གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བྱ་ཡུལ་བ་ལྷག་པ་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༢༤ཉིན།

༄༅།། བོད་མིའི་མནའ་དང་མནའ་ཚིག་སྐོར་ལ་དཔྱད་པ།

 བྱ་ཡུལ་བ་ལྷག་པ་ཕུན་ཚོགས།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་མི་རིགས་དང་མནའ་སྐྱེལ་གོམས་སྲོལ་བར་གྱི་འབྲེལ་བ་དང་། མནའ་ཡི་གོམས་སྲོལ་གྱི་འཕེལ་རིམ། མནའ་ཚིག་གི་གོ་དོན། དེང་དུས་མདོ་དབུས་ཁམས་གསུམ་ལ་གནས་པའི་བོད་མིའི་མནའ་ཚིག་ཕན་ཚུན་གཤིབ་བསྡུར་བཅས་བྱས་ཡོད།
          [བརྡ་ཆད་གཙོ་བོ།] བོད་མི། མནའ། མནའ་ཚིག
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K89 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002 – 946X (2013)04-093-09 
          སྔར་ནས་ད་བར་བོད་མི་ཚོས་བཤད་པའི་སྐད་ཆ་བདེན་དང་མི་བདེན། ཡིད་ཆེས་བྱས་ཆོག་དང་མི་ཆོག ཆ་འཇོག་བྱ་རུང་དང་མི་རུང་། བདེན་པ་ཡིན་དང་རྫུན་མ་ཡིན་མིན་གྱི་ཚད་འཛིན་ས་ནི་མནའ་སྐྱེལ་དམ་བཅའ་ལ་གཞི་འཛིན་གྱི་ཡོད། ཆེ་བའི་ངོས་ནས་བཤད་ན་ཚོགས་པ་དང་ཚོགས་པའི་བར་གཏན་འཁེལ་བའི་དམ་བཅའི་དཔང་པོ་མནའ་ལ་བྱེད་ཀྱི་ཡོད་པ་སྟེ།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》 ལས། “བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེན་སྐྱེལ་ཞིང་” ① ཞེས་སྔར་གྱི་དུས་མཐོ་སྒང་དུ་གནས་པའི་བོད་མི་རིགས་ཀྱིས་ཚོགས་པ་རྣམས་ཕན་ཚུན་བར་འཐབ་རྩོད་མེད་པར་འཆམ་མཐུན་དུ་གནས་པའི་མཐུན་འགྲིག་དམ་བཅའ་འཇོག་སྐབས་དམ་བཅའ་དེ་ལག་ལེན་དོན་ལ་གནས་པའི་ཐབས་གཙོ་བོ་ནི་མནའ་གན་འཇོག་པ་དེ་ཡིན། ཆུང་བའི་ངོས་ནས་བཤད་ན། བཟའ་ཚང་ཕན་ཚུན་བར་དང་། གྲོགས་པོ་གྲོགས་མོ་ཕན་ཚུན་བར། གྲོང་པ་ཁྱིམ་མཚེས་བར་བཤད་པའི་སྐད་ཆ་བདེན་པ་ཡིན་པའི་གཞི་འཛིན་ས་མནའ་སྐྱེལ་བ་ལ་ཆ་འཇོག་བྱེད་པའི་སྐབས་ཀྱང་ཡིད་ཆེས་པའི་ཚད་འཛིན་ས་མནའ་སྐྱེལ་གྱིས་གཏན་འཁེལ་བྱེད་ཀྱི་ཡོད། དཔེར་ན། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་》ལས། “མགོ་ལ་བརྒྱབ་པའི་གཙུག་གཡུས། གསུངས་སྐད་བྱོན་ནི་མི་ཤེས། ཁྱེད་ཀྱི་ཐུགས་ལ་ཡོད་ན། དབུ་མནའ་བཞེས་རོགས་གནང་དང་། ”ཞེས་གསལ་བ་བཞིན། བདེན་མིན་གང་ཡིན་གྱི་ཚད་འཛིན་ས་དབུ་མནའམ་མནའ་སྐྱེལ་དམ་བཅར་བཀར་གྱི་ཡོད། བོད་མིའི་འདུ་ཤེས་སུ་གལ་ཏེ་མནའ་ལས་འགལ་ན་ཉེས་པ་ཤིན་ཏུ་ནས་ཚབས་ཆེ་བར་བརྩི་བ་སྟེ་བོད་མིའི་གནའ་དཔེར་ཡང་། “མིས་མི་ཟ་མནའ། ཁྱིས་མི་ཟ་རྡོ། ”ཞེས་ཟེར་སྲོལ་ཡོད། མདོར་ན། མནའ་སྐྱེལ་བའི་གོམས་སྲོལ་ནི་བོད་མི་རིགས་ཀྱི་འབུར་དུ་ཐོན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན།
          དང་པོ། མནའི་ལོ་རྒྱུས་སྐོར།
          བོད་ཡུལ་འདིར་མནའ་སྐྱེལ་བའི་སྲོལ་ནི། གནའ་སྔ་མོ་ཞིག་ནས་དར་ཡོད་པ་འདྲ་སྟེ། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ལས། “ཁོ་བོ་ཡང་འདི་ལས་མ་རངས་པ་མྱེད་ཀྱིས།  ཁྱོད་སེམས་པ་དང་མྱི་འདྲའ་རེ་ཞེས་མནའ་བོར་རོ། འུང་ནས། མྱང་དབའས་གཉྀས་ཟིང་པོ་རྗེ་ལས་འཁུས་ཏེ། བཙན་པོ་སྤུ་རྒྱལ་ལ་གློ་བ་ཉེ་བར་བྱས་ནས། མནའ་མཐོའ་ཡང་ཆེར་བཅད་དོ། འུང་གྀ་འོག་ཏུ་དབའས་དབྱི་ཚབ་ཀྱིས། ཞང་པོ་མནོན་བཟང་ཏོ་རེ་སྲོན། བློ་ལ་བཏགས་ཏེ། མནའ་མཐོ་བཆད་པ་ལས། བཟང་ཏོ་རེ་ཤི་ནས། བུ་པང་སུམ་འདྲོན་པོ། ཟྀང་པོ་རྗེ་འི་ནང་ཀོར་བྱེད་པ་བློ་ལ་བཏག་སྟེ་མནའ་མཐོ་བཆད་དོ་” ②ཞེས་བསྟན་པ་ལྟར་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《དེབ་ཐེར་དཀར་པོ་》ཡི་ནང་ཡང་“ བང་སོའི་ནང་གི་རེའུ་མིག་དགུའི་དབུས་སུ་བཙན་པོའི་སྐུ་སྤུར་གསེར་གྱིས་བྱུགས་ནས་འཇོག་ཅིང་། དཀོར་ནོར་གྱིས་བཀང་། ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག ཁོང་རང་འཁོར་བཅས་གཤིན་པོའི་རྟགས་བཏབ་སྟེ། རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན། བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ན། ཁོང་རྣམས་ཀྱིས་བཟུང་སྟེ་གཤིན་པོའི་རྟགས་བཏབ་ནས་སླར་བདག་པོ་ལ་མི་སྤྲོད། ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བཏང་བ་དང་མཉམ་དུ། ཁོང་རྣམས་ལུང་བ་ཞིག་ཏུ་བྲོས་ནས་ཡིབ་སྟེ་སྡོད། དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས་མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད་སོགས་བཤད་” ③ཅེས་གསལ་ཞིང་། དེ་བཞིན་སྔ་རབས་བོད་མི་ཚོས་ཚོ་པ་དང་ཚོ་པའི་བར་དང་། ས་ཁོངས་དང་ས་ཁོངས་བར། མི་རིགས་དང་མི་རིགས་བར་ཞི་མཐུན་མཉམ་གནས་ཀྱི་གྲོས་གཞི་གཏན་འཁེལ་བྱེད་སྐབས། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ནས་མནའ་བསྐྱལ་ཏེ་འགྱུར་བ་མེད་པའི་བྱེད་ཐབས་སྤེལ་གྱི་ཡོད་པའི་སྐོར་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ལས། “བཙན་པོ་རྗེ་བློན་རྣམས་ལ་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེན་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་དྷེ་ཞིག་གིས་ཆོག་གཏོང་། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་རང་ཡུལ་མི་སྲུང་ཞིང་། བསམ་ངན་དང་སེམས་མ་དྲངས་པ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅིག་”④ཅེས་པ་གསལ་བ་དང་། དེ་དང་ཕྱོགས་མཚུངས་པར་《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》ལས། “. . . . . . དཀོན་མཆོག་གསུམ་དང་། །འཕགས་པའྀ་རྣམས་དང་གཉི་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་གསོལ་ཏེ། །ཐ་ཚིག་གི་རྣམས་པས་ཀྱང་བཤད། །སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། །གཙིགས་བཅས་སོ། །གཙིགས་འདྀ་བཞིན་དུ་མ་བྱས་སམ། །བཤྀག་ན། །བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་སྡྀག་ཅིང་། ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་གཙྀགས་བཤྀག་པ་ལ་མ་གཏོགས་སོ།། འདྀ་ལྟར་བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས་ཞལ་གྱྀས་བཤགས་མནའ་བོར་ཏེ། །གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས།  ......”⑤ཞེས་གསལ་བ་ལ་གཞིགས་ན། བོད་རྒྱ་དབོན་ཞང་གཉིས་ཕན་ཚུན་དམག་མི་དྲངས་པ་འཆམ་མཐུན་གྱི་མཐུན་འགྲིག་དམ་བཅའ་སྲུང་དགོས་པའི་དོན་ཆེན་གཏན་འཁེལ་བྱེད་སྐབས། “སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། ”“འདྀ་ལྟར་བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས་ཞལ་གྱྀས་བཤགས་མནའ་བོར་ཏེ་" ཞེས་མནའ་སྐྱེལ་གྱིས་ཁས་ལེན་དོན་དུ་འཁྱོལ་བའི་དཔང་པོ་བྱས་འདུག གཞན་ཡང་། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ཁང་གིས་གཙོས་པའི་མཐའ་འདུལ་ཡང་འདུལ་རུ་གནོན་སོགས་ཀྱི་གཙུག་ལག་ཁང་མང་ཙམ་བཞེངས་ཤིང་། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྤེལ་བ་སོགས་བྱས་ནས་བོད་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་སྤེལ་བའི་སྒོ་མོ་ཕྱེ་བའི་མཛད་པ་མང་དུ་སྤེལ་ཡང་། སྲོང་བཙན་སྒམ་པོ་འདས་ནས་མི་རབས་གསུམ་ཙམ་སོང་བའི་རྗེས་སུ་ཁྲི་ལྡེ་སྲོང་བཙན་མེས་ཨག་ཚོམ་གྱི་བློན་ཆེན་མ་ཞང་གྲོམ་པ་སྐྱེས་ཀྱིས་ཁྲི་ལྡེ་སྲོང་བཙན་མེས་ཨག་ཚོམ་འདས་པ་དང་ཁྲི་སྲོང་ལྡེ་བཙན་ནར་མ་སོན་པའི་དུས་དང་བསྟུན་ནས་ནང་བསྟན་བསྣུབས་པའི་ཛ་དྲག་གི་ལས་འགུལ་སྤེལ་ཡོད་པ་ནི། མ་ཞང་གྲོམ་པ་སྐྱེས་ཀྱིས་“སུས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་བྱས་དེའི་རྒྱུ་ནོར་གཞུང་བཞེས་བཏང་ནས་མཐའ་མཚམས་སུ་ཕུད་རྒྱུ་ཡིན། ཕྱིན་བོན་ཆོས་མ་གཏོགས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་བྱེད་མི་ཆོག མི་ཤི་བའི་རྗེས་སུ་མཆོད་འབུལ་བྱེད་མི་ཆོག རྭ་མོ་ཆེ་ལ་ཡོད་པའི་རྒྱ་ལྷ་རྒྱ་ནག་ཏུ་ཕྱིར་སྐྱེལ་དགོས། ཟེར་བ་སོགས་ཁྲིམས་བཅས། ལྷ་ས་མཁར་བྲག་གི་ལྷ་ཁང་དང་། བྲག་དམར་མགྲིན་བཟང་གི་ལྷ་ཁང་གཉིས་བཤིག རྭ་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་མི་སུམ་བརྒྱས་དྲུད་ནས་སྒུལ་མ་ཐུབ་པར་བྱེ་མའི་འོག་ཏུ་སྦས། སླར་ཡང་གཙུག་ལག་ཁང་དང་། རྭ་མོ་ཆེའི་ཇོ་བོ་གཉིས་མངའ་རིས་སྐྱིད་གྲོང་བར་དུ་བསྐྱལ། ལྷ་སར་ཡོད་པའི་ཧྭ་ཤང་ཐམས་ཅད་རྒྱ་ནག་ཏུ་ཕྱིར་སློག་བྱས། རྭ་མོ་ཆེ་དང་གཙུག་ལག་ཁང་གཉིས་སུ་བཟོ་གྲྭ་དང་བཤས་ར་བྱས་ཏེ་སེམས་ཅན་བསད་པའི་རྒྱུ་མ་དང་ནང་ཁྲོལ་རྣམས་ལྷ་སྐུའི་མགོ་བོ་དང་ལག་པའི་སྟེང་དུ་བཀལ། ལྷ་སྐུའི་སྟེང་དུ་པགས་པ་དམར་པོ་བསྐམས། ཆོས་ལ་དད་པའི་བློན་པོ་ལང་མེས་གཟིགས་དང་འབལ་ལྡོང་ཚ་བ་གཉིས་ཁྲིམས་ལ་སྦྱར་ནས་སྲོག་ཐོག་བཏང་”⑥བ་སོགས་ཀྱི་ནང་བསྟན་བསྣུབས་པའི་ཛ་དྲག་གི་བྱ་སྤྱོད་སྤེལ་ཡོད། ལོ་རྒྱུས་རྒྱབ་ལྗོངས་དེ་འདྲའི་འོག་ཕྱིས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ནང་བསྟན་བསྟན་པ་སླར་གསོ་བྱུང་ནས་བོད་ཀྱི་དགོན་སྡེ་དང་པོ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་བྱས་རྗེས་དཔལ་བསམ་ཡས་དགོན་གྱི་དབུ་རྩེའི་ཕོ་བྲང་མདུན་དུ་ཕྱིས་འབྱུང་དམ་པའི་ཆོས་དེ་མི་ནུབ་སྐལ་བརྒྱའི་བར་གནས་ཆེད་དུ་བཙན་པོའི་གདུང་སྲས་དང་བློན་འབངས་རྣམས་མནའ་སྐྱེལ་དུ་བཅུག་ཅིང་། མནའ་ཚིག་རྣམས་སྲ་ཞིང་བརྟན་ལ་འབྱུང་བའི་བར་ཆད་ཀྱིས་འཇིག་མི་ཐུབ་པའི་རྡོ་ལ་ཡི་གེ་རྐོས་ནས་གཙུག་ལག་ཁང་མདུན་དུ་རྡོ་རིང་བཙུགས་པའི་སྔར་མེད་སྲོལ་དང་པོ་ལེགས་པར་ཕྱེ་བར་མཛད། དེ་ཡང་བསམ་ཡས་ཀྱི་རྡོ་རིང་ལ་འཁོད་པའི་ཡི་གེར། “...... ར་ས་དང་། བྲག་དམར་གྱྀ་གཙུག་ལག་ཁང་ལས་སྩོགས་པར། དཀོན་མཆོག: །གསུམ། གྱི་རྟེན་བཙུགས་པ :དང་། སངས:རྒྱས:ཀྱྀཆོས:མཛད:པ:འདྀ། ནམ: དུ:ཡང་མྱྀ: གཏང:མའ་ཞིག པར:བགྱྀ:འོ :། ཡོ:བྱད:སྦྱརད། པའ:ཡང་། དེ་ལས:མྱྀ:དབྲྀ :མྱྀ: བསྐྱུར་བར་བགྱྀའོ:། དཱ :ཕྱིན:ཅད། གདུང:རབས:རེ:རེ: ཞིང:ཡང:བཙན་པོ:ཡབ་སྲས:གྱིས:འདྀ:། བཞིན་ཡྀ: དམ:བཅའོ:། དེ་ལས:གནའ:ཁ :དབུད: པ:དག:ཀྱང:། 1མྱྀ་བགྱྀ:མྱྀ:བསྒྱུར:བར:། འཇྀག རྟེན་ལས:འདའས:པའ:དང་། འཇྀག:རྟེན:གྱི:ལྷ་དང་། མྱྀ་མ:ཡིན:པའ། ཐམས:ཅད་གྱང:དཕང་དུ།: གསོལ:ཏེ། བཙན་པོ:ཡབ:སྲས་དྔ:། རྗེ་བློན་ཀུན་གྱིས་དབུ་སྙུང:དང་བྲོ: ། བོར་རོ:། གཙིགས་ཀྱྀ་ཡི་གེ་ཞྀབ: མོ་གཅྀགནྀ་གུད་ན་མཅྀས་སོ།: ”⑦ཞེས་གསལ་བ་མ་ཟད། བློན་འབངས་རྣམས་མནའ་གན་བཞག་པའི་བཀའ་གཙིགས་ཀྱི་ཡི་གེ་འདི་འདྲ་ཡོད་པ་སྟེ། “ ད་ནས་ཕན་ཆད། བོད་ཡུལ་དཀོནད་ཅོག་གསུམ་གྱི་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར་བཙན་པོ་ཡབ་སྲས་དང་སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་ཡི་དམ་བཅས་པ་དང་། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། ...འདི་ལྟར་ཡི་དམ་བཅས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། རང་སངས་རྒྱས་དང་ཉན་ཐོས་ཐམས་ཅད་དང་། གནམ་སའི་རིམ་པ་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ། གཙིགས་འདི་ལས་མི་འགྱུར་པར་བགྱིས་སོ། དེ་ལ་གཙིགས་ལྟར་མ་བགྱིས་ཏེ། དཀོནད་ཅོག་གསུམ་གྱི་སྐུ་བསླུས་སམ་མནའ་ཁ་དབུད་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག འདི་བཞིན་དུ་མཛད་ཅིང་བགྱིས་ན། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག”⑧ཅེས་གསལ་བ་དང་། ཕྱིས་སུ་ནང་བསྟན་དེ་བཞིན་སྲ་བརྟན་གོང་འཕེལ་ཡོང་ཆེད་“བཙན་པོའི་རྒྱལ་རྒྱུད་རྣམས་ཚང་མ་སྐུ་ཆུང་དུས་ནས་དགེ་སློང་ཞིག་ཡོངས་འཛིན་དུ་བསྐོས་ཏེ་ཐུགས་ནུས་གང་ཡོད་ཀྱིས་ཆོས་བསླབ་དགོས་པ་མནའ་ཁྲིམས་ཀྱི་སྒོ་ནས་གཏན་ལ་ཕབ་པ་ཡིན་ཅིང་” ⑨ཞེས་གསལ་བ་ལྟར། མདོར་ན། བསྟན་པ་སྔ་དར་དུས་དོན་ཆེན་གྱི་ཆོས་སྲིད་གཉིས་ཀྱི་གལ་ཆེའི་བྱ་བ་གཏན་འཁེལ་བྱ་སྐབས་མནའ་གན་འཇོག་པ་ནི་སྲོལ་ཞིག་ཏུ་ཆགས་ཡོད།
          གཉིས་པ། མནའི་ཚིག་གི་གོ་དོན་སྐོར།
          མནའ་ཞེས་པའི་ཚིག་གྲོགས་ལ་སྦྱོར་ཚུལ་མང་དུ་ཡོད་པ་སྟེ། “མནའ་སྐྱེལ་དམ་བཅའ་”དང་། “མནའ་སྐྱེལ་བ། ” “མནའ་གན། ”“མནའ་སྒོག་པ། ”“མནའ་བཅའ་བ། ” “མནའ་ཆས། ” “མནའ་ཆིངས། ”“མནའ་ཐོ་བཅད་པ། ” “མནའ་མཐུན། ”“མནའ་འདོར་བ། ”“མནའ་བོར་” མནའ་སྦྲེལ” “མནའ་མ། ” “མནའ་མི། ” “མནའ་ཚིག” “མནའ་རྫུན་སྐྱེལ་བ། ” “མནའ་བཟའ་བ། ” “མནའ་རི། ” “མནའ་ཤག”སོགས་ཚིག་གྲོགས་མང་དུ་སྦྱོར་ཚུལ་འདུག མིང་ཚིག་མང་དུ་ཡོད་པ་དེ་རྣམས་གོ་དོན་ཆེ་བའི་སྒོ་ནས་དབྱེ་ན་རིགས་གཉིས་ལ་དབྱེ་ཆོག་པར་མངོན་ཏེ། “མནའ་སྐྱེལ་དམ་བཅའ་”ཡི་གནའ་དང་། “མནའ་མ་”ཞེས་བག་མའི་དོན་བཅས་རིགས་གཉིས་ལ་ངེས་པར་མངོན།
          དེ་ཡང་དང་པོ་བག་མ་ལ་“མནའ་མ་” ཞེས་འབོད་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་ལ་བསམ་གཞིགས་བྱེད་སྐབས། རྣམ་ཐར་དང་དེབ་ཐེར་ཕལ་མོ་ཆེའི་ནང་མནའ་མ་ལ་བག་མ་ཟེར་བ་འཁོད་པ་ལས། མནའ་མ་ཟེར་བ་འགོད་སྲོལ་སྤྱིར་མེད་པ་དང་། མནའ་མ་ཟེར་བ་ནི་དུས་རྒྱུན་གྱི་ཁ་སྐད་ཡིན་པ་འདྲ་བ་དཔེར་ན། བག་མ་བླངས་པ་ལ་ཁ་སྐད་ནང་མནའ་མ་བླངས་པ་ཟེར་ཁྱབ་ཆེ་བའི་ཐ་སྙད་འདི་སྤྱོད་ཀྱི་ཡོད། འདིར་མནའ་སྐྱེལ་དམ་བཅའི་མནའ་དང་བུའི་ཆུང་མར་མནའ་མ་ཞེས་པའི་མནའ་གཉིས་ཀྱི་གོ་དོན་ལ་ཕན་ཚུན་གྱི་འབྲེལ་བ་གང་ཡོད་སྐོར་ལ་དཔྱད་པ་བྱེད་དགོས་ངེས་ཤིག་ཡིན་སྙམ། ཁོ་བོས་འདིའི་སྐོར་ལ་དཔྱད་གཞིའི་ཡིག་རིགས་བཙལ་འཚོལ་བགྱིས་ཀྱང་ད་ཕན་འདིའི་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ཁུངས་ལྡན་ཞིག་རྙེད་སོན་མ་བྱུང་བས། བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་རིག་པ་ཞིབ་འཇུག་གནང་མཁན་འགའ་རེར་བཀའ་འདྲི་ཞུ་བར་བསྐྱོད་པ་ཡིན། དེ་ལས་བག་མར་མནའ་མ་ཞེས་ཤོད་དགོས་པའི་རྒྱུ་མཚན་སྐོར་ལ། གནའ་སྔ་མོ་བུ་མོ་རྣམས་བག་མར་འགྲོ་སྐབས་རང་གི་ཁྱོ་བོ་དེ་དང་མི་ཚེ་མཐའ་འཁྱོངས་བྱེད་པ་ལས་ཡང་བསྐྱར་རང་གི་ཕ་མའི་མདུན་དུ་གོ་མི་ལོག་པ་འམ་ཕྱིར་ལོག་མི་བྱེད་པའི་ཁས་ལེན་ནམ་དམ་བཅའ་སོ་སོའི་ཁྱིམ་ནས་མ་ཐོན་པའི་གོང་སོ་སོའི་སྲུ་མོ་སོགས་ཀྱི་མདུན་དུ་ཡུལ་ལྷ་གཞི་བདག་གམ་དཀོན་མཆོག་གསུམ་ཚད་དུ་བཙུགས་ཏེ་མནའ་སྐྱེལ་དགོས་ཀྱི་ཡོད་པས་བག་མར་མནའ་མ་ཞེས་མིང་ཐོགས་པ་རེད་ཟེར་བ་དང་། ཡང་བོད་མིའི་གཏམ་དཔེར། “བུ་མོའི་འདུན་མ་ལན་གཅིག་ཡིན་”ཟེར་བའི་གོ་དོན་ནི་མནའ་མར་འགྲོ་དུས་མནའ་བསྐྱལ་ཟིན་པས་སླར་གོ་ལོག་མི་ཆོག་པའི་དོན་ལྡན་ཡོད།
