༄༅།། དགེ་འདུན་ཆོས་འཕེལ་གྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་དང་དེང་རབས་འདུ་ཤེས།

འབྲུག་མོ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-29


འབྲུག་མོ།
         [ནང་དོན་གནད་བསྡུས།] དགེ་འདུན་ཆོས་འཕེལ་གྱི་ཞལ་ཐང་ལྷ་རིས་གཙོ་བྱས་པའི་རི་མོའི་སྒྱུ་རྩལ་གྱི་ཞིབ་འཇུག་ནི་ཁོང་གི་རིག་གནས་ཞིབ་འཇུག་ཁྱབ་ཁོངས་ཁྲོད་ཀྱི་རིན་ཐང་ཆེ་ཞིང་རྒྱུ་ཆ་དཀོན་པ། ཞིབ་འཇུག་འབྲས་བུ་ཉག་ཕྲ་བའི་བརྗོད་བྱ་གསར་བ་ཞིག་ཡིན། ཁོང་གི་ཞལ་ཐང་ལྷ་རིས་དང་ཚོན་རིས། སྐྱ་བྲིས་རི་མོ་སོགས་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་དང་དེང་རབས་ཁྱད་ཆོས། རང་གི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཁྱད་ཆོས་སོགས་མངོན་པར་གསལ་བས།  རི་མོའི་སྒྱུ་རྩལ་གྱི་ཕྱག་བྲིས་དེ་དག་ནི་མི་རིགས་རིག་དངོས་ཀྱི་རྒྱུ་ཆ་གལ་ཆེན་གྱི་གྲས་སུ་གཏོགས་ལ།   བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་གྱི་དཀོར་ནོར་རིན་ཐང་བྲལ་བ་ཞིག་ཡིན།
          [བརྡ་ཆད་གཙོ་བོ།] དགེ་འདུན་ཆོས་འཕེལ། རི་མོ། དེང་རབས་འདུ་ཤེས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   K281
          [ཡིག་ཚང་མཚན་བྱང་། ]A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002 -9060(2013)02- 0051-14
གཅིག ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་སྒྱུ་རྩལ་པ།
          དགེ་འདུན་ཆོས་འཕེལ་ལགས་ཀྱི་བྱིས་པའི་དུས་ནི་རང་གི་ཕ་ཡུལ་གཡའ་མ་ལུང་དུ་ཆོས་ལུགས་རིག་གནས་ཀྱི་ཁོར་ཡུག་ཁྲོད་ནར་སོན་པ་ཡིན་ལ། ཡབ་ཀྱི་མདུན་ནས་བརྡ་དག་སོགས་ཁྲིད་པའི་སྐབས་ནས་ཀྱང་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ཞིང་སྦྱང་བརྩོན་ལ་འབད་པ་ཆེ་བ། གོ་སྟོབས་ཀྱི་རིག་པ་མྱུར་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པས།  ཁོང་ཉིད་ཀྱི་སྐབས་དེ་དག་ཏུ་བྲིས་པའི་ཚིགས་སུ་བཅད་པ་རྣམས་ཀྱང་ཤིན་ཏུ་མཛེས་ཉམས་ཆེ་ཞིང་། ཁྱད་པར་དུ་ལྷན་སྐྱེས་སུ་རི་མོ་ལ་དགའ་བས་རྒྱུན་དུ་ཕྱག་བྲིས་ངོ་མཚར་ཅན་བྲིས་ནས་ཉར་ཚགས་བྱེད་པར་གསུངས་ཤིང་།  དེ་བཞིན་རྡིས་ཚ་དང་བླ་བྲང་བཀྲ་ཤིས་འཁྱིལ།  ཕྱིས་སུ་འབྲས་སྤུངས་སོགས་ཀྱི་ཆོས་སྐོར་ཞུགས་པའི་སྐབས་སུ་ཡང་རི་མོ་འབྲི་བའི་མོས་པ་མ་དོར་ཞིང་། ཁོང་གི་རི་མོའི་སྒྱུ་རྩལ་དང་རྩོད་པའི་སྒྱུ་རྩལ་གཉིས་ཆོས་གྲོགས་ཀུན་གྱི་ཁ་ན་རླུང་ལྟར་གྲགས་པ་ཡིན།  《མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མདོ་སྨད་དུ་བཞག་པའི་མཛད་རྗེས་》ཟེར་བའི་ནང་དུ།   ཁྱད་པར་དུ་ན་སོ་ཆུང་བའི་དུས་ནས་ཁོང་ཉིད་རི་མོ་ལ་ཤིན་ཏུ་དགའ་བ་སྟེ། “བཅོམ་ལྡན་དབྱངས་ཅན་མའི་འདྲ་སྐུ་ཞིག་བྲིས་ཏེ་དེའི་མདུན་དུ་མེ་ལོང་གི་ཤེལ་གླན་ནས་བཞག་ཅིང་། ཞལ་སོགས་ཀྱི་ཐད་ནས་མེ་ལོང་གི་རྩི་ཚོན་རྣམས་བྲད་དེ་ཕྱི་བར་བྱས། ཐུགས་ཀར་མེ་ལོང་གི་རྩི་མ་བྲད་པར་ཟླུམ་པོར་བསྒྱུར་བ།  འོད་སྣང་གི་ཕུང་པོར་འཁྱིལ་ལེར་ཡོད་པ།  ཕྱག་གཡས་གཡོན་ནས་རྒྱུད་སྟོང་གི་དབྱངས་སྙན་འཁྲོལ་བ།  པུས་མོའི་སྟེང་དུ་ཁུ་བྱུག་རྩེན་ཅིང་།  མཚོ་ན་གནས་པའི་ངང་ཚུལ་ཅན་ཞིག་བྲིས་ཏེ་རང་གི་དགེ་རྒན་འཇམ་དབྱངས་གྲགས་པ་ཚང་ལ་ཕུལ་བས། ཟོལ་མེད་ཀྱི་ཐུགས་དགྱེས་པའི་མུར་ཁ་མིན་དོན་གྱི་བསྔགས་པ་ཚད་ལས་འདས་པ་མཛད་ཅེས་གསུངས་སོ་”①ཞེས་ན་སོ་ཆུང་བའི་དུས་ནས་བྱ་དངོས་གསར་བ་དང་ངོ་མཚར་ལ་མོས་ཤིང་།   བསམ་གཞིགས་དང་གསར་གཏོད་ལ་སྤྲོ་བའི་རིགས་ལམ་གྱི་འཕེལ་ཕྱོགས་མངོན་པར་གསལ།
