“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་དུས་རབས་གསར་པའི་མཆན་འགྲེལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-28


——— འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ། 

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆ་སྙོམས་ས་བབ་སྨི་3500ལྷག་ཙམ་ཟིན་པའི་གངས་འཁྱགས་སྦྲག་ལམ་ཐོག ཁོང་གིས་ལོ་30ཉིན་གཅིག་ལྟར་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ལམ་དེའི་སྟེང་ཕར་འགྲོ་ཚུར་འོང་ཐེངས་6000ལྷག་ཙམ་བྱས་པར་ཁྱོན་ལམ་ཐག་སྤྱི་ལེ་ཁྲི་140ལྷག་ཙམ་ཟིན་ནས་སྐྱོད་རིམ་བཞིན་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བྱས་ཡོད། ཉིན་ཤས་བསྟུད་མར། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
     དཀར་མཛེས་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས། དཀར་མཛེས་ཀྲོའུ་ཡི་སྦྲག་ལམ་ཚང་མ་ནི་གངས་འཁྱགས་སྦྲག་ལམ་ཤ་སྟག་རེད། གངས་འཁྱགས་སྦྲག་ལམ་ཐོག་སྤྱི་ལེ་རེ་རེ་སྐྱོད་པར་དཀའ་ཚེགས་ཆེན་པོ་ཡོད་ལ་དེའི་ཐོག་གཏམ་རྒྱུད་ཀྱང་ཧ་ཅང་མང་པོ་ཡོད། འཆི་མེད་རྡོ་རྗེའི་གཏམ་རྒྱུད་ནང་ས་མཐོའི་བུ་ཕྲུག་ཚོའི་དཀའ་ངལ་འཕྲད་སྐབས་ཕྱིར་བཤོལ་མི་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ། མཐུན་སྒྲིལ་རོགས་ལས། སྙིང་རུས་ཆེར་སྐྱེད་བཅས་ཀྱི་སྙིང་སྟོབས་མཚོན་ཡོད། གངས་འཁྱགས་སྦྲག་ལམ་ཐོག་སྦྲག་སྲིད་ལས་དོན་པ་མི་རབས་མང་པོས་སྔོན་སྐྱོད་རྗེས་མཐུད་བྱས་ཏེ་ལང་ཚོ་དང་ཁྲག་དྲོན་དང་ཐ་ན་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཕོ་ཉ་དེ་དག་གིས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བཤད།
     རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་འཕྲལ་སྒྲུབ་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་མིང་ཧྥེང་གིས། འཆི་མེད་རྡོ་རྗེས་བྱ་སྤྱོད་དངོས་ལ་བརྟེན་ནས“རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི”སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་གསར་པའི་མཆན་འགྲེལ་གསོན་ཉམས་དོད་པོ་ཞིག་བརྒྱབ་ཡོད། “དུས་རབས་ཀྱི་དཔེ་བཟང་བ་ང་ཚོའི་འགྲམ་དུ་ཡོད། དེ་ནི་ང་ཚོས་ལས་དོན་ཁག་བྱ་གཞག་ལ་བརྩིས་ནས་སྒྲུབ་པའི་སྒུལ་ཤུགས་ཤིག་ཡིན”ཞེས་བཤད།
     ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་མེ་ཧྲན་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཞུས་ཞང་གིས། འཆི་མེད་རྡོ་རྗེའི་བྱས་རྗེས་གླེང་སྐབས་རང་ཉིད་དང་ལས་རོགས་ཚོ་མིག་ཆུ་ཐེངས་མང་ཤོར་བྱུང་། “ཁོང་གི་ལས་ལ་བརྩོན་ཞིང་ལེགས་སྐྱེས་འབུལ་བ་དང་འགན་འཁྲི་འཁུར་ཕོད་པའི་བསམ་བློར་ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྦྲག་སྲིད་ལས་དོན་པ་གཅིག་མཚུངས་ཡིན་པའི་ང་ཚོས་ཁོང་གི་ལུས་ཐོག་ནས་སྙིང་སྟོབས་དེ་རིགས་སློབ་སྦྱོང་བྱས་ཏེ་སོ་སོའི་ལས་གནས་ཐོག་འདོན་སྤེལ་བྱ་རྒྱུ་ཡིན”ཞེས་བཤད།
     སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཅུའེ་རྫོང་བཅིངས་འགྲོལ་ཤང་ཧུའོ་ཕུ་གྲོང་ཚོའི“ཧྲུའུ་ཅི་ཨང་དང་པོ”མཱ་ཐེན་གྱིས། འཆི་མེད་རྡོ་རྗེ་ནི་དུས་རབས་གསར་པའི་འབད་འཐབ་པ་མངོན་སུམ་ཞིག་རེད། ཁོང་གིས་འབད་འཐབ་དེ་ལོ་30ཉིན་གཅིག་ལྟར་བརྟན་སྲུང་བྱས་ཡོད་ལ། རྐྱེན་ངན་གོད་ཆག་སྣ་ཚོགས་འཕྲད་ཀྱང་ཐོག་མའི་བསམ་འདུན་དེ་བས་མཐའ་འཁྱོངས་བྱས་ཡོད། “དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་ཡོད་པའི་ང་ཚོས་མིག་དཔེ་དེའི་ལུས་ཐོག་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱ་རྒྱུ་ཡིན”ཞེས་བཤད།
     ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སིའི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ལི་ཞན་ཧྭ་ཡིས། འཆི་མེད་རྡོ་རྗེ་ནི་གཟི་བརྗིད་ལྡན་པའི་གངས་འཁྱགས་སྦྲག་ལམ་ཐོག་ཐོན་པའི་དཔའ་བོ་ཞིག་རེད། 1954ལོར་གངས་འཁྱགས་སྦྲག་ལམ་ཤར་གཏོང་ཐུབ་པ་ནས་ད་བར། ས་མཐོའི་སྦྲག་སྲིད་ལས་དོན་པས་ལང་ཚོ་དང་ཚེ་གང་སྐྱེས་སུ་ཕུལ་བ་དང་། ཚེ་གང་དང་བུ་རབས་ཚ་རྒྱུད་བློས་གཏོང་བྱས་ཏེ“མི་དམངས་སྦྲག་སྲིད་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི”དམ་བཅའ་སྐད་གྲགས་མེད་པར་ལག་བསྟར་བྱས་ཡོད། མི་སེར་ལ་སྟབས་བདེ་སྐྲུན་པ་དང་ཏང་དང་སྲིད་གཞུང་གི་གསུང་སྒྲ་བོད་རིགས་ས་ཁུལ་གྱི་ཁུག་ཀྱོག་གང་སར་བརྒྱུད་སྤྲོད་བྱ་ཆེད། འཆི་མེད་རྡོ་རྗེ་དང་འདྲ་བའི་སྦྲག་སྲིད་ལས་དོན་པ་མང་པོ་ཞིག་གིས་མི་རབས་ནས་མི་རབས་བར་སྒྲུབ་འོས་ལས་འགན་བདེན་དོན་ལ་ཕྱིར་བཤོལ་མི་བྱེད་པར་གངས་འཁྱགས་སྦྲག་ལམ་བརྟན་སྲུང་བྱས་ཡོད་ཅེས་བཤད།
     འཆི་མེད་རྡོ་རྗེའི་བྱས་རྗེས་ལ་དྲ་བའི་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་དང་། “ཕར་འགྲོ་ཚུར་འོང་ཐེངས་6000ལྷག་ཙམ”ནི་སྐབས་ཤིག་རིང་དཔོད་ཆུང་ཐོག་འཚོལ་ཞིབ་བྱེད་མང་ཤོས་ཀྱི་ཐ་སྙད་ཅིག་ལ་གྱུར་བ་དང་། ཁོང་གི་གཏམ་རྒྱུད་དེ་དྲ་གྲོགས་ཚོས་འཚང་ཁ་ཤིག་ཤིག་ངང་བརྒྱུད་བསྐུར་བྱེད་ཀྱི་ཡོད། དྲ་གྲོགས་ཤིག་གིས“ཨ་ཁུ་འཆི་མེད་རྡོ་རྗེས་ལོ་མང་རིང་བརྟན་སྲུང་བྱས་པ་དེ། ངའི་བསམ་པར་དེའི་སྒུལ་ཤུགས་ཆེ་ཤོས་ནི་མི་གཞན་གྱིས་ཁོང་བསྒུགས་ནས་བསྐུར་མ་ལེན་མཁན་ཡོད་པས་ཡིན”ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1