          ཡང་མནའ་སྐྱེལ་དམ་བཅའི་མནའ་ཚིག་གི་མནའ་ལ་མནའ་དང་སྣ་གཉིས་འབྲི་ཚུལ་ 《བཀའ་ཆེམས་ཀ་ཁོལ་མ་》ལས། “གཡོག་མོ་དེ་བྲོས་སོང་བའི་ཕྱིར་རྒྱལ་པོས་སྤྱན་ཟུར་གྱིས་གཟིགས་པས། སྟེའུའི་ཁ་ཐལ་བས། སེང་གེ་གཅིག་གི་སྣ་བཅད་པས། སྤྲུལ་པའི་བཟོ་བོ་རྣམས་ཀྱིས་ཀྱང་སྟེའུའི་ཁ་ཐལ་སྟེ་སེང་གེ་ཐམས་ཅད་ཀྱི་སྣ་བཅད་དོ། དེའི་ཉེས་སྐྱོན་གྱིས་བོད་ཡུལ་ཁ་བ་ཅན་དུ་བསྐལ་བའི་དུས་མཐའ་ལ། སྐྱེ་བོ་འཇིག་རྟེན་པ་རྣམས་ཀྱིས་མནའ་བཟོས་པས་རབས་ཆད་པ་མང་པོ་ཡོང་། དེ་ཡང་ཕ་དང་མེས་པོ་ཡང་མེས་གསུམ་གྱིས་མནའ་ཟོས་པས། བུ་དང་ཚ་བོ་ཡང་ཚ་གསུམ་ཚུན་ཆད་དུ་རབས་ཆད་པ་ཡོང་”⑩ཞེས་པ་ལྟར་དང་། མནའ་ཡི་གོ་དོན་སྐོར་ལ་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས། “རྟེན་གསུམ་སོགས་དཔང་དུ་བཙུགས་ནས་དམ་བཅས་པ་” (11)ཞེས་གསལ་བ་དང་། 《མནའ་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་གོ་དོན་གླེང་བ་》 ཞེས་པའི་རྩོམ་ཡིག་ལས། “མནའ་ཞེས་པ་ནི་ཆོས་སྲིད་གང་རུང་གི་ཆེད་དུ་མི་སྒེར་དང་ཐུན་མོང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་སོགས། དམིགས་ཡུལ་གང་རུང་ལ་དམིགས་ནས་དོན་དེ་ཉིད་ལས་མི་འདའ་བར་ཉི་ཟླ་སྐར་གསུམ་དང་། རྟེན་གསུམ། ཡུལ་ལྷ་གཞི་བདག ཕ་མ་བུ་ཕྲུག་སོགས་མདོར་ན། རང་གི་དད་པའི་ཡུལ་དང་། འཇིགས་སུ་རུང་བའི་ཡུལ་དེ་དག་མནའ་དངོས་སུ་བཞག་ནས་དེས་དཔང་པོ་བྱས་ནས་བརྗོད་པའི་དོན་དེ་ལས་མི་འགལ་བར་དམ་བཅས་པ་འདིར་གོ་བ་ཡིན་” (12)ཞེས་གསལ། དགེ་བཤེས་ཆོས་གྲགས་ཀྱིས་མཛད་པའི་《བརྡ་དག་མིང་ཚིག་གསལ་བ་》ལས། “མནའ་ནི་དམ་བཅའ་པའམ་དམོད་བཙུགས་པའི་དོན་དུ་འཇུག”(13)ཅེས་གསལ་ལོ།མནའ་སྐྱེལ་དམ་བཅའི་མིང་གི་རྣམ་གྲངས་ཀྱི་འབྲི་སྲོལ་ལ། “མནའ་སྐྱེལ་བ་”དང་། “བྲོ་བོར་བ་”དང་། “དབུ་བསྙུང་ངོ་”སོགས་རིགས་མི་འདྲ་བ་ཁ་ཤས་གསལ་འདུག་པ་སྟེ། རྡོ་རིང་གི་ཡི་གེ་དང་། ཆོས་འབྱུང་། ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་ནང་བཙན་པོས་དབུ་སྙུང་། བློན་པོ་དང་ཇོ་མོས་བྲོ་བོར། འབངས་རྣམས་ཀྱིས་མནའ་བོར་སོགས་ཞེ་སའི་ཁྱད་པར་ཡོད་པར་མངོན་པ་དཔེར་ན། ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པར་ “ངའི་ཞ་སྔ་ནས་ཀྱང་དབུ་སྙུང་གནང་། ཇོ་མོ་མཆེད་དང་། རྒྱལ་ཕྲན་དང་། ཆབ་སྲྀད་ཀྱྀ་བློན་པོ་རྣམས་དང་། ཞང་བློན་ཕྲ་མོ་ཐམས་ཅད་ཀྱང་བརྣན་ཏེ། མནས་བསྒགས་ནས་” (14) ཞེས་གསལ་བ་ལྟ་བུའོ།
          གསུམ་པ། བོད་མིའི་དམངས་ཁྲོད་དུ་དར་ཆེ་བའི་མནའ་ཚིག་སྐོར།
          དེང་དུས་བོད་མི་ཚོའི་མནའ་སྐྱེལ་བའི་མནའ་ཚིག་གི་སྐོར་ལ་དུས་ཀྱི་འཕོ་འགྱུར་དང་། ཆོས་སྲིད་རིག་གནས་བཅས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཤུགས་རྐྱེན་དབང་གིས། རྩ་བའི་ཁྱད་ཆོས་འདི་རྣམས་ལྡན་པ་སྟེ། ནང་བསྟན་སྟོན་པ་དང་འབྲེལ་བའི་མནའ་ཚིག་དང་། རྒྱལ་བའི་བཀའ་བསྟན་དང་འབྲེལ་བའི་མནའ་ཚིག དཀོན་མཆོག་གསུམ་དང་འབྲེལ་བའི་མནའ་ཚིག ཡུལ་ཕྱོགས་སོ་སོའི་ཆོས་སྐྱོང་སྲུང་མ་དང་འབྲེལ་བའི་མནའ་ཚིག གནས་གཞི་ཁྱད་པར་དང་འབྲེལ་བའི་མནའ་ཚིག རང་བྱུང་ཁམས་དང་འབྲེལ་བའི་མནའ་ཚིག ཡུལ་ཕྱོགས་སོ་སོའི་བླ་སྤྲུལ་དང་འབྲེལ་བའི་མནའ་ཚིག  སོ་སོའི་ཕ་མ་ཚད་བཙུགས་པའི་མནའ་ཚིག  སོ་སོའི་བུ་ཕྲུག་ཚད་བཙུགས་པའི་མནའ་ཚིག བླ་སྲོག་དང་འབྲེལ་བའི་མནའ་ཚིག ལྟོ་ཕོར་དང་འབྲེལ་བའི་མནའ་ཚིག དགེ་བའི་ལས་དང་འབྲེལ་བའི་མནའ་ཚིག དམིགས་བསལ་ཅན་གྱི་ལོ་ཟླའི་ནང་གསར་དུ་བྱུང་བའི་མནའ་ཚིག་བཅས་རིགས་བཅུ་གསུམ་ཙམ་ཡོད་པར་མངོན། དེ་དག་རེ་རེ་ནས་དཔེ་མཚོན་ཙམ་ངོ་སྤྲོད་བྱས་ན་གཤམ་གསལ་འདི་རྣམས་ཏེ།
          གཅིག   ནང་བསྟན་སྟོན་པ་དང་འབྲེལ་བའི་མནའ་ཚིག