          མཁས་དབང་འདིས་མི་ཚེ་གཅིག་ལ་རི་མོའི་ཕྱག་བྲིས་སྣ་ཚོགས་གྲངས་མེད་པ་བྲིས་ཡོད་དེ།   དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་(LugSchaed1er)ལགས་ཀྱིས་ཨ་ལགས་ཙ་ཡུ་ལ་བཅར་འདྲི་བྱས་པའི་དྲིས་ལན་དུ། “སྤྱི་ལོ་1942ནས་1953གང་རུང་ཞིག་ལ།  ཤིང་སྒམ་དེའི་སྟེང་དུ་།  ཨ་ཁུ་བརྩོན་འགྲུས་བརྒྱུད་ནས་འཛིན་གྲྭ་པ་རྣམས་ལ་ཕུལ། ཞེས་དགེ་ཆོས་ཕྱག་བསྟར་མ་བརྒྱད་པའི་དབྱར་གསོ་སྦྱོང་གི་ཉིན་ཞིག་འཛིན་གྲྭ་པ་ཚང་མར་མཉམ་འཛོམས་ཐོག་སྒམ་ཁ་ཕྱེ་སྐབས་རྒྱ་གར་གྱི་ཤིང་དང་མེ་ཏོག ཡུལ་ལྗོངས་དང་།  སྨན་གྱི་རིགས་སྣ་ཚོགས།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་པའི་དམར་པོ་རིའི་རྒྱ་བཟའ་དང་སྲོང་བཙན་གྱི་ཕོ་བྲང་གི་བར་ལ་ཟམ་པ་ཕྲ་མོ་བཙུགས་པའི་རི་མོ་སོགས་ཧ་ལམ་རྣམ་གྲངས་ཉིས་བརྒྱ་ཡས་མས་ཤིག་མཆིས་ཤིང་།  དེ་དག་གི་རི་མོ་འབྲི་ཤོག་ཧ་ཅང་འཐུག་ཅིང་ཆེ་ཆུང་མི་འདྲ་བ་སྣ་ཚོགས། ཚོན་པར་མ་ཇི་བཞིན་རི་མོའི་སྤུས་ཀ་ཤིན་ཏུ་དག་”②ཅེས་དེ་དུས་དངོས་སུ་མཇལ་མྱོང་མཁན་རྣམས་ཀྱིས་རགས་རྩིས་ལྟར་ན་ཧ་ལམ་རྣམ་གྲངས་ཉིས་བརྒྱ་ལོང་བ་ཡོད་པར་གསུངས་པ་དང་།  རྒན་པོ་ཤེས་རབ་རྒྱལ་མཚོ་ནས་བྲིས་པའི་《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས་》ཞེས་པ་ལས།   “སྐབས་དེ་དག་ཏུ་བརྩམས་པའི་བསྟན་བཅོས་དང་། བསྒྱུར་བ་རྣམས་འགའ་ཞིག་དེབ་ཆེན་པོ་དང་།    འགའ་ཞིག་ཤོག་དྲིལ་སོགས་ལྕགས་སྒམ་གང་། རྒྱ་གར་གྱི་མཚན་ཉིད། ཡུལ་ལུགས།  བཟའ་བཏུང་། ཆས་གོས། ཤིང་འབྲས་རིགས།   ཤིང་རིགས།  སྨན།  མེ་ཏོག སེམས་ཅན་སྣ་ཚོགས། ཆུ་གནས་རིགས། ཡུལ་ལྗོངས། ཕོ་བྲང་། རྡོ་རིང་སོགས་ཀྱི་འདྲ་རིས་ཤིན་ཏུ་སྤུས་གཙང་མ་ཨང་བཀོད་ཆེ་ཆུང་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་དེའི་བཤད་པ་རྒྱུ་མཚན་དང་འགྲེལ་པ། སྨན་དང་ཟས་རིགས་ཀྱི་རོ་ཉི་ཤུ་བཅས་ཤིན་ཏུ་གསལ་བར་བཀོད་པའི་དེབ་ཆེན་གཅིག་ཡོད་པ་དེ་གཉིས་ཨ་མདོར་བཏང་”③ཞེས་རྣམ་གྲངས་ཐོད་མི་ཐུག་པ་ནི་རགས་རྩིས་དང་ཞིབ་རྩིས་ཀྱི་ཁྱད་པར་རམ།  ཡང་ན་རི་མོའི་བརྩམས་ཆོས་ཁྲོད་དུ་ཡི་གེའི་བསྟན་བཅོས་བསྲེས་ནས་བརྩི་བ་ལས་ཁྱད་པར་ཤོར་བའང་སྲིད་པས་གང་ལྟར་རྣམ་གྲངས་ཉིས་བརྒྱ་ལྷག་ཡོད་པ་ཀུན་གྱི་གསུང་མཐུན།
          བཞུགས་སྐར་བོད་གཞུང་དཔེ་མཛོད་ཁང་གིས1979ལོའི་ཟླ་1ཚེས་15ནས་1980ལོའི་ཟླ་8ཚེས་3བར་དུ་ཀ་རྡོར་སྒང་གསུམ་ཁུལ་དང་འབྲས་མོ་ལྗོངས་སོགས་ས་གནས་ལ་བསྐྱོད་ནས་དགེ་ཆོས་ལགས་དང་འབྲེལ་བ་ཡོད་པའི་སྔོན་གྱི་བོད་གཞུང་གཞུང་ཞབས་པ་དང་ཆོས་གྲོགས།   ཡུལ་ལུང་གཅིག་པ་དང་སེམས་གཞུང་མཐུན་པའི་གྲོགས་པོ།  ལག་རོགས་དང་སློབ་བུ་སོགས་རྒྱུས་ཡོད་གང་འཕྲད་ལ་ཞུ་བརྩད་གནང་བའི་ལས་འབྲས་སྙན་ཞུ་ལས།   ད་ལྟ་ལག་སོན་བྱུང་ཞིང་བཞུགས་སྐར་བོད་གཞུང་དཔེ་མཛོད་ཁང་གིས་ཉར་ཚགས་བྱེད་ཐུབ་པ་བྱུང་བའི་རི་མོ་དང་ཐང་ཀ  སྐྱ་བྲིས་སོགས་ཀྱི་རྣམ་གྲངས་ཐོར་བཀོད་པ་འདི་ལྟར།“དེ་བཞིན་མཁས་དབང་འདི་ཉིད་ཀྱིས་མཛད་པའི་ཕྱག་བྲིས་ངོ་མའི་རི་མོ་ངོ་འདྲ་ཁག་དང་འདྲ་བྲིས་ཐང་ཀ་སོགས་བསྡོམས་པས་གྲངས་503བཅས་ལག་སོན་བྱུང་།  སྙན་གྲགས་ཅན་གྱི་བོད་ཀྱི་ཡུལ་དང་མི་རིགས། སྨོན་ལམ་ཚོགས་མཆོད་སོགས་ཀྱིས་གཙོ་བའི་དུས་ཆེན་ཁག དགོན་སྡེ་ཆེ་འབྲིང་དང་བོད་གཞུང་གི་ཞི་དྲག་ལས་བྱེད་སོགས་ཀྱི་སྐུ་པར་ཆེ་ཆུང་བསྡོམས་པས་གྲངས503ལག་སོན་བྱུང་བ་ནི་བོད་མི་རྣམས་ཀྱི་སེམས་ཤུགས་རྨ་མེད་འགྲན་ཟླ་བྲལ་བ་ཞིག་ཡོད་པས་བྱུང་བ་ཞིག་རེད་”④ཅེས་བྱུང་། གོང་གི་བསྡོམས་རྩིས་ལྟར་ན།  ཉེ་ལམ་ལ་རྩེ་དཔེ་མཛོད་ཁང་གིས་པར་སྐྲུན་བྱེད་བཞིན་པའི་རང་རེའི་བོད་དུ་ལག་སོན་བྱུང་བའི་རི་མོ་དང་བཞུགས་སྐར་བོད་གཞུང་དཔེ་མཛོད་ཁང་གི་རི་མོ་གཉིས་བསྣན་ན་གྲངས་ཀ་ངེས་ཅན་ཞིག་ཟིན།
