ཀྲུང་དབྱང་དྲིལ་བསྒྲགས་པུས་འཆི་མེད་རྡོ་རྗེར“དུས་རབས་ཀྱི་དཔེ་བཟང”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུས་སྤྱི་ཚོགས་ཡོངས་སུ་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་ནས་ཁོང་ལ“དུས་རབས་ཀྱི་དཔེ་བཟང”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་རེད།
     ཉེ་དུས། འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་སྤེལ་གཏོང་བྱས་རྗེས། སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་འཆི་མེད་རྡོ་རྗེ་ནི་གཞི་རིམ་འཐབ་ཕྱོགས་དང་པོའི་ལས་བཟོའི་ཕུལ་བྱུང་འཐུས་ཚབ་ཞིག་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་མཁན་གྱི་སྔོན་ཐོན་མིག་དཔེ་ཞིག མཛེས་སྡུག་ལྡན་པའི་འཚོ་བ་གཏོད་མཁན་དང་སྲུང་སྐྱོང་བྱེད་མཁན་ཞིག་བཅས་རེད། ཁོང་གིས་གངས་ལྗོངས་ས་མཐོར་གཞིས་ཚུགས་པ་དང་གངས་འཁྱགས་སྦྲག་ལམ་བརྟན་སྲུང་བྱས་པའི་སྔོན་ཐོན་བྱས་རྗེས་ལས་རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་ནུས་ལྡན་བྱེད་པ་དང་། དུས་རབས་གསར་པའི་འབད་འཐབ་པ་ཞིག་གིས་འབད་བརྩོན་ཧུར་ཐག་དང་ཕུགས་འདུན་དོན་གཉེར་གྱི་ཉམས་འགྱུར་ཡག་པོ་མངོན་པར་བྱས་ནས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལས་དུས་རབས་གསར་པར་ཉམས་འགྱུར་གསར་པ་ཞིག་མངོན་པར་བྱས་ཡོད་ཅེས་བཤད་པ་དང་། ཡོངས་བསྒྲགས་བྱེད་སྒོར་ཞུགས་མཁན་འཐབ་ཕྱོགས་དང་པོའི་ལས་བཟོའི་འཐུས་མི་དང་མི་རིགས་ས་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པའི་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“དུས་རབས་ཀྱི་དཔེ་བཟང”འཆི་མེད་རྡོ་རྗེ་མིག་དཔེར་བྱས་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། ལས་གནས་ལ་གཞིས་ཚུགས་པ། མི་དམངས་ལ་ལེགས་སྐྱེས་འབུལ་བ། མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
     “དུས་རབས་ཀྱི་དཔེ་བཟང”ཞེས་པའི་ཡོངས་བསྒྲགས་མཛད་སྒོ་ཚོགས་ཡུལ་དུ་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་དང་། 《བློ་མཐུན་འཆི་མེད་རྡོ་རྗེར“དུས་རབས་ཀྱི་དཔེ་བཟང”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན་གྱིས་འཆི་མེད་རྡོ་རྗེར“དུས་རབས་ཀྱི་དཔེ་བཟང”གི་གཟེངས་རྟགས་དང་ལག་ཁྱེར་སྤྲད་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་སྦྲག་སྲིད་ཅུས། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི། སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། འཆི་མེད་རྡོ་རྗེའི་གཉེན་ཉེ་དང་། ལས་རོགས། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་སོགས་ཡོངས་བསྒྲགས་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1