སློབ་དཔོན་པདྨའི་སྐུ་ལ་སྐྱོན་བརྗོད་བྱས་པའི་ས་བོན་ཡོད་པར་རིགས་འདེད་བྱས་ཆོག་ནའང་།  དུས་ཕྱིས་སུ་མདོ་སྔགས་གཉིས་ཀྱི་འགལ་བ་བརྒྱུད་ནས་དབའ་བཞེད་ལ་ཞབས་འགྲེལ་མི་འདྲ་བ་སྣ་ཚོགས་བྱུང་བར་བརྟེན་འདུལ་བ་འཛིན་པ་དག་གིས་བཀོད་པའི་དབའ་བཞེད་ཞབས་བཏགས་མ་རྣམས་སུ་གོང་གི་ཡར་རྗེ་ཨུ་རྒྱན་གླིང་བའི་ལུང་དོན་དེ་ཇི་བཞིན་བྱུང་ཡོད་པ་གཏན་འཁེལ་ཐུབ་པ་ཡིན།  དེར་བརྟེན་དུས་རབས་བཅུ་བཞི་བར་བྱུང་བའི་འགོས་ལོ་གཞོན་ནུ་དཔལ་བས་(1392ནས་1481)ཀྱང་སྦ་བཞེད་ལ་གཙང་མི་གཙང་གི་ཁྱད་པར་ཕྱེ་བའང་དོན་འདི་ཙམ་ལ་དགོངས་པར་གསལ་ཞིང་རྙིང་མའི་ལོ་རྒྱུས་དང་དབའ་བཞེད་མི་མཐུན་པའི་བརྗོད་གཞི་དེའང་སྐབས་འདི་ག་ཙམ་ནས་ཅུང་ཟད་ཤུགས་ཆེ་བའི་ངང་ནས་བྱུང་བར་མངོན་ནོ། །  ཚུལ་དེ་ལྟ་བུར་རྐྱེན་བྱས་ནས་དུས་ཕྱིས་ཀྱི་དུས་རབས་བཅུ་དྲུག་ནས་བཅུ་བདུན་པའི་བར་དུ་རྙིང་མའི་ལོ་རྒྱུས་དང་དབའ་བཞེད་མི་མཐུན་པར་བཤད་པའི་སྐོར་ལ་དགག་པ་མཛད་མཁན་གྱི་གང་ཟག་ཀྱང་བྱུང་ཡོད་དེ།  དཔེར་ན་སོག་བཟློག་པ་བློ་གྲོས་རྒྱལ་མཚན་(1552ནས་1624)གྱིས་འདི་ལ་རྙིང་མ་བ་ཁ་ཅིག།  སྦ་ཡེ་ཤེས་དབང་བོ་སློབ་དཔོན་པདྨ་ལ་མི་དད་པས་དེ་ལྟར་བཅོས་པ་ཡིན།  ཕྱིས་སློབ་དཔོན་གྱིས་རྗེས་སུ་བཟུང་བས་དེ་ལྟར་མ་ཡིན།  ཞེས་ཟེར་བ་མ་གོ་བ་ཡིན།  སྦ་བཞེད་ནི་སྡིག་བློན་རྣམས་ཀྱི་ངོར།  རྒྱལ་བློན་རྣམས་ཀྱིས་སྒྲིགས་པ་ཡིན་ལ།  ཡེ་ཤེས་དབང་བོས་བྱས་པ་མ་ཡིན་ནོ། །  དེ་ལ་སོགས་པ་གོ་བ་ལོང་ན་རྙིང་མའི་ལོ་རྒྱུས་དང་སྦ་བཞེད་མི་མཐུན་པ་མི་འབྱུང་ངོ་ཞེས་གནད་དོན་དེའི་ཆ་ལ་འགལ་སེལ་ལྟ་བུ་ཞིག་བྱས་ཡོད་ལ།  དེ་དང་འགྲོས་མཐུན་པར་རྩེ་ལེ་རྒོད་ཚང་བ་ཆེན་པོ་སྣ་ཚོགས་རང་གྲོལ་(1548ནས་1620)གྱིས་ཀྱང་བདུད་བློན་རྣམས་ཀྱིས་གཤེད་མ་བཏང་ནས་སྐུ་དཀྲོང་རྩིས་ལ་གཤེད་མ་རེངས་བའི་ལྟ་སྟངས་ཀྱིས་བཏུལ་ཞིང་།   