          དགེ་འདུན་ཆོས་འཕེལ་ལགས་རང་གིས་དངོས་སུ་ཉར་ཚགས་བྱས་པའི་རི་མོ་དང་ཐིག་རྩ། སྐྱ་བྲིས་དང་རྒྱུག་བྲིས་སོགས་ད་ལྟ་གྲངས་ཀ་འབོར་ཆེན་ཞིག་ཡོད་པར་མ་ཟད།     སོང་ས་བསྡད་སར་ཐང་རིས་དང་སྐུ་བརྙན་བཞེངས་པ།   བཟང་ས་དང་ཆོས་གྲོགས་རྣམས་ལ་ལག་སྐྱེས་ཀྱི་ཚུལ་དུ་བྲིས་པ།  ལོ་རྒྱུས་མི་སྣ་དང་ཤུལ་རྟེན་རིག་དངོས་བཟོ་བཀོད་ཀྱི་གཟུགས་རིས་སོགས་གྲངས་ཀྱིས་མི་ལངས་པ་ཡོད།  དཔེར་ན་དགེ་ཆོས་ཉིད་ཐོག་མར་འབྲས་སྤུངས་དགོན་དུ་ཆོས་སྐོར་ཞུགས་པའི་ཚུན་ནས་རྒྱ་གར་དུ་མ་ཕེབས་པའི་བར་གྱི་ལོ་ངོ་དྲུག་བདུན་དེའི་རིང་དུའང་རྒྱུན་དུ་གཞན་ལ་ཐང་ག་སོགས་བྲིས་ནས་འཚོ་རྟེན་འཚོལ་བ་དང་། ཁྱད་པར་དུ་ཀ་ཤོད་པ་དང་ཕ་བོང་ཁ་བ་སོགས་སྐབས་དེའི་མི་དྲག་སྐུ་དྲག་རྣམས་ཀྱི་ཁྱིམ་དུ་གང་མཁོ་ཡི་རི་མོ་མང་པོ་བྲིས་པ་ཁོང་གི་སློབ་མ་དང་གྲོགས་པོ་རྣམས་ཀྱི་ཕྱིར་དྲན་ལས་མཐོང་ཐུབ།  དཔེར་ན་བདེ་ནུབ་རྡོ་རྗེ་དགྲ་འདུལ་གྱིས།    “རི་མོའི་སྒྱུ་རྩལ་ལ་བྱང་པའི་དགེ་འདུན་ཆོས་འཕེལ་”ཞེས་པའི་དཔྱད་རྩོམ་དུ་བཀོད་པ་ལྟར་ན།  ལྷ་ས་རུ་གནས་སྐབས་ཁོང་གིས་སྐུ་པར་འབྲི་བ་མ་ཟད་ཁོ་ཚོའི་ཁང་པར་མཛེས་རྒྱན་སྤྲོས་པ་དང་།  ཁོང་གི་ཕྱག་རྩལ་ཆེ་ཤོས་ནི་སྟག་འབྲི་རྒྱུ་དེ་ཡིན།  ཁོང་གིས་ཀ་ཤོད་པའི་གཟིམས་ཤག་གི་གྱང་ལྡེབས་སུ་སྟག་མང་པོ་ཞིག་བྲིས་ཡོད།  བསམ་གྲུབ་ཕོ་བྲང་གིས་ལྷ་སའི་གྲོང་འདབས་སྒེར་གྱི་སྐྱེད་མོའི་ཚལ་ཞིག་ཡོད་པར་འགྲེམ་སྟོན་ཁང་ཞིག་གསར་བཞེངས་བྱས།  དགེ་འདུན་ཆོས་འཕེལ་གྱིས་རྒྱལ་སྒོའི་གཞོགས་གཉིས་སུ་ཤྭ་བ་འཛིན་བཞིན་པའི་སེང་གེ་ཞིག་བྲིས་ཡོད་ཅིང་།  སྦུག་ཏུ་བོད་ཀྱི་ལོ་རྒྱུས་མཚོན་པའི་ལྡེབས་རིས་རིང་མོ་ཞིག་ཀྱང་བྲིས་ཡོད་དེ། བོད་ཀྱི་བཙན་པོ་རིམ་བྱོན་དང་དུས་རབས་ཉི་ཤུ་པའི་རླངས་འཁོར་དང་དེང་རབས་ཀྱི་འཛུགས་སྐྲུན་བཟོ་རིས་བཀོད་ཡོད།   འགྲེམས་སྟོན་ཁང་གི་ནང་དུ་ད་དུང་འཇིག་རྟེན་མཛེས་པའི་རྒྱན་དྲུག་ཏུ་གྲགས་པའི་སློབ་དཔོན་རྣམས་ཀྱི་སྐུ་བརྙན་བྲིས་ཡོད་པ་ལས། མགོན་པོ་གླུ་སྒྲུབ་ཀྱི་སྐུ་བརྙན་དེ་བས་མཛེས་ཉམས་དོད་པོ་བྱུང་ཡོད་སྐད།  རྭ་སྒྲེང་དགོན་དུ་ཁོང་ཉིད་ཡིད་འགུལ་ཐེབས་པའི་གནའ་རབས་རྒྱ་གར་གྱི་རི་མོ་ཞིག་མཇལ་བ་འདྲ་ཞུས་གནང་ཞིང་།  ལྷོ་ཁའི་གྲ་ནང་དགོན་པར་ཁོང་གིས་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲིའི་འཇིམ་སྐུའི་འདྲ་རིས་ཤིག་བྲིས་གནང་མཛད་ནས་ཤིན་ཏུ་གཙིགས་ཆེན་དུ་འཛིན་པ་དང་།  སྐྱིལ་ཀྲུང་གི་སྤྱན་རས་གཟིགས་ཀྱི་སྐུའི་འདྲ་རིས་ཀྱང་བྲིས་གནང་མཛད་པ་དང་།  བལ་ཡུལ་དུ་འབྱོར་རྗེས་འབྱོར་ལྡན་ཚོང་པ་ཐ་ལ་ནའི་ཁྱིམ་གྱི་ལྡེབས་ངོས་སུ་སྟོན་པའི་མཛད་པ་བཅུ་གཉིས་ལས་སྟོན་པའི་སྐུ་གསུམ་བྲིས།⑤ཞེས་བྱུང་བ་འདི་དང་འདྲ་བའི་རི་མོ་ད་ལྟ་མཐོང་དུ་མེད་པ་ཡང་ཧ་ཅང་མང་བར་སེམས།
གཉིས། དགེ་འདུན་ཆོས་འཕེལ་གྱི་སྒྱུ་རྩལ་མཚན་ཉིད་རིག་པའི་ལྟ་བ།
          སྒྱུ་རྩལ་རིག་པའི་མིག་རྒྱང་གིས་བལྟས་ན།  ཁོང་གི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་འབྲི་སྟངས་ཀྱི་ལྟ་བ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། སྲོལ་རྒྱུན་འབྲི་སྟངས་ལས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལྟར་མཛེས་པའི་ཆ་བྱད་མ་ལུས་ཕྱོགས་གཅིག་ཏུ་སྤུངས་པ་སྐྱོན་གྱིས་མ་གོས་པའི་དཔེ་མཚོན་སྣང་བརྙན་སྐྲུན་ཐབས་ལས།  སོ་སོའི་ཁྱད་པར་འབྱེད་བྱེད་སྒོ་གསུམ་ཡོན་ཏན་ཐད་ཀྱི་སྒྱུ་རྩལ་རང་གཤིས་ཁྱད་བསོད་བྱས་པས།    མི་བརྒྱ་ངོ་གདོང་གཅིག་དང་ཤིང་བརྒྱ་ལོ་མ་གཅིག་གི་སྣང་ཚུལ་འདི་ལ་དཔྱད་པ་ཞིབ་མོ་བཏང་ནས།  ཕྱི་གླིང་དེང་རབས་ཀྱི་དངོས་ཡོད་རིང་ལུགས་དང་སྒྱུ་རྩལ་བསྐྱར་དར་གྱི་དངོས་འབྲི་རིང་ལུགས་པའི་སྒྱུ་རྩལ་བསམ་བློ་དང་།  