          ནང་བསྟན་སྟོན་པ་དང་འབྲེལ་བའི་མནའ་ཚིག་སྐོར་དབུས་གཙང་ཁུལ་དུ་ཁྱབ་ཆེ་བ་ནི་“ཇོ་བོ།” “ཇོ་བོ་རིན་པོ་ཆེ།” “ཇོ་བོ་ཡེ་ཤེས་ནོར་བུ།” “ ཇོ་བོ་ཚད་བཙུགས།” ཟེར་བ་དང་། ཆབ་མདོ་ཁུལ་ལ་“ཇོ་ཤཱཀ”“ཇོ་ཤཱཀ་རྣམ་གསུམ། ” ཟེར་བ། ཀོང་པོ་རྒྱ་མདའི་ཁུལ་ལ་“ཇོ་བོ་སྐུ་མདུན་ཚད་བཙུགས་”ཟེར་བ་སོགས་ཡོད། གོང་དུ་གསལ་བའི་མནའ་ཚིག་དེ་རྣམས་ནི་ནང་བསྟན་སྟོན་པ་དང་འབྲེལ་བའི་མནའ་ཚིག་སྟེ། “ཇོ་བོ།”ནི་བདག་ཅན་གི་སྟོན་པ་ཇོ་བོ་ཤཱཀྱ་མུ་ནེ་ལ་ཟེར་བ་དང་། ཆབ་མདོ་ཁུལ་ལ་ཁྱབ་ཆེ་བའི་“ཇོ་ཤཱཀ་རྣམ་གསུམ།” ཟེར་བ་ནི་རྒྱ་བཟའ་ཝུན་ཤིང་ཀོང་ཇོས་བསྣམས་ཕེབས་པའི་ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་དང་། བལ་བཟའ་ཁྲི་བཙུན་གྱིས་བསྣམས་ཕེབས་པའི་རྒྱ་སྟག་ར་མོ་ཆེར་བཞུགས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ། སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏིས་གདན་དྲངས་པའི་རྩེ་ཕོ་བྲང་ལ་བཞུགས་པའི་ཇོ་བོ་འཕགས་པ་འཇིག་རྟེན་དབང་ཕྱུག་བཅས་གསུམ་ལ་ཟེར། ཇོ་ཤཱཀ་རྣམ་གསུམ་ནི་དུས་རབས་བདུན་པར་ནང་བསྟན་བོད་དུ་དབུ་བརྙེས་པའི་དུས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱ་བཟའ་ཝུན་ཤིང་ཀོང་ཇོ། བལ་བཟའ་ཁྲི་བཙུན་བཅས་ཆོས་རྒྱལ་ཡབ་ཡུམ་རྣམ་གསུམ་གྱིས་གདན་དྲངས་པའི་ནང་བསྟན་སྟོན་པ་ཇོ་བོ་ཤཱཀྱ་མུ་ནེ་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བ་གསུམ་གྱི་སྐུའོ་དེ་དག་གོ །
          གཉིས། རྒྱལ་བའི་བཀའ་བསྟན་དང་འབྲེལ་བའི་མནའ་ཚིག
          དབུས་གཙང་ཁུལ་དང་མི་འདྲ་བའི་མདོ་སྨད་མཚོ་སྔོན་ཁུལ་ལ་སངས་རྒྱས་ཀྱི་གསུང་ཆོས་མནའ་ཚིག་ལ་འཇོག་པའི་གོམས་སྲོལ་འདི་འདྲ་ཡོད་པ་སྟེ། “ཡུམ་དུམ་པ། ” “ཡུམ་དུམ་པ་བཅུ་གཉིས། ” “་བཀའ་འགྱུར།” “ བསྟན་འགྱུར།” “་བདེན་པ་” “ ས་ཁ་ཆོས་” སོགས་ཟེར་སྲོལ་ཡོད་ཅིང་། དེ་ཡང་མནའ་ཚིག་དེ་རྣམས་ཀྱི་གོ་དོན་གང་ལགས་ཤེ་ན། “ བཀའ་འགྱུར་” ནི་སངས་རྒྱས་ཀྱིས་གསུངས་པའི་བཀའ་འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང་། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་ཀྱི་རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་གླེགས་བམ་བརྒྱ་དང་བཞིའམ་བརྒྱད་ཡོད་པ་དེར་ཟེར། བསྟན་འགྱུར་ནི། རིག་གནས་སྐོར་དང་བཀའ་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་བོད་ཡིག་ཏུ་བསྒྱུར་བ་གླེགས་བམ་ཉིས་བརྒྱ་དང་བཅོ་བརྒྱད་ཙམ་བཞུགས་པ་དེར་ཟེར། “ཡུམ་དུམ་པ་” དང་“ཡུམ་དུམ་པ་བཅུ་གཉིས་” ཞེས་པའི་གོ་དོན་སྐོར་《 བོད་རྒྱ་ཚིག་མཛོད་ཆེན་མོ》ལས། “ཡུམ་དུམ་པ་བཅུ་དྲུག”ཅེས་གསལ་བ་དང་། ད་དུང་ཞིབ་ཕྲ་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་ཟེར་གྱི་ཡོད་པ་དང་། དེ་ནི་ཨ་མདོ་དང་འབར་ཁམས་སོགས་ཀྱི་མནའ་ཚིག་ཅིག་ཡིན་ཞེས་གསལ་བཤད་བྱས་འདུག འོན་ཀྱང་བོད་ལྗོངས་སློབ་གྲྭ་ཆེན་མོར་ཕྱག་ལས་གནང་བཞིན་པའི་ཨ་མདོ་བ་རྣམས་ལ་དངོས་སུ་བཅར་འདྲི་བྱེད་དུས་ཁོ་པ་ཚོས་གསུངས་པར། “ཡུམ་དུམ་པ་བཅུ་གཉིས་” ཟེར་བ་ལས་ཚིག་མཛོད་དུ་གསལ་བའི་“ཡུམ་དུམ་པ་བཅུ་དྲུག་” ཟེར་བའི་སྲོལ་མི་འདུག་གོ རྔ་པ་ཁུལ་གྱི་ཨ་མདོ་བ་ཚོས་མནའ་སྐྱེལ་དམ་བཅའི་མནའ་ཚིག་ལ་“གསེར་ཡུམ་”ཡང་ཟེར་གྱི་འདུག “ གསེར་ཡུམ་” གྱི་གོ་དོན་ནི་གསེར་གྱིས་བྲིས་པའི་“ཡུམ་དུམ་པ་བཅུ་གཉིས་” ཟེར་བའི་གོ་དོན་རེད་འདུག “བདེན་པ་” ཟེར་བའི་མནའ་ཚིག་གི་གོ་དོན་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་འཁོར་ཐོག་མར་སྐོར་སྐབས་གསུངས་པའི་འཁོར་བའི་རྒྱུ་འབྲས་དང་། མྱང་འདས་ཀྱི་རྒྱུ་འབྲས་མ་ལུས་པ་བསྡུས་ནས་བླང་དོར་བྱ་བའི་གཞི་འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་བཅས་བཞི་ལ་ཟེར། ཡང་ཨ་མདོ་བ་ཁ་ཅིག་གིས་གསུངས་པར་“བདེན་པ་”ཞེས་པའི་མནའ་ཚིག་གི་གོ་དོན་ནི། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ལ་ཟེར་གྱི་ཡོད་ཅེས་ཀྱང་ཟེར། “ས་ཁ་ཆོས་”ཞེས་པའི་མནའ་ཚིག་གི་གོ་དོན་ནི། ས་སྟེང་གི་ཆོས་ཡོད་དོ་ཅོག་ཟེར་བའི་དོན་ཡིན་པར་གྲགས།
          གསུམ། དཀོན་མཆོག་གསུམ་སྤྱི་ཙམ་བརྗོད་པ་དང་འབྲེལ་བའི་མནའ་ཚིག
          “དཀོན་མཆོག ”དང་“དཀོན་མཆོག་གསུམ། ” “དཀོན་མཆོག་ཚད་བཙུགས་”ཟེར་བའི་མནའ་ཚིག་འདི་རྣམས་ནི་ལྷ་སས་གཙོས་པའི་བོད་ཀྱི་དབུས་གཙང་ཁུལ་ལ་ཁྱབ་ཆེ་བ་ཞིག་ཡིན། “དཀོན་མཆོག་གསུམ་”ནི་ནང་པ་སངས་རྒྱས་པ་དང་ཕྱི་པ་མུ་སྟེགས་པ་ཤན་འབྱེད་བྱེད་ཀྱི་ཚད་ཡིན་པ་སྟེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླངས་ན་ནང་པ་སངས་རྒྱས་པའི་བསྟན་པར་ཚུད་ཅིང་། དཀོན་མཆོག་གསུམ་ཁས་མ་བླངས་ན་ནང་པར་ཚུད་མེད་དོ། “དཀོན་མཆོག་གསུམ་”ནི་སངས་རྒྱས་ཆོས་ལུགས་ལ་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་སྟེ། ཆོས་གསུངས་པ་པོ་སངས་རྒྱས་དང་། དེས་གསུངས་པའི་ཆོས། ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་བཅས་གསུམ་ནི་ཧ་ཅང་དཀོན་པ་རིན་པོ་ཆེ་ལས་ལྷག་པ་དང་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་ཡིན་པས་དཀོན་མཆོག་ཟེར། འདི་གསུམ་ནི་ནང་པ་སངས་རྒྱས་པས་སྐྱབས་སུ་འགྲོ་བའི་ཡུལ་རྣམ་པ་གསུམ་ཡང་ཡིན་ནོ།