གུང་ཐང་ལ་ཐོག་ནས་ནམ་མཁའ་ལ་འཕུར་ཏེ་ལྷོ་ནུབ་ཏུ་གཤེགས་ཚུལ་སོགས་ཀྱི་ལོ་རྒྱུས་དེ་དག་སྦ་བཞེད་རྒྱས་བསྡུས་རྣམས་ཀྱི་འཆད་ཚུལ་ཁོ་ན་ཡིན་ཞིང་།  སྦ་བཞེད་རྣམས་ནི་རྒྱལ་བློན་གྱིས་བསྒྲིགས་པའི་ཀུན་རྫོབ་ལྟར་སྣང་འབའ་ཞིག་ཡིན་པས་ངེས་དག་ཏུ་མི་བཞེད་ཅེས་ཞལ་གསལ་དུ་གསུངས་བ་རྣམས་ལ་བརྟག་ན་ཤེས་ཐུབ་པ་དང་།  དེ་བཞིན་ཟུར་མཁར་བློ་གྲོས་རྒྱལ་པོ་(1509ནས་1572)མཆོག་གིས་ཀྱང་རྒྱལ་བཞེད་བླ་བཞེད་སོགས་སུ་སློབ་དཔོན་པད་མའང་བསམ་ཡས་རྨང་མ་བཏིང་གོང་དུ་ས་འདུལ་གྱི་སྦྱིན་སྲེག་ལན་གཉིས་ལས་མ་གྲུབ་པར་སྡིག་བློན་གྱི་དབང་གིས་ལྷུན་གྲུབ་ཏུ་གཤེགས་པར་བཤད་ཅེས་གསུངས་བའམ་ཡང་ན་ཇོ་ནང་ཏཱ་ར་ནཱ་ཐ་མཆོག་(1575ནས་1634)གིས་ཀྱང་རྦ་བཞེད་བླ་བཞེད་རྒྱལ་བཞེད་ནང་གི་སློབ་དཔོན་པདྨའི་ལོ་རྒྱུས་རྣམས་ནི་སྔ་འགྱུར་བཀའ་མ་བ་རྣམས་ཀྱི་ལོ་རྒྱུས་ཕལ་ཆེ་བ་དང་སྤྱི་འགྲོས་འགྲིག་པར་ཡང་སྣང་ངོ་ཞེས་བཞེད་ཡོད་ལ།  དེ་བཞིན་ཞྭ་དམར་སྐུ་ཕྲེང་བཞི་བ་སྤྱན་སྔ་ཆོས་གྲགས་(1453ནས་1524)མཆོག་གིས་སྦ་བཞེད་ལ་ཞབས་བཏགས་ཡོད་མེད་གཉིས་ཡོད་པར་གསུངས་པའང་དགོངས་གཞི་ཅན་གྱི་ཚིག་ཏུ་བསམ་དགོས་སམ་སྙམ།  གང་ལྟར་དུས་ཕྱིས་སུ་ཡི་གེར་བཀོད་པའི་སྣང་ཚུལ་འདི་ལྟ་བུ་རེ་གཉིས་ཙམ་ལ་གཞི་བཅོལ་ནས་དཔྱད་ན་དེ་སྔ་དབའ་བཞེད་ཞབས་བཏགས་མ་འགའ་ཞིག་གི་བཞེད་མཚམས་དང་རྙིང་མ་བའི་བཀའ་ཆེམས་སམ་ཐང་ཡིག་རྣམས་སུ་བྱུང་བའི་དགོངས་བཞེད་གཉིས་ཀྱི་བར་ལ་འགལ་ཚབ་ས་ཆེན་པོ་བྱུང་བའི་གནས་ཚུལ་ཀྱི་དེ་ཉིད་གསལ་བོར་རྟོགས་ཐུབ་པ་ཡིན། དེའི་ཕྱིས་ཀྱི་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་(1617ནས་1683)རྦ་བཞེད་ཞབས་བཏགས་མ་རྣམས་ནི་སློབ་དཔོན་པདྨའི་རྣམ་ཐར་བཀའ་ཐང་སྡེ་ལྔ་སོགས་དང་མ་མཐུན་པས་ལྷད་ཅན་ཡིན་པར་བཞེད་ཡོད་ལ་ཁོང་གིས་མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་དབུ་ཞབས་ཀུན་ནའང་རྦ་བཞེད་ལྷད་ཅན་ཡིན་པར་སྒྲུབ་ནས་དགག་པ་ཚ་ནན་བཏང་ཡོད། དེའི་ཕྱིས་སུ་ལྔ་བ་ཆེན་མོའི་ཐུགས་སྲས་སྡེ་སྲིད་སངས་རྒྱས་རྒྱ་མཚོས (1643ནས1705)བསམ་ཡས་ཀྱི་ལོ་རྒྱུས་སྦ་བཞེད་ཅེས་ཁུངས་ཆེ་བར་བྱེད་པ་དེ་ལ་རྒྱས་བསྡུས་དང་ཚིག་སྣ་རིང་ཐུང་སོགས་མི་འདྲ་བ་མང་བོ་ཡོད་པའི་བཞེད་པ་བཏོན་འདུག་པ་དང་དེའི་འཕྲོར་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་(1704ནས་1788)གིས་ཀྱང་བཞེད་མཚམས་དེ་དང་མ་བགྲོས་རང་མཐུན་གྱིས་བླ་བཞེད་རྒྱལ་བཞེད་སྦ་བཞེད་ཅེས་པ་གསུམ་བྱུང་ཞིང་ཕྱིས་སུ་ཚིག་སྣ་རིང་ཐུང་དུ་མ་ཡང་བྱུང་ཞེས་བཞེད་ཡོད།  དེ་བཞིན་རིག་འཛིན་འཇིགས་མེད་གླིང་བས་(1729ནས་1798)ཀྱང་སློབ་དཔོན་པདྨའི་མཛད་རྣམས་སོགས་སྦ་བཞེད་དུ་གསལ་བོར་མ་བྲིས་པས་དེ་ལ་ཁུངས་སུ་འཚོལ་བ་དག་ཀྱང་དེ་ལྟ་མོད་དེའི་ཚུལ་ཐང་ཡིག་རྣམས་སུ་བྲིས་ཡོད་པར་བཞེད་པ་དག་ལས་དེ་སྔ་དབའ་བཞེད་དང་ཐང་ཡིག་གི་བར་ལ་འགལ་བ་དང་རྩོད་གཞི་མང་པོ་ཞིག་བྱུང་ཟིན་པའི་སྐོར་ལ་རྒྱུས་ལོན་བྱེད་ཐུབ་པ་ཡིན།  མདོར་ན་དུས་རབས་བཅུ་བདུན་ནས་བཅོ་བརྒྱད་ཀྱི་བར་འདིར་དབའ་བཞེད་ཞབས་བཏགས་མ་སྣ་ཚོགས་བྱུང་ནས་དེ་ལ་འགལ་འདུ་རྩོམ་པ་དང་མཐུན་མི་མཐུན་གྱི་རྣམ་གཞག་སྣ་ཚོགས་བྱེད་པའི་དུས་སྐབས་ཤིག་ཀྱང་ཡིན་པ་གསལ་བོར་ཤེས་ནུས་ལ།  སྤྱིར་བཀའ་ཐང་སྡེ་ལྔ་སོགས་ནི་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་ཡིག་ཚང་ཡིན་པ་སྨྲ་མ་དགོས་མོད།  དེ་དག་དང་དགོངས་བཞེད་མ་མཐུན་ན་ལྷད་ཅན་ཡིན་དགོས་མིན་གྱི་སྐོར་ནི་གུད་ཀྱི་ཚན་པ་གཅིག་ནས་གསལ་བཤད་བྱས་ཡོད་པས་བཞག་ལ་འདི་ལྟར་དབའ་བཞེད་ལ་གཙང་མི་གཙང་དང་ལྷད་ཅན་ཡིན་མིན།  དེ་བཞིན་རྒྱས་འབྲིང་ཡོད་མེད་དང་ཁུངས་ཐུབ་ཡིན་མིན་སོགས་དོགས་པ་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་ནི་དུས་ཕྱིས་ཀྱི་གང་ཟག་སྒེར་བའི་དགོངས་བཞེད་ལྟར་ཞབས་འགྲེལ་བསྐྱོན་པའི་དབའ་བཞེད་ཞབས་བཏགས་མ་སྣ་ཚོགས་ལ་གཞི་བཅོལ་ནས་བྱུང་བ་ཞིག་ཡིན་ནམ་སྙམ།  