སྐྱ་འབྲི་རི་མོ་དང་སྣུམ་ཚོན་རི་མོའི་སྒྱུ་རྩལ་ཐབས་ཤེས་ལ་སློབ་སྦྱོང་དང་ཟུར་བལྟ་བྱས་ནས། བོད་སྲོལ་རྒྱུན་གྱི་ལྷ་རིས་སྒྱུ་རྩལ་སྣང་བརྙན་ལ་རང་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་འབྲི་སྟངས་སྤྱད་དེ་རྩོམ་པ་པོའི་སྒྱུ་རྩལ་ཁྱད་ཆོས་འབུར་དུ་ཐོན་དགོས་པའི་ལྟ་བ་བཏོན། ཁོང་ནི་ཆུང་ངུའི་དུས་ནས་རི་མོའི་སྒྱུ་རྩལ་ལ་ནང་བྱན་ཆུད་ཅིང་།  འབྲས་སྤུངས་སོགས་སུ་ཕེབས་ནས་ཀྱང་ལྷ་རིས་འབྲི་བ་དེ་སྒྱུ་རྩལ་ལག་ལེན་དང་འཚོ་བའི་མཐུན་རྐྱེན་གྱི་ཐབས་ཤེས་ཤིག་ཏུ་བཟུང་བས།   དུས་རབས་དེར་ཨ་མདོ་བྱམས་པ་དང་ཁོང་གཉིས་ནི་ལྷ་རིས་སྒྱུ་རྩལ་ལ་རང་གཤིས་ཀྱི་སྣང་བརྙན་ཁྱད་ཆོས་གསལ་བའི་རི་མོ་བ་གྲགས་ཅན་གཉིས་ཡིན།   ཁོང་གིས་མི་ཚེ་གཅིག་ལ་ཐང་ག་དང་རི་མོ་ཉིས་བརྒྱ་ལྷག་ཙམ་བྲིས་མྱོང་བར་བཤད་ཅིང་ད་ལྟའི་རྩད་གཅོད་ལས་བདེན་དཔང་བྱས་པར་དེ་ལས་མང་ཞིང་།   མང་ཤོས་ཤིག་ད་ལྟ་རྙེད་དཀའ་ནའང་ཐང་ཀ་དང་སྐྱ་བྲིས། ཞལ་གཟུགས་རི་མོ།  སྣུམ་ཚོན་རི་མོ།  དཔེ་རིས་སོགས་ཉི་ཤུ་ལྷག་ལ་བདག་ཀྱང་དངོས་སུ་མཇལ་མྱོང་བ་ཡིན།  ཁོང་གིས་ལྷན་སྐྱེས་ཀྱི་ཤེས་རབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས།  ཕྱི་གླིང་དེང་རབས་དངོས་འབྲི་རི་མོ་དང་ཁྱད་པར་དུ་དེང་རབས་སྣུམ་ཚོན་རི་མོའི་ཁྱད་ཆོས་རྣམས་ལ་ཞིབ་འཇུག་དང་ཉམས་ལེན་བྱས་པས།   ཁོང་གིས་བྲིས་པའི་སྲོང་བཙན་སྒམ་པོ་སོགས་ཀྱི་སྐུ་ཐང་ལ་སྣང་བརྙན་སྒྱུ་རྩལ་གྱི་རང་གཤིས་ཁྱད་ཆོས་ཤིན་ཏུ་གསལ་བ་སྟེ། རྒྱ་གར་སྙན་ངག་ལས་བྲིས་པ་བཞིན་མཛེས་མའི་མོ་གཤིས་ཀྱི་ཡོན་ཏན་དང་དགེ་མཚན་ཆ་བྱད་མངོན་པར་གསལ་བ་ཡིན་ལ།   《མི་ལ་རས་པའི་སྐུ་ཐང་》ལ་སྒྲུབ་ཕུག་གི་ཡུལ་ལྗོངས་སོགས“བྲག་དམར་མཆོང་ལུང་ཁྱུང་གི་རྫོང་།།  སྟེང་ན་ལྷོ་སྤྲིན་ཁོར་མ་ཁོར།།  འོག་ན་གཙང་ཆབ་གྱ་མ་གྱུ།།  བར་ན་རྒོད་པོ་ལ་མ་ལིང་།།”⑥བྱ་བ་དང་།    དཀའ་ཐུབ་ཀྱིས་ལུས་ཟུངས་ཟད་པའི་རྣམ་པ“དཀའ་ཐུབ་ཀྱིས་མཛེས་སེན་མོའི་ཁ་རེས་ནི།།  གསར་བ་ཕྲ་བའི་ལུས་ལྡན་ཟླ་མཛེས་ཀྱི།།  ཁ་ཟས་ལ་སྲེད་འདོད་ཆེན་ཁུར་འཆང་བའི།།   ཁེངས་ལྡན་རྣམས་ལ་འཕྱ་བའི་རྒོད་པ་བཞིན།།”⑦ཞེས་པའི་བརྗོད་དོན།  རིད་ལ་སྐམ་པའི་གདོང་གི་དབྱིབས་དང་འབུར་དུ་མངོན་པའི་རྩིབ་མོའི་ཕྲེང་རིས་རྣམས་སྒྱུ་རྩལ་སྣང་བརྙན་ལས་མངོན་པར་མཚོན་ཞིང་།《དཔག་བསམ་འཁྲི་ཤིང་》ལས“ཁྱོད་ནི་བཀྲ་བར་བརྒྱན་ལ་མཁས་ཏེ་མིག་བཟང་དག་ལ་མིག་སྨན་འདིས་ཀྱང་ཅི”བྱ་བ་ལས་དྲངས་ནས། དེ་ཡང་རྒྱ་གར་གྱི་བུད་མེད་དཀར་མོ་རྣམས་ཀྱི་མིག་གི་ཐན་ཀོར་གྱི་ཤ་ཤིན་ཏུ་ནག་ཅིང་།   དེ་ལང་ཚོའི་མཛེས་ཆ་ལ་ཡང་བརྩི་བས།  ཏིལ་དམར་གྱི་དུ་བ་སྣོད་དུ་བླངས་ཏེ།  ལྕགས་ཐུར་ཕྲ་མོ་ཞིག་གིས་མིག་གི་ཡས་མས་ཀྱི་སྤུ་མཚམས་ནས་བྱུགས་ཏེ་ནག་ཀོ་རེ་བ་བྱེད། དེ་ལ་མིག་སྨན་གྱིས་བྲིས་པ་བྱ་བའི་ཐ་སྙད་རྟག་ཏུ་ཡོད་པ་དེ་ཡིན་པས་མིག་གི་ནང་དུ་སྨན་བླུགས་པ་སོགས་ནི་མ་ཡིན། “རྒྱ་གར་ལང་ཚོ་མས་ལྕགས་ཐུར་ཕྲ་མོས་མིག་ལ་མིག་སྨན་འབྲི་བ་”ཡི་ཆུ་ཚོན་རི་མོ་དང་སྐྱ་བྲིས་རི་མོ་སོགས་དེང་རབས་དངོས་འབྲི་རིང་ལུགས་དང་ད་ལྟ་བལ་བྲིས་སུ་འབོད་པ་རྒྱ་གར་གྱི་དེང་རབས་རི་མོའི་སྒྱུ་རྩལ་དགེ་མཚན་རྣམས་ཀྱང་ངོ་བོ་གཅིག་ཏུ་སྦྲགས་ཐུབ་པ་བྱུང་ཡོད།  དེ་དག་ནི་བོད་པའི་ལྷ་རིས་སྒྱུ་རྩལ་གྱི་སྲོལ་རྒྱུན་ཁྱད་ཆོས་དང་ཕྱི་གླིང་དེང་རབས་དངོས་འབྲི་རིང་ལུགས་དང་སྣུམ་ཚོན་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་སྣོད་གཅིག་ཏུ་གཡོས་པའི་འབྲས་བུ་ཡིན་ལ།  བོད་ཀྱི་སྲོལ་རྒྱུན་ལྷ་རིས་དང་དེང་རབས་དངོས་འབྲིའི་སྒྱུ་རྩལ་དར་སྤེལ་གཏོང་བའི་ཐད་ནུས་པ་ཆེན་པོ་ཐོན་ཡོད།