          བཞི།  ཡུལ་ཕྱོགས་སོ་སོའི་ཆོས་སྐྱོང་སྲུང་མ་དང་འབྲེལ་བའི་མནའ་ཚིག
          དབུས་ཀྱི་ལྷ་ས་སོགས་ལ་ཁྱབ་ཆེ་བ་“དཔལ་ལྡན་ལྷ་མོ” ཟེར་བ་དང་། ཆབ་མདོ་ས་གནས་སྨར་ཁམས་རྫོང་ཁུལ་ལ་“ཆབ་མདོ་ཆོས་སྐྱོང་”ཟེར་བ། མངའ་རིས་སྒར་རྫོང་ཁུལ་ལ་“ ཇག་པ་མེ་ལེན་” ཟེར་བ། ད་དུང་ཞིབ་ཕྲའི་ཡུལ་གཅིག་གི་ཡུལ་ཚོ་སོ་སོར་ཡང་མནའ་ཚིག་གི་ཁྱད་པར་ལྡན་པ་སྟེ། དཔེར་ན་ལྷ་ས་གྲོང་ཁྱེར་ཁུལ་གྱི་བྱང་ཕྱོགས་ཉང་རལ་(《དུང་དཀར་ཚིག་མཛོད་ཆེན་མོ་》ལ་“ཉང་བྲན་”ཞེས་བྲིས་འདུག) བརྒྱུད་ལ་“ཉང་རལ་(ཉང་བྲན་)རྒྱལ་པོ་”དང་“རྟ་མགྲིན་”ཟེར་ཞིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཤང་གནས་ཆུང་ཁུལ་ལ་“དགེ་བསྙེན་”དང་། མལ་གྲོ་གུང་དཀར་རྫོང་བྱ་ཡུལ་མང་ར་ཁུལ་ལ་“བྱ་ཡུལ་དཔལ་ལྡན་ལྷ་མོ་”ཟེར་བ། མལ་གྲོ་གུང་དཀར་རྫོང་འབྲི་གུང་བརྒྱུད་ལ་“ཨ་ཕྱི་”འམ་“ཨ་ཕྱི་ཆོས་ཀྱི་སྒྲོན་མ་” ཟེར།
          གོང་དུ་གསལ་བའི་མནའ་ཚིག་དེ་རྣམས་ཡུལ་ཕྱོགས་སོ་སོའི་ཆོས་ལུགས་གྲུབ་མཐའི་ཆོས་སྐྱོང་སྲུང་མ་དང་འབྲེལ་བའི་མནའ་ཚིག་ཡིན་པ་སྟེ། “ཇག་པ་མེ་ལེན།”  ཟེར་བ་ནི་མངའ་རིས་སྒར་རྫོང་ཁུལ་ལ་ཁྱབ་ཆེ། “ཇག་པ་མེ་ལེན” ནི་ཡུལ་དེར་ངོས་འཛིན་པའི་བཀའ་གདམས་དགོན་གྱི་སྲུང་མ་ཡིན་ཟེར་བ་དང་། “ཉང་རལ་(ཉང་བྲན་)རྒྱལ་པོ་” ནི་ལྷ་ས་གྲོང་ཁྱེར་ཁུལ་གྱི་བྱང་ཕྱོགས་“ཉང་རལ་(ཉང་བྲན་)” བརྒྱུད་གྱི་ཡུལ་ལྷ་གཞི་བདག་ཡིན་ཞིང་། “དགེ་བསྙེན་”ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གནས་ཆུང་ཁུལ་ལམ་སྟག་ལུང་དགོན་སྡེའི་སྲུང་མ་དང་། “བྱ་ཡུལ་དཔལ་ལྡན་ལྷ་མོ་” ནི་མལ་གྲོ་གུང་དཀར་རྫོང་མང་ར་ཁུལ་ལ་གནས་ཡོད་པའི་བྱ་ཡུལ་མང་ར་དགོན་གྱི་སྲུང་མ་དང་། “ཨ་ཕྱི་ཆོས་ཀྱི་སྒྲོན་མ། ” ནི་འབྲི་གུང་བཀའ་བརྒྱུད་ཀྱི་སྲུང་མ་ཡིན་ནོ།
          ལྔ།  གནས་གཞི་ཁྱད་པར་དང་འབྲེལ་བའི་མནའ་ཚིག
          ཆབ་མདོ་བ་ཚོས་“ཆབ་མདོ་དགོན་” “ཉི་མ་ལྷ་ས་”སོགས་ཀྱི་མནའ་ཚིག་བརྗོད་ཅིང་། གཞིས་རྩེ་ས་གནས་རྒྱལ་རྩེ་ཁུལ་གྱིས་“ཇོའོ་ཁང་ཚད་བཙུགས་” ཟེར་བ་དང་། མངའ་རིས་སྒར་རྫོང་དང་རྩ་མདའི་བརྒྱུད་ལ་“མེའི་བེའུ”ཟེར། “མེའི་བེའུ”ནི་ཡུལ་དེའི་རྩ་ཆེན་གནས་རི་ཞིག་ཡིན་པ་དང་། དབུས་ལྷ་ས་ཁུལ་ལ་ཁ་ཅིག་གིས་“པོ་ཏ་ལ་” “རྩེ་ཕོ་བྲང་དམར་པོ་ཚད་བཙུགས་” ཟེར་མཁན་ཡོད་ལ། སྔར་གྱི་སེ་ར་དང་འབྲས་སྤུངས་དགོན་སྡེའི་གྲྭ་པ་ཁ་ཤས་ཀྱིས་མནའ་ཆེན་པོ་སྐྱེལ་སྐབས་“སེ་འབྲས་དགེ་གསུམ་”ཞེས་ཟེར་སྲོལ་ཡང་འདུག
          དྲུག རང་བྱུང་ཁམས་དང་འབྲེལ་བའི་མནའ་ཚིག
          ཆབ་མདོའི་སྨར་ཁམས་རྫོང་ཁུལ་ལ་མནའ་སྐྱེལ་བའི་ཚིག “འཛམ་བུ་གླིང་།” “ཉི་མ་” “ཁྲི་གདུགས་ཉི་མ་”ཟེར་བ་དང་། འདམ་གཞུང་ཁུལ་གྱི་འབྲོག་པ་ཚོས་“ནམ་མཁའ་སྔོན་མོ་”ཞེས་པའི་མནའ་ཚིག་སྒྲོགས། ཨ་མདོ་མཚོ་སྔོན་ཁུལ་གྱི་ས་ཆ་ཁག་གཅིག་ལ་མནའ་ཚིག་“དེའི་ཉི་མ་” “དེ་རིང་ཉི་མ་” “ཉི་མ་སེར་པོ”ཟེར་བའི་སྲོལ་ཡོད་པ་དང་། རིན་སྤུངས་རྫོང་བར་ཐང་ཤང་ཁུལ་ལ་“ཞུགས་ཉི་ (ཉི་མའི་ཞེ་ཚིག) བྲལ་” ཟེར་བ་ལྟ་བུའི་མནའ་ཚིག་སྒྲོགས་སྲོལ་འདུག མནའ་ཚིག་འདི་དག་ལས་ཉི་མ་དང་། ནམ་མཁའ་སྔོན་མོ་སོགས་མནའ་ཚིག་སྒྲོགས་པའི་གོམས་སྲོལ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་བོན་ཆོས་དང་འབྲེལ་བའི་གོམས་སྲོལ་ཞིག་ཡིན་ཞིང་། དེ་ཡང་གདོད་མའི་བོན་ཆོས་ཀྱི་འཇིག་རྟེན་ལྟ་ཚུལ་ལྟར་ན། ཉི་མ་དང་། ཟླ་བ་སོགས་ཚུད་པའི་སྟེང་གི་ནམ་མཁའ་ནི་དད་པ་བྱེད་པའི་ཡུལ་ཁྱད་དུ་འཕགས་པ་ཞིག་ལ་བརྩི་གྱི་ཡོད་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་བོད་ཀྱི་བཙན་པོ་དང་པོ་གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་མི་ཡུལ་དུ་རྗེ་བོར་གཤེགས་པའི་སྐོར་དང་། བོད་ཀྱི་བཙན་པོ་གནམ་གྱི་ཁྲི་བདུན་རྣམས་གནམ་ནས་ཕེབས་པ་དང་གནམ་དུ་གཤེགས་པར་བཤད་པ། ལྷག་པར་བོད་ཡུལ་དུ་སངས་རྒྱས་བསྟན་པ་དབུ་བརྙེས་པའི་དཔང་རྟགས་གཉན་པོ་གསང་བ་ཡང་“བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་གྱི་བར་རྒྱལ་རབས་ཉི་ཤུ་རྩ་དྲུག་གི་རིང་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མ་བྱུང་ལ། དེ་ནས་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་རྒྱལ་པོའི་ཕོ་བྲང་གི་སྟེང་དུ། སྤང་ཀོང་ཕྱག་བརྒྱའི་གླེགས་བམ་སོགས་ནམ་མཁའ་ལས་བབས་པ་ཚིག་དོན་མ་ཤེས་ཀྱང་མཚན་གཉན་པོ་གསང་བར་བཏགས་ནས་མཆོད་དེ་དམ་པའི་ཆོས་ཀྱི་དབུ་བརྙེས་སོ་” (15)ཞེས་གསལ་བ་དང་། 《དེབ་ཐེར་སྔོན་པོ་》 ཡི་ནང་“བོན་པོ་གནམ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི་དོན་ལ་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སིས་ཆོས་དེ་རྣམས་ཁྱེར་འོངས་པ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག”(16)ཟེར་བ་སོགས་གསལ་བ་ལས་ནམ་མཁའ་དང་བོད་ཀྱི་གདོད་མའི་ཆོས་ལུགས་འདུ་ཤེས་བར་གྱི་འབྲེལ་བ་གང་ཡིན་གསལ་པོར་རྟོགས་ནུས་སོ།