ཅིའི་ཕྱིར་སྙམ་ན་དུས་རབས་ཉི་ཤུ་བའི་དུས་སུ་བྱུང་བའི་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་རྦ་བཞེད་ཀྱི་སྟོད་ཆ་རྣམས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཆོས་སྲིད་གཉིས་ཀའི་ལོ་རྒྱུས་བཀོད་པ་ཞིག་ཡིན་ཞིང་འདི་ཉིད་མཛད་པ་པོ་ཡང་རྦ་གསལ་སྣང་གཅིག་པུ་མ་ཡིན་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཉིད་དང་ཐུན་མོང་དུ་མཛད་ནས་གཏན་འབེབས་གནང་བ་ཞིག་ཡིན་ཞེས་འཁོད་པ་ལས་དབའ་བཞེད་ཐམས་ཅད་ཀྱི་ཕྱི་མོ་ནི་ཡང་དག་ཅིང་འགལ་འདུ་སྣ་ཚོགས་མེད་པའི་ཚུལ་ཅན་དུ་སོང་ཞིང་དེའི་བཞེད་མཚམས་ལ་རྒྱལ་པོ་རང་གི་བཀའ་ཡང་འདུས་པ་གསལ་བཤད་བྱས་ཡོད།  ཡིན་ནའང་སྦ་བཞེད་རྣམས་ལས་སྦ་གསལ་སྣང་རང་གི་བཞེད་པ་བཞུགས་སོ་བྱ་བའི་མཇུག་བྱང་ལས་སྦ་གསལ་སྣང་གི་བཀའ་གཙིགས་ཀྱི་ཡི་གེ་རྒྱས་པར་བྲིས་པ་ཞེས་འབྱུང་བར་གོ་བ་ཇི་ལྟར་ལེན་པར་ད་དུང་དཔྱད་དགོས་ཏེ།  དབའ་བཞེད་ཀྱི་ཕྱི་མོ་ཁྲི་སྲོང་ལྡེ་བཙན་ཉིད་དང་ཐུན་མོང་ནས་གཏན་འབེབས་གནང་བ་ཞིག་ཡིན་ན་སྦ་གསལ་སྣང་ཁོ་ནའི་བཞེད་པར་མི་འགྲོ་བས་གོང་དུ་དྲངས་བའི་ལུང་ཚིག་ན་སྦ་གསལ་སྣང་གི་བཀའ་གཙིགས་ཞེས་པའང་འགལ་ཅན་དུ་འགྲོ་བའི་ཚིག་ཡིན་པ་སོགས་འདིའི་སྐོར་ལ་དཔྱད་པར་བྱ་བའི་གནས་མང་མོད་ཡིག་ཚོགས་སྐྱུངས་ཕྱིར་བཞག་ལ།  མདོར་བསྡུས་ན་རང་གི་འདོད་པ་དངོས་ནི་གོང་ནས་སྨྲས་ཟིན་པ་ལྟར་དབའ་བཞེད་རྒྱལ་བཞེད་གཉིས་ཀྱི་ཁུངས་སམ་ཕྱི་མོ་ལྟ་བུ་ནི་བསམ་ཡས་རྡོ་རིང་ཡིན་ཞིང་དེའི་སྐབས་སུ་བསྟན་བཅོས་འདི་གཉིས་ལ་དེ་ལྟའི་འགལ་ཚབ་ཆེན་པོ་མི་སྣང་ནའང་རིམ་བཞིན་མདོ་སྔགས་གཉིས་དང་དེ་ལ་ཉམས་ལེན་གནང་མཁན་རྣམས་ཀྱི་ཕྱོགས་རིས་དང་འགལ་ཚབ་བརྒྱུད་ནས་འདི་ལྟར་བྱུང་བ་ཞིག་རེད་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1