          དགེ་ཆོས་རང་ཉིད་རྒྱ་གར་ཡུལ་ཁམས་ཀུན་ཏུ་རྒྱུ་སྐབས་ཀྱང་རྒྱུན་ཏུ་ཐུགས་གཙིགས་ཆེ་བའི་སྟོན་པའི་སྐུ་སོར་ལྔ་ལྷག་ཙམ་ཞིག་དང་མི་འབྲལ་ཞིང་རོགས་པ་ཞིག་དང་མཉམ་དུ་ཡོད་པའི་བློ་ཤེད་ལྟ་བུ་སྐྱེད་རྒྱུ་འདུག་ཅེས་གསུངས་ཤིང་། བཙོན་དུ་སྡོད་པའི་རིང་དུའང་། རང་གི་དད་པའི་སྟོབས་དང་སེམས་གསོའི་དོན་དུ་“འུ་ཐུག་པའི་སྐབས་ལ་སྐྱབས་སུ་རེ་ས་ཞིག་འཚོལ་ཁུལ་བྱས།  ལྷའི་སྐུ་ཞིག་བྲིས་ནས་དེ་ལ་གསོལ་བ་བཏབ་དུས།  དེ་རང་གིས་བྲིས་པ་ཡིན་སྙམ་པའི་བློ་དེ་བག་ལ་ཞ་ནས།   འདི་སྒྲོལ་མའི་སྐུ་ཞིག་ཡིན་སྙམ་པ་དང་།    སྒྲོལ་མ་ལ་གསོལ་བ་བཏབ་རྒྱུ་ཡོད་སྙམ་པ་ཡོང་རྒྱུ་འདུག   ང་བཙོན་དུ་སྡོད་པའི་རིང་ལ་སྒྲོལ་མ་འབུམ་གཅིག་བསགས་ཐུབ་བྱུང་ཞེས་གསུངས་བྱུང་། སྒྲོལ་མའི་སྐུ་དེ་ནི་ཆུ་ཚོན་གྱིས་བྲིས་གནང་བ་ཞལ་རས་ཤིན་ཏུ་ནི་མཛེས་པ།   ནུ་མ་རབ་ཏུ་འབུར་ཞིང་།  སྐུ་ཤ་ཕྲན་བུ་ཞིག་རྒྱས་སམ་སྙམ་པ་ལ།  དབུ་སྐྲ་དང་རྒྱན་ཆ་ལུགས་སོགས་རྒྱ་གར་གྱི་སྔ་མོའི་བྲིས་རྙིང་འཇིག་རྟེན་འདིར་ཡོངས་སུ་གྲགས་པའི་ནང་པའི་གནས་ཨཇནྡའི་རི་མོའི་བྲི་ཚུགས་ཅན་བལྟ་བས་ཆོག་མི་ཤེས་པ་ཞིག་འདུག་པ་ད་ལྟའང་གསལ་བོར་དྲན་”⑧ཞེས་ཁོང་གིས་བྲིས་པའི་ལྷ་རིས་རྣམས་ལའང་ཕྱག་རྒྱུན་དང་མཆེད་ཁུངས།  གཤིས་ཀ་དང་ཁྱད་ཆོས་མ་ཉམས་པར་སྲོལ་རྒྱུན་རྒྱུན་འཛིན་གྱི་དགེ་མཚན་ཤིན་ཏུ་གསལ།
          དགེ་འདུན་ཆོས་འཕེལ་ཁོང་གི་རི་མོ་དང་མཛེས་རྩལ་གྱི་ཡོན་ཏན་རྣམས་ནི་དགའ་ཕྱོགས་དང་མོས་ཕྱོགས།   ལྷན་སྐྱེས་ཀྱི་ཤེས་རབ་ལས་བྱས་པ་ཞིག་ཡིན་ནམ་སྙམ།  དེར་མ་ཟད་ཁོང་གིས་དམིགས་སུ་རི་མོ་དང་ཐང་རིས་སྦྱང་བའི་ལོ་རྒྱུས་ནི་གཞན་གྱིས་འཆད་པ་གང་ནའང་མེད།“དེ་ནས་དགུང་ལོ་ཉེར་ལྔ་ཉེར་དྲུག་ཙམ་ལ་བོད་དབུས་སུ་མ་ཕེབས་གོང་གི་ལོ་རྒྱུས་ངོ་མཚར་ཅན་ཞིག་དངོས་སུ་ཞལ་ལས་ཐོས་པ་ནི།   ང་རང་བཀྲ་ཤིས་འཁྱིལ་དུ་སྡོད་སྐབས་རི་མོ་མཁས་པའི་གྲངས་སུ་བགྲང་ནས། རྒྱུད་པ་གྲྭ་ཚང་གི་ལྕགས་མཁར་སྐབས་སུ་ཤོག་ལིང་འབྲི་བར་ཡོང་དགོས་གསུངས་བྱུང་བས་”⑨ཞེས་དེ་སྔ་ཅི་དགར་བྲིས་པའི་རི་མོ་དེ་དངོས་སུ་གཟབ་རྒྱས་ཀྱི་བརྗོད་བྱའི་སྟེང་བེད་སྤྱོད་ཀྱི་ནུས་པ་དང་ལྡན་པར་གྱུར་བས་དྲན་པ་ཤིན་ཏུ་གསལ།
          དགེ་འདུན་ཆོས་འཕེལ་རང་ཉིད་རི་མོའི་སྒྱུ་རྩལ་པ་ཞིག་ཡིན་པར་མ་ཟད་སྒྱུ་རྩལ་གྱི་གཞུང་ལུགས་ཞིབ་འཇུག་པ་ཞིག་ཀྱང་ཡིན་ཏེ། ཁོང་གིས་སྒྱུ་རྩལ་གྱི་བསམ་གཞིགས་དང་མཚན་ཉིད་རིག་པའི་བསམ་གཞིགས་གཉིས་བར་ཀྱི་ཁྱད་པར་ལ་དམིགས་ནས། ལྷན་སྐྱེས་སུ་སྒྱུ་རྩལ་གྱི་རིགས་ལམ་དང་གཤིས་ཀ་ལྡན་པའི་སྐྱེ་བོ་དེ་རྩོམ་རིག་དང་སྒྱུ་རྩལ་གྱི་རྩོམ་པ་པོར་འགྱུར་འགྲོ་བའི་ཆོས་ཉིད་གསལ་བཤད་བྱས།  “ལར་ནས་རི་མོ་མཁས་པ་དང་།  གླུ་དང་རོལ་མོ་མཁན་དང་། སྙན་ངག་མཁན་ཚོའི་གཤིས་ཀ་ནང་ཕན་ཚུན་མཐུན་པོ་ཞིག་རེད་འདུག  འདི་ཚོའི་རིགས་ངོ་མ་དེ་ལ་ཆོས་ཉིད་ཀྱི་གཤིས་ལུགས་ལ་ལྟད་མོ་བལྟ་ཤེས་མཁན་ཟེར་རམ།  དེའི་གཤིས་ལ་ཉེ་བ་ཞིག་རེད་འདུག གང་ལྟར།  སྤྲིན་གྱི་ཕོ་ཉ།  ཀླུ་ཀུན་ཏུ་དགའ་བའི་ཟློས་གར།  སྐྱེས་རབས་སོ་བཞི་སོགས་མཇལ་དུས།  དེ་དག་ནས་བཤད་པའི་རི་དང་ནགས་ཚལ།  རྒྱ་མཚོའི་རྦ་རླབས།  ཆར་སྤྲིན་གྱི་བྱེད་ལས།  བུད་མེད་མཛེས་མའི་རྣམ་འགྱུར།  བདེ་སྡུག་གི་ཚོར་བ་སེམས་ལ་ལྷང་ལྷང་བསྐྱེད་ནུས་པའི་རྩོམ་དེ་འདྲ་ལ་དོན་གྱི་སྙན་ངག་ཟེར་དགོས་པ་རེད།”⑩ཅེས་བྱུང་།  འདིར་ཆོས་ཉིད་ཀྱི་གཤིས་ལུགས་ལ་ལྟད་མོ་བལྟ་ཤེས་མཁན་ཟེར་ནི་སྒྱུ་རྩལ་གྱི་རིགས་སོ་སོ་ལ་གནས་སྟངས་ངོ་བོའི་ཆོས་ཉིད་དང་གསར་རྩོམ་ཆོས་ཉིད།   སྒྱུ་རྩལ་སྣང་བརྙན་དབང་ཤེས་སུ་སྣང་སྟངས་ཀྱི་ཆོས་ཉིད་སོ་སོ་བ་ཡོད་པས། རི་མོ་མཁན་དང་གླུ་གར་མཁན། རོལ་མོ་མཁན་དང་སྙན་ངག་མཁན་ཚོའི་གཤིས་ཀའི་ཁྲོད་ལྷན་སྐྱེས་སུ་སྒྱུ་རྩལ་གྱི་ས་བོན་སྨིན་ཡོད་པ་དང་སྒྱུ་རྩལ་གྱི་བསམ་གཞིགས་རང་སྟོབས་ཀྱིས་ཆགས་ཡོད་པར་གསུངས།