          བདུན། ཡུལ་ཕྱོགས་སོ་སོའི་བླ་སྤྲུལ་ཁག་དང་འབྲེལ་བའི་མནའ་ཚིག
          བོད་སྤྱི་ཡོངས་ལ་ཁྱབ་ཆེ་བ་ “ཡེ་ཤེས་” “ཡེ་ཤེས་ནོར་བུ་” ལྟ་བུའི་མནའ་ཚིག་དང་། ད་དུང་ལྷ་ས་ཁུལ་གྱི་སྐྱེས་བུ་ཁག་གཅིག་གིས་དགེ་ལུགས་གྲུབ་མཐའི་སྲོལ་འབྱེད་བླ་མ་  “རྗེ་རིན་པོ་ཆེ་”ཟེར་བའི་མནའ་ཚིག་སྒྲོགས་པ། ཀོང་པོ་རྒྱ་མདའི་ཁུལ་ལ་ “དཔལ་ལྡན་བླ་མ་”ཟེར་བ། ཀརྨ་བཀའ་བརྒྱུད་ཀྱི་ཤུགས་རྐྱེན་ཆེ་བའི་དབུས་ཀྱི་ས་ཆ་ཁག་ལ་ “རྒྱལ་བ་ཀརྨ་བ་”ལྟ་བུའི་མནའ་ཚིག་སྒྲོགས་པ། གཞིས་རྩེ་ཁུལ་ལ་བོད་ཀྱི་དབུས་ཁུལ་དང་མ་འདྲ་བའི་མནའ་ཚིག་“པཎ་ཆེན་ཚད་བཙུགས་” “པཎ་ཆེན་བྲལ་” ཟེར་བ་སོགས་མནའ་ཚིག་སྒྲོགས་ཀྱི་ཡོད། འདམ་གཞུང་ཁུལ་དུ་ཡུལ་མི་ཚོས་བླ་སྤྲུལ་མནའ་ཚིག་ཏུ་སྒྲོགས་ཀྱི་ཡོད་པ་དཔེར་ན་ “གངས་ཤར་རིན་པོ་ཆེ་”དང་།  “རྩེ་སྤྲུལ་རིན་པོ་ཆེ་”། “མ་སྤྲུལ་རིན་པོ་ཆེ་”ལྟ་བུའོ།
          བརྒྱད། སོ་སོའི་ཕ་མ་ཚད་བཙུགས་པའི་མནའ་ཚིག
          ཕ་མ་དང་འབྲེལ་བའི་མནའ་ཚིག་གང་དང་གང་ཡོད་དམ་ཟེར་ན། དབུས་གཙང་ཁུལ་དུ་ཁ་སྐད་དུ་“ཨ་མ་ཚད་བཙུགས། ” “ཨ་མ་སྒྲོན་” “ཨ་མ་བྲལ་”ཟེར་བ་དང་། འབྲོག་པའི་ཁུལ་ཁ་ཅིག་གིས་“ཕ་རོ” “མ་རོ” “ཨ་ཕའི་རོ” “ཨ་མའི་རོ” “ཨ་ཕའི་ཤ”ཟེར་སྲོལ་ཡོད། ལྷོ་ཁ་ཁུལ་དུ་ཁ་སྐད་དུ་“ཨ་མ་སྒྲོན་” “ཨ་མ་བྲལ་“”ཟེར་བ་སྟེ། དོན་དངོས་ཡི་གེར་བཀོད་ན“ཨ་མ་དང་བྲལ་” ཟེར་བ་ཡིན། “ཨ་མ་དང་བྲལ་” ཟེར་བའི་གོ་དོན་ནི། “ཨ་མ་ཚད་བཙུགས་”པ་སྟེ། གལ་ཏེ་ངས་བཤད་པ་དེ་མ་བདེན་ན་ངའི་ཨ་མ་ང་དང་ཁ་བྲལ་ཟེར་བའི་དོན་ཡིན། ད་དུང་འབྲོག་པའི་ཁུལ་ཁག་གཅིག་ལ་“ཕ་རོ་འདས་བརྒྱ། བུ་རོ་འདས་བརྒྱ་ཚད་བཙུགས་”ཟེར་སྲོལ་འདུག དེ་ལྟར་ཤིན་ཏུ་མ་མཛེས་པའི་མནའ་ཚིག་དེའི་འབྱུང་ཁུངས་སྐོར་ལ་བཙལ་འཚོལ་བྱེད་སྐབས་འདི་ནི་སྔར་གྱི་བོན་ཆོས་ཀྱི་ ཤུགས་རྐྱེན་ཐེབས་པའི་མནའ་སྲོལ་ལ་“ཕ་རོ་འདས་བརྒྱ། བུ་རོ་འདས་བརྒྱ་ཚད་བཙུགས་”ཟེར་བ་དང་། ཡུལ་ལྷ་གཞི་བདག་སོགས་གསོལ་བའི་བསངས་ཁ་བསངས་གསོལ་བྱེད་སྐབས་བསངས་གསོལ་ཚིག  “ཕ་རོ་འདས་བརྒྱ་མཁྱེན། བུ་རོ་འདས་བརྒྱ་མཁྱེན་” ཟེར་སྲོལ་འདུག་པ་ནི་ཧ་ལམ་མེས་པོའི་རྣམ་ཤེས་ལ་དད་པ་བྱེད་པའི་ནང་དོན་དང་འབྲེལ་བ་མེད་དམ་སྙམ་པ་མུ་མཐུད་དཔྱད་པར་འོས།
          དགུ། སོ་སོའི་བུ་ཕྲུག་ཚད་བཙུགས་པའི་མནའ་ཚིག
          བོད་མི་རིགས་འདིར་གཞན་དང་མ་འདྲ་བའི་མནའ་ཚིག་ཕ་མ་ཚད་བཙུགས་པའི་མནའ་ཚིག་ཡོད་པ་མ་ཟད། ད་དུང་སོ་སོའི་བུ་ཕྲུག་ཀྱང་ཚད་བཙུགས་ནས་མནའ་སྐྱེལ་མཁན་ནི་སྤྱིར་བཏང་དབུས་ཁུལ་ལྷ་ས་སོགས་ལ་མཐོང་དཀོན་ཀྱང་གཞིས་རྩེ་རིན་སྤུངས་རྫོང་ཁུལ་ལ་སོ་སོའི་བུ་ཕྲུག་ཚད་བཙུགས་པའི་མནའ་ཚིག་ཡོད་པ་སྟེ། དཔེར་ན། “ཕྲུ་གུ་ཚད་བཙུགས།” “ཕྲུ་གུ་བྲལ་”ཞེས་གསལ་པོར་མ་འབོད་པར་སྤྱིར་ཙམ་བརྗོད་པ་དང་། ཡང་ཁ་ཅིག་གིས་“བཀྲ་ཤིས་ཚད་བཙུགས་” “བཀྲ་ཤིས་བྲལ་” ལྟ་བུ་མིང་འབོད་ཀྱི་མནའ་ཚིག་བརྗོད་སྲོལ་འདུག  གོ་དོན་གོང་དང་འདྲ་བ་སྟེ། གལ་ཏེ་བཤད་པ་དེ་མ་བདེན་ན་ང་དང་ངའི་ཤ་ནས་བཅད་པའི་སྙིང་གི་ནོར་བུ་ཕྲུ་གུ་དང་བྲལ་གྱུར་ཅིག་ཅེས་པའི་མཚོན་དོན་ཡིན།
          བཅུ། བླ་སྲོག་དང་འབྲེལ་བའི་མནའ་ཚིག
          “སྲོག་བྲལ་” ཟེར་བ་ནི་སོ་སོའི་སྲོག་འབེན་ལ་བཙུགས་པའམ་སོ་སོའི་སྲོག་རྒྱན་དུ་འཇོག་པའི་མནའ་ཚིག་ཡིན། དེ་ཡང་གཞིས་རྩེའི་ཁུལ་ལ་“སྲོག་བྲལ་”ཟེར་བའི་མནའ་ཚིག་འདི་ཅུང་ཁྱབ་ཆེ་བ་ཡིན་པ་འདྲ། གོ་དོན་ནི་སྲོག་དང་བྲལ་བ་སྟེ། འཆི་བ་དང་དོན་གཅིག་ཡིན། འདི་དང་དབུས་ཁུལ་ལ་ངས་བཤད་པ་སྐྱག་རྫུན་རེད་འདུག་ན་“ང་ཤི་བ་ཤོག”ཟེར་བ་དང་དོན་གཅིག་ཡིན་པར་སྙམ།
          བཅུ་གཅིག  ལྟོ་ཕོར་དང་འབྲེལ་བའི་མནའ་ཚིག
          ལྷོ་ཁ་ཁུལ་དང་གཞིས་རྩེ་རིན་སྤུངས་ཁུལ་ཁག་གཅིག་གིས་“ལྟོ་ཕོར་བྲལ་” “ལྟོ་ཕོར་ཚད་བཙུགས་” “”ཅ་ནེ་བྲལ་” “ཁ་ཕོར་བྲལ་”ཟེར་བ་ལྟ་བུའི་མནའ་ཚིག་སྒྲོགས་ཀྱི་ཡོད། གོ་དོན་ནི་གལ་ཏེ་ངས་བཤད་པ་དེ་བདེན་པ་མིན་ན། ང་ལྟོ་ཕོར་དང་བྲལ་བ་ཤོག་ཟེར་བའི་དོན་ཏེ། ལྟོ་ཕོར་དང་བྲལ་ནས་ཟས་བཟའ་བའི་གོ་སྐབས་མེད་ན་འཆི་རྒྱུ་རང་ཡིན་པ་དེ་བསྟན་ཡོད། འདི་ནི་སྲོག་བྲལ་ཟེར་བ་དང་དོན་གཅིག་བརྗོད་ཚུལ་མི་འདྲ་བ་ཡིན་ལ། དེང་དུས་དབུས་གཙང་ཁུལ་གྱི་སྐྱེས་བུ་ཁག་གཅིག་གིས་བཤད་པའི་“དཀོན་མཆོག ངས་སྐྱག་བརྫུན་བཤད་མེད། གལ་ཏེ་བདེན་པ་མིན་ན། ང་ཁྲག་སྐྱུག་ནས་ཤི་བ་ཤོག་”ཟེར་བའི་ཤོད་སྲོལ་དང་གོ་དོན་གཅིག་མཚུངས་སུ་སྣང་།