          དེའང་འོག་མིན་དང་འཇིག་རྟེན།  ལོ་རྒྱུས་དང་ལྷ་སྒྲུང་། ཆོས་ལུགས་དང་རྨོངས་དད། འཚོ་བ་དང་སྒྱུ་རྩལ་སོགས་ཀྱི་ངོ་བོ་དང་གནས་ལུགས་མཐར་ཐུག་ལ་དམིགས་ནས།    《གཏམ་རྒྱུད་གསེར་གྱི་ཐང་མ་》ལས་ཐེངས་གཅིག་མ་ཡིན་པར།    གལ་ཏེ་ལོངས་སྤྱོད་རྫོགས་སྐུའི་བཞེངས་རྟེན་འདི་དག་རྩྭ་དང་འདག་པ་དག་གིས་བཟོས་པ་མཐོང་ཚེ།   ཨ་རིག་རྒན་པོ་དག་ལ་ནི་དད་པ་གཏིང་ནས་ལོག་འགྲོ་ཞིང་།   དེ་ཉིད་ལྷ་རུ་ནམ་ཡང་འཛིན་མི་སྲིད་པའི་སེམས་ཁམས་ལ་ཞིབ་ཏུ་བརྟགས་ནས།   རྩོད་སྒྲུབ་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བསམ་བློ་དང་སྒྱུ་རྩལ་མཚན་ཉིད་རིག་པའི་ཡང་དག་པའི་ལྟ་སྟངས་བཟུང་ནས་སྒྱུ་རྩལ་གྱི་ངོ་བོ་དང་བདེན་པ་དངོས་ལ་ཞིབ་འཇུག་བྱས།   ཁོང་གིས་《ཀླུ་སྒྲུབ་དགོངས་རྒྱན་》ནང་།“རང་ཅག་གིས་ཁས་བླངས་པའི་འཇིག་རྟེན་ལས་འདས་པའི་ཆོས་སུ་རློམས་པ་འདི་དག་ཐམས་ཅད་ཀྱང་ཞིབ་ཏུ་བརྟགས་ཚེ། འཇིག་རྟེན་དང་། དེའི་ནང་ནས་མིའི་འགྲོ་བ་ཁོ་ན་ལ་དཔེ་བཀབ་ནས་བཟོས་པ་ཤ་སྟག་ཡིན་པ་དཔེར་ན།  རང་ཅག་རིན་པོ་ཆེ་ལ་དགའ་བའི་རྐྱེན་གྱིས་འོག་མིན་གྱི་ས་གཞི་ཁང་ཁྱིམ་སོགས་ཀྱང་རིན་པོ་ཆེའི་རང་བཞིན་དུ་བྱས།   དེ་བཞིན་ལོངས་སྤྱོད་རྫོགས་སྐུའི་མཚན་བཟང་རྣམས་ཀྱང་དོན་ལ་རང་ཅག་མིའི་མིག་ལ་ཡིད་དུ་འོང་བའི་ཆས་རྣམས་ཡིན། ལོངས་སྐུ་དང་། ལྷའི་ཆ་ལུགས་དེ་ཡང་སྔོན་གྱི་རྒྱ་གར་རྒྱལ་པོའི་ཆ་ལུགས་ཡིན་པར་ཞིབ་ཏུ་བརྟགས་པས་ཤེས།   འདི་རྣམས་རང་ཅག་གིས་བློ་བཟོ་ཙམ་མ་ཡིན་པར་མདོ་རྣམས་ལས་གསུངས་མོད་ཀྱང་།  དེ་ཡང་དོན་ལ་བློ་ངོར་འཆར་མི་བཏུབ་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་རང་ཅག་ལ་དྭངས་བ་དང་སྤྲོ་བ་བསྐྱེད་པའི་ཕྱིར་དུ་བློ་ངོར་འཆར་རྒྱུ་ཡོད་པ་ཞིག་ཐབས་མཁས་ཀྱིས་གསུངས་པ་ཙམ་ཡིན།  དཔེར་ན་སངས་རྒྱས་རྒྱ་ནག་ཏུ་བྱོན་པའི་དབང་དུ་བྱས་ན།  འོག་མིན་གྱི་ལོངས་སྐུ་དེ་ཡང་།    ཨག་ཚོམ་སྣུམ་ལ་རིང་བ།  འབྲུག་བེར་སེར་པོ་གྱོན་པ་ཞིག་འོང་ངེས།    དེ་བཞིན་སངས་རྒྱས་བོད་དུ་བྱོན་ན།   འོག་མིན་ན་གསེར་གྱི་ཇ་མདོང་དཔག་ཚད་ལྔ་བརྒྱ་པ་ཞིག་གི་ནང་དུ་འདོད་འཇོའི་བ་ཡི་མར་གསར་པ་དང་།  དཔག་བསམ་གྱི་ཤིང་གི་ལོ་མ་སྦྱར་བའི་གསོལ་ཇ་སོགས་ཡོད་པ་ཐེ་ཚོམ་མེད།”⑾ཅེས་བྱུང་།  འདི་ནི་འོག་མིན་དང་འཇིག་རྟེན།  ཆོས་ལུགས་དང་སྒྱུ་རྩལ་བར་གྱི་མཐར་ཐུག་གི་འབྲེལ་བ་ཡིན་ལ་དམ་པ་འདི་ཉིད་ཀྱི་སྒྱུ་རྩལ་མཚན་ཉིད་རིག་པའི་ལྟ་བ་མཐར་ཐུག་ཀྱང་ཡིན།
          སྣོད་བཅུད་འཇིག་རྟེན་གྱི་འཚོ་བ་འདི་སྒྱུ་རྩལ་བརྗོད་བྱ་དང་སྒྱུ་རྩལ་བསམ་བློའི་རྨང་གཞི་དང་འབྱུང་ཁུངས་ཆུ་མགོ་གངས་ལ་གཏུགས་ས་ལྟ་བུ་ཡིན་པ་དེ་སྒྱུ་རྩལ་ཐད་ཀྱི་དངོས་ཡོད་རིང་ལུགས་ཀྱི་བསམ་བློ་ཡིན་པར་མ་ཟད།   དེང་རབས་རང་ལུགས་དང་དངོས་འབྲི་རིང་ལུགས་ཀྱི་བསམ་བློའི་འབྱུང་ཁུངས་ཀྱང་ཡིན།   མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“རྨ་རྒྱལ་སྦོམ་རས་ཕྱིང་ཞྭ་གྱོན་པ་ནས་བཟུང་ལྷ་མོ་དཔལ་མོས་རྐང་གདུབ་གྱོན་པ་”ཐམས་ཅད་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་རྒྱལ་པོ་དང་མི་ཆེན་རྣམས་ཀྱི་སྣང་བརྙན་གཟུགས་སུ་བྲིས་པ་ཡིན་ཞེས་པའི་རིགས་འདེད་དེ་ཤིན་ཏུ་མད་དེ། མཁས་པ་ལྡེའུའི་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས་གདོད་མ་བོན་གྱི་འོག་མིན་གྱི་བཀོད་པ་དང་བོན་གྱི་ལྷ་རྣམས་ཀྱི་གྱོན་པ་དང་རྒྱན་ཆ་རྣམས་ལ་གཟིགས་ན།  ཐམས་ཅད་རང་ཅག་གདོད་མ་བོད་ཀྱི་མིག་ལ་མཛེས་ཤིང་ཡིད་དུ་འོང་བའི་ཆས་རྣམས་བཀོད་ཡོད་དེ།    གནམ་རིམ་པ་སྟེང་མར་དང“བཅོ་ལྔའི་སྟེང་ཕོ་བྲང་རྒྱུ་རིན་ཆེན་སྣ་ལྔ་ལས་གྲུབ་པ།  རྨང་གཞི་ལྕགས་ལ་བྱས་པ།  ཟུར་བཞི་གསེར་གྱིས་སྤྲས་པ།  བ་གམ་ཤེལ་དང་མཆོང་།  ཁ་ཁྱེར་གཡུའི་བད།  ལྕོགས་བཞི་དུང་དུ་བྱས་པ། ཐོག་ནི་ཤེལ་གྱིས་དགུ་རིས་སུ་ཕུབ་སྟེ། ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་པས་ཕྱི་གསལ་བའི་ནང་ན།  རྒྱུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་སྟེང་ན།  ཡབ་ལྷ་ཆ་ཡལ་ཡོལ་ཙམ་གཅིག  སྐུ་ལ་ཐང་གསེར་གྱི་སླག་ཆེན(སློག་ཆེན་)ལ་།  ཤེལ་གྱི་ཕུ་དུང་ཅན། གཡུའི་ཆ་ག་ཅན། སྤུ་ཚར་བ་རེ་རེ་ལ་དམག་སྐྱ་རེ་འོང་བ་གཅིག་སྐུ་ལ་གསོལ།    ཕྱག་ན་གསེར་གྱི་འགྱིང་འཁར་བསྣམས་ནས་བཞུགས་སོ”།⑿སོགས་འོག་མིན་གྱི་ས་གཞི་ཁང་ཁྱིམ་སོགས་ཀྱང་རང་རེའི་བོད་པ་རྣམས་ཀྱི་མིག་ལམ་དུ་ཆེས་རྩ་ཆེན་དང་།   རང་རེའི་བོད་ལ་ཁྱད་དུ་ཡོད་པ་གསེར་དང་མཆོང་། གཡུ་དང་དུང་ལ་སོགས་རིན་པོ་ཆེའི་རང་བཞིན་དུ་བྱས།  དེ་བཞིན་ལོངས་སྐུའི་མཚན་བཟང་རྣམས་ཀྱང་རང་རེའི་བོད་པ་རྣམས་ཀྱི་མཛེས་དཔྱོད་ལྟ་བ་དང་མཐུན་པ་གསེར་དང་མཆོང་།    གཡུ་དང་དུང་ལ་སོགས་རང་ཅག་གི་མིག་ལ་མཛེས་ཤིང་ཡིད་དུ་འོང་བའི་རིན་པོ་ཆེའི་རྒྱན་ཆ་རྣམས་ཡིན།  ཁྱད་པར་དུ་སྐུ་ལ་ཐང་གསེར་གྱི་སློག་པ་ཆེན་པོ་ཞིག་གྱོན་པ་དེ་ཡང་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ་དང་ལྷ་མོ་དཔལ་མོའི་རྐང་གདུབ་དང་ཀུན་ནས་མཚུངས་ཏེ།  མི་རིགས་ཀྱི་ཡུལ་སྲོལ་རིག་གནས་ལས་ཆེས་གདོད་མ་དང་། ཆེས་དཔེ་མཚོན་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་མཚོན་རྟགས་རྣམས་ཡི་གེར་བཀོད་པ་ལགས།
          《སྔོན་དུས་བོད་པ་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་ལུགས་སྐོར་》ལས།  “དེ་དུས་རྗེ་བློན་རྣམས་ཕལ་ཆེར་ཏ་ཟིག་གི་རྒྱལ་པོ་སོགས་ཀྱི་ལད་མོ་གནང་གི་ཡོད་ཚོད་དུ་འདུག་ཅིང་།(ཐང་རྒྱལ་རབས་ཀྱི་རི་མོ་བ་ཡན་ལིས་པིན་གྱི་བློན་པོ་མགར་གཉེན་སློང་དུ་འོང་བ་བྲིས་པ་དར་གོས་ཀྱི་ལྭ་བ་ཏ་ཟིག་གི་ཆས་དང་། ཏ་ཟིག་གི་ཐོད་དཀྲིས་ཅན་གྱི་སྲོང་བཙན་སྒམ་པོའི་སྐུ་བརྙན་)དབུ་ལ་དར་ཐོད་ཡོད། དེ་ཡང་རྒྱ་གར་བ་བཞིན་འཁོར་རྒྱ་ཆེ་བ་མི་དཀྲི་ཞིང་།    ཏ་ཟིག་པ་བཞིན་རྩེ་རིང་ལ་མཐོ་བར་དཀྲི།   སྲོང་བཙན་གྱིས་ལེབ་རྒན་དམར་པོ་དབུ་ལ་དཀྲིས་པར་བཤད་པ་དེ་ཡང་སྔོན་གྱི་ཏ་ཟིག་རྣམས་བྱེད།   ཡུལ་སོ་སོའི་ལྷའི་ཆས་ནི་རྟག་ཏུ་ཡུལ་མི་གཙོ་བའི་ཆ་ལུགས་སུ་འོངས་པས།  རང་རེའི་ལྷ་བཙན་དང་རྒྱལ་པོར་འབོད་པ་འདི་དག་ལས། སྔོན་གྱི་བཙན་པོ་དང་། རྒྱལ་པོ་སོགས་དྲན་དགོས་པ་ཡིན།.....།  ཡུལ་སོ་སོའི་ལྷ་རྣམས་ཡུལ་དེ་དང་དེའི་མི་དག་གི་རྣམ་པར་བྱས་པས་དེ་ལས་སྔོན་གྱི་ཚུལ་རྗེས་སུ་དཔགས་པ་འདི་ལ་མང་པོ་དག་གིས་བྱིས་པའི་རིགས་པ་ལྟ་བུར་སེམས་མོད། རྨ་རྒྱལ་སྦོམ་རས་ཕྱིང་ཞྭ་གྱོན་པ་ནས་བཟུང་ལྷ་མོ་དཔལ་མོས་རྐང་གདུབ་གྱོན་པའི་བར་ཞིབ་ཏུ་ལྟོས་དང་།  ཡུལ་མིའི་རྣམ་པ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ།།”⒀ཞེས་ལོངས་སྐུར་འབོད་པའི་ཆོས་ལུགས་ཀྱི་རྟེན་བཞེངས་འདི་དག་ཆོས་ལུགས་སྒྱུ་རྩལ་གྱི་ཁྱབ་ཁོངས་ཡིན་པས།   ཆོས་ལུགས་དང་སྒྱུ་རྩལ། ལྷ་དང་མིའི་བར་གྱི་འབྲེལ་བ་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་དགོས་ན།  ངེས་པར་དུ་དངོས་གཙོ་རྩོད་སྒྲུབ་ཀྱི་བསམ་བློ་དང་སྒྱུ་རྩལ་མཚན་ཉིད་རིག་པའི་བསམ་བློ་ཡང་དག་པ་ཞིག་མེད་ན་སེམས་གཙོ་རིང་ལུགས་ཀྱི་ཆད་མཐར་ལྷུང་འགྲོ་ངེས་ཡིན་ལ།   སྒྱུ་རྩལ་གྱི་ངོ་བོ་དང་གནས་ལུགས་མཐར་ཐུག་ལ་བསྙོན་འདིང་བ་དང་ཁྱད་གསོད་བྱེད་པ་ལས་ཐབས་མེད།
གསུམ། བོད་ལ་ནང་བསྟན་ལྷ་རིས་ཀྱི་གྲུབ་མཐའ་དང་སྲོལ་ལུགས་སྣ་ཚོགས་དར་ཚུལ།
          རྒྱ་གར་བས་ཐོག་མར་པད་མ་དང་བཞུགས་ཁྲི་ལ་སོགས་པས་སྟོན་པའི་ཚབ་བྱེད་པ་ནས་ཁྱིམ་པ་བའི་ཆ་ལུགས་ཅན་གྱི་སྟོན་པའི་སྐུ་བརྙན་འབྲི་སྲོལ་བྱུང་བའི་བརྒྱུད་རིམ་དང་།  རང་རེའི་བོད་ཀྱི་སྲོལ་རྒྱུན་རྒྱན་ཆའི་རྣམ་པ་ཅན་གྱི་སྟོན་པའི་སྐུ་བརྙན་བཞེངས་པ་འདི་ནི་བོད་བརྒྱུད་ནང་བསྟན་ལྷ་རིས་སྐུ་ཐང་གི་འཕེལ་རྒྱས་དང་ཁྱད་ཆོས་གཙོ་བོ་དག་ཡིན།    “རྒྱ་གར་བའི་གཟུགས་བརྙན་ལ་ཁྱིམ་པ་བ་དང་།  རབ་བྱུང་གི་ཁྱད་ཡེ་འབྱེད་མི་ནུས་པ་སྔོན་གྱི་རྒྱལ་པོ་མང་པོའི་འདྲ་བརྙན་རྡོ་ལས་བྱས་པ་མཐོང་ན་ཡིད་ཆེས་ནུས་པས་རྒྱ་གར་པའི་སྐུ་བརྙན་རྣམས་ལ་སངས་རྒྱས་ཀྱི་གཟུགས་སུ་བྱས་སམ་བྱང་སེམས་ཀྱི་རྣམ་པར་བྱས་པ་རྒྱན་ཙམ་གྱིས་འབྱེད་ན་མ་གཏོགས་ཁྱད་གཞན་མི་རྙེད་ཅིང་། སངས་རྒྱས་དབུ་རྒྱན་ཅན་འདི་ལོངས་སྐུའི་རྣམ་པ་ཡིན། ལྷའི་རྣམ་པ་སོགས་མང་པོ་ཟེར་ཀྱང་ཡིན་ངེས་པ་བྱང་སེམས་ཁྱིམ་པའི་རྣམ་པར་འདུག་སྙམ།   རང་རེའི་ལྷ་སའི་ཇོ་བོའི་རྣམ་པ་འདི་ལྟ་བུའི་སྐུ་བརྙན་ཕྱག་གཡས་པ་ན་བཟའི་ཕྱིར་བཏོན་པ་ལ་དབུ་རྒྱན་དང་མགུལ་རྒྱན་ཡོད་པ།  རྒྱ་གར་གྱི་རྡོ་སྐུ་རྙིང་མ་དག་གི་ཁྲོད་ན་གྲངས་ཀྱིས་མི་ཆོད་པ་ཙམ་འདུག་ཅིང་།  ལི་རྙིང་དག་ལ་ཡང་དེ་ཁོ་ན་ལྟར་འདུག་པས་སངས་རྒྱས་ཀྱི་སྐུ་དབུ་རྒྱན་ཅན་འདིའི་སྲོལ་སྔོན་རྒྱ་གར་དུ་དར་བ་ཙམ་བོད་དུ་ད་དུང་ཡང་མེད་སྙམ་པ་ཙམ་མཆིས་ལ།  བྷར་མ་དང་ཤྱམ་གྱི་ཡུལ་ན་ད་ལྟའི་བར་སྟོན་པ་དབུ་རྒྱན་ཅན་བཞེངས་བའི་སྲོལ་ཤིན་ཏུ་དར།   མ་མཐའ་ཡང་དཔྲལ་བའི་སྐྲ་མཚམས་སུ་རིན་པོ་ཆེའི་ཕྲེང་བ་རེ་སྐུ་བརྙན་ཆུང་ངུ་ལ་ཡང་བྱེད་ཅིང་།  དེ་མེད་ན་ཡན་ལག་མ་ཚང་བ་ལྟ་བུར་བརྩི།   དེས་ན་འགའ་ཞིག་གིས་རྗེ་བླ་མས་ཇོ་བོ་ལ་དབུ་རྒྱན་སྒྲོན་པ་འདི་སྔོན་མི་སྲིད་པའི་དཔེ་གསར་ཞིག་བྱས་པར་སེམས་པ་ནི་ཧ་ཅང་ཡང་མཐོང་རྒྱ་ཆུང་བའི་གཏམ་དུ་འདུག་ལ། འགའ་ཞིག་གིས་དེའི་ལན་དུ་ཇོ་བོའི་སྐུ་འདི་ལ་བོད་དུ་དབུ་རྒྱན་མེད་ཀྱང་། དེ་གོང་ཨོ་རྒྱན་ན་བཞུགས་དུས་ཡོད་ཟེར་བ་ཡང་དོན་ལ་བྱུང་རྒྱལ་དུ་སྨྲས་པ་ཙམ་ཡིན་མོད།  མོ་སྟོན་ཕག་མགོའི་མོ་བཞིན་ཤིན་ཏུ་ཐུག་ནས་སྣང་སྙམ།    གང་ལྟར་ནས་ཀྱང་མྱ་ངན་མེད་སོགས་ཀྱི་དུས་སུ་སངས་རྒྱས་ཀྱི་སྐུ་བརྙན་མ་བཞེངས་པ་འདི་ལ་ནི་ཡེ་མ་བརྟག་པར་མགོ་ཌ་མ་རུ་བཞིན་གཡུགས་ཏེ་རང་རེའི་འཆར་ཅན་གྱི་ཨུ་ཚུགས་དེ་བྱས་ན་ནི་རང་འདོད་ཙམ་ཡིན་མོད།  འོན་ཀྱང་བརྟག་དཔྱད་བྱས་ན་ནི་སྙིང་གི་ནང་དུ་རིག་པ་ཅུང་ཟད་ཞུགས་སུ་སུས་ཀྱང་འགོག་མི་ནུས་ལ།  མཆོད་རྟེན་སོགས་གྲངས་དེ་ཙམ་མང་བ་བཞེངས་ཤིང་། ཕལ་ཆེར་ལ་སྟོན་པའི་རྣམ་ཐར་བརྐོས་རིས་སུ་བཏབ་མེད།  སྟོན་པའི་གོ་ས་གང་ཡིན་སྟོང་པར་སྣང་བས་ཡུལ་ཉི་ཚེ་བ་ཞིག་དེ་འདྲ་གཅིག་མཐོང་བ་ཡིན་སྙམ་དུ་བཟུང་བར་མི་བྱའོ།།”⒁ཞེས་གསུངས།
          རྒྱ་གར་གྱི་ལྷ་སྐུ་རྣམས་ལ་ས་གནས་ཀྱི་ཁྱད་ཆོས་དང་ཁ་དབུགས་དྲོད་གྲང་གི་ཁྱད་ཆོས་སོགས་གསལ་བའི་དབང་གིས། “གནའི་སྐུ་བརྙན་དང་གཟུགས་བྲིས་སོགས་ལ་བལྟས་ནས་སྔོན་གྱི་ཆོས་དང་ཚུགས་ལུགས་སོགས་ཀྱང་ལེགས་པར་ཤེས་ནུས་པ་ཡིན་ཏེ། དཔེར་ན། མོོརྱའི་རྒྱལ་རྒྱུད་ཀྱི་སྐབས་མྱ་ངན་མེད་ལ་སོགས་པའི་དུས་སུ་བྱུང་བའི་གཟུགས་བརྙན་རྣམས་ནི་ཕོ་མོ་གཉིས་ཀ་རོ་སྟོད་གཅེར་བུ་དང་། ཕོ་ལ་ཡང་དཔུང་གདུབ་དང་། སྐེ་ལ་དོ་ཤལ་དང་།   མགོ་ཡི་དར་ཐོད་མདུན་དུ་འབུར་བ་དང་།  བུ་སྨད་ལ་ལོག་པགས་སམ་སྐེད་པའི་རྒྱན་དང་།  མགོ་ལ་རིན་པོ་ཆེ་ཕྲེང་བ་བརྩེགས་ཏེ་དཀྲིས་པ་དང་། རྐང་གདུབ་བདུན་རྒྱན་བརྩེགས་པ་སོགས་དཔེ་རིས་ལ་གསལ་བ་ལྟར་ཡིན།  ལྷ་སྐུ་ཕར་ཆེར་དེ་དུས་ཀྱི་རྣམ་པ་ཡོད་ཅིང་།  དེ་ནས་ཕྱིས་སུ་བྱུང་བ་རྣམས་ལ་སྟོད་གོས་གྱོན་པ་དང་།  རྒྱལ་པོ་ཀནིཤིཀ་སོགས་བྱང་གི་ཡུལ་གྲང་མོ་དག་ནས་འོང་པས་གཟུགས་བརྙན་ཀྱང་གོས་ཕུ་ཐུང་ཅན་གྱོན་པ་བྱས་ཏེ།  