          བཅུ་གཉིས། དགེ་བའི་ལས་དང་འབྲེལ་བའི་མནའ་ཚིག
          དཀར་པོའི་དགེ་བའི་ལས་མནའ་ཚིག་ཏུ་འཇོག་པ་ཨ་མདོའི་ཁ་སྐད་དུ་“དཀར་རོ་དགའ་” ཟེར་བའི་མནའ་ཚིག་འདུག་པ་ཡི་གེར་བཀོད་ན་“དཀར་པོ་དགེ་བ་”སྟེ། དཀར་པོའི་དགེ་བའི་ལས་ཀྱི་དོན་ཡིན་ཟེར། འདིའི་གོ་དོན་ནི་ངས་བཤད་པ་བདེན་པ་མིན་པར་རྫུན་བཤད་འདུག་ན། ངས་མི་ཚེ་ཧྲིལ་པོ་ལ་བསགས་པའི་ཆོས་སམ་དཀར་པོའི་དགེ་བའི་ལས་ཚང་མ་མེད་པར་གྱུར་ཅིག་ཟེར་བའི་དོན་ཡིན།
          བཅུ་གསུམ།  དམིགས་བསལ་ཅན་གྱི་ལོ་ཟླའི་ནང་གསར་དུ་བྱུང་བའི་མནའ་ཚིག
          ལྷོ་ཁ་ཁུལ་དང་། འདམ་གཞུང་། གཞིས་རྩེ་སོགས་ས་ཆ་ཁ་ཤས་ལ་དུས་དེང་སང་ཡང་“ཀྲུའུ་ཞི། ” “མའོ་ཀྲུ་ཞི། ” “ཧྭ་ཀྲུའུ་ཞི། “ཀྲུའུ་ཞི་ཚད་བཙུགས།” “མའོ་ཀྲུའུ་ཞི་ཚད་བཙུགས།” “ཧྭ་ཀྲུའུ་ཞི་ཚད་བཙུགས་”ཟེར་བ་སོགས་ཀྱི་མནའ་ཚིག་བརྗོད་མཁན་ཡོད། མནའ་ཚིག་འདི་རྣམས་ནི་གསར་དུ་བྱུང་བའི་མནའ་ཚིག་ཡིན། དེ་ནི་རང་རྒྱལ་གྱི་གོད་ཆག་ཆེ་བའི་“རིག་གནས་གསར་བརྗེ”ཞེས་པའི་དུས་སྐབས་སུ་གསར་དུ་བྱུང་བའི་མནའ་ཚིག་ཡིན་ཞིང་། ཚང་མས་ཤེས་གསལ་ལྟར་སྐབས་དེར་རིག་གནས་རྙིང་པ་དང་། ལྟ་བ་རྙིང་པ། ཡུལ་སྲོལ་གོམས་གཤིས་རྙིང་པ་སོགས་ལ་ངོ་རྒོལ་བྱེད་པའི་དུས་སྐབས་ཡིན་སྟབས། བོད་མི་ཚོས་“དཀོན་མཆོག” “ཇོ་བོ། ” ཟེར་བའི་གནའ་ཚིག་གི་ཚབ་ལ་གོང་སྨོས་ཀྱི་མནའ་ཚིག་གསར་པ་“ཀྲུའུ་ཞི་” “མའོ་ཀྲུ་ཞི།” “ཧྭ་ཀྲུའུ་ཞི། སོགས་ཀྱི་བརྗོད་སྲོལ་དེ་བྱུང་བ་རེད།
          མཇུག་བསྡུ་བ།
          མནའ་དང་བོད་མིའི་བར་གྱི་འབྲེལ་བ་ནི་ཤིན་ཏུ་ཟབ་ཅིང་། བོད་མི་རིགས་འདིར་གནའ་སྔ་མོའི་དུས་ནས་མནའ་སྐྱེལ་བའི་གོམས་སྲོལ་ཡོད་པ་དང་། མནའ་སྐྱེལ་བའི་གོམས་སྲོལ་དེ་བོད་མིའི་ཆོས་དང་། སྲིད། ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་གང་སར་ཁྱབ་ཡོད། དེར་ཡུལ་ཕྱོགས་དང་ལས་རིགས། ཕོ་མོ། ཆོས་ལུགས་གྲུབ་མཐའ་སོགས་ཀྱི་དབྱེ་བ་མེད་པར་གོམས་གཤིས་ཤིག་ཏུ་གྱུར་ནས་དར་འཕེལ་སོགས་བྱུང་ཡོད་ལ། མནའི་གལ་ཆེའི་རང་བཞིན་ནས་བཤད་ན། ཆེ་བ་སྔ་རབས་ཀྱི་རྒྱལ་ཁྲིམས་ནང་“རྫུན་སྤོང་གི་ཁྲིམས། ལྷ་སྲུང་དཔང་དུ་བྱས་ནས་མནའ་སྤོབ་པ་" ཞེས་པ་དང་། “བསྙོན་ཏོལ་མནའ་བཀར་གྱི་ཞལ་ལྕེ། ” “བསྙོན་ཧམ་མནའ་དག་གི་ཞལ་ལྕེ་”ཞེས་པ་སོགས་ཀྱི་སྐོར་འཁོད་ཅིང་། ཡང་སྤྱིར་བཏང་མང་ཚོགས་ཕལ་པའི་འཚོ་བའི་ཁྲོད་ནས་བརྗོད་ན། གཏན་གཏན་གང་ཡིན་གྱི་ཚད་འཛིན་ས་དབུ་མནའམ་མནའ་སྐྱེལ་དམ་བཅར་བཀར་གྱི་ཡོད། མདོར་ན་མནའ་སྐྱེལ་གྱི་གོམས་སྲོལ་དེ་བོད་མིའི་སྲིད་དང་། ཆོས་ལུགས། འཚོ་བ་གང་སར་ཁྱབ་ཆེ་བའི་ཡུལ་གོམས་གཤིས་ལུགས་ཐུན་མོང་མ་ཡིན་པ་ཞིག་ཡིན། ། 
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          ①④བོད་མིང་བསོད་ནམས་སྐྱིད་དང་དབང་རྒྱལ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། P33
          ②⑤⑦⑧གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P26 P208 P129-130  P134 -135
          ③དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ》མི་རིགས་དཔེ་སྐྲུན་ཁང་། 2005ལོ། P47 -48
          ⑥《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། 1997ལོ། P501
          ⑨ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 (སྟོད་ཆ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989ལོ། P360
          ⑩ ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P237          (11)ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས་པ། 《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་། 1985ལོ། P1555
          (12) 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ།》 (2012ཆེད་བསྒྲིགས།) P215
          (13)དགེ་བཤེས་ཆོས་གྲགས། 《བརྡ་དག་མིང་ཚིག་གསལ་བ་》མི་རིགས་དཔེ་སྐྲུན་ཁང་། 1981ལོ། P477
          (14)ཆབ་འགག་རྟ་མགྲིན། 《བོད་ཡིག་རྡོ་རིང་ཞིབ་འཇུག》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ། P135
          (15)ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《ཐུའུ་བཀན་གྲུབ་མཐའ》 ཀན་སུའུ་རིགས་དཔེ་སྐྲུན་ཁང་། 1984ལོ། P49
          (16)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1985ལོ།   P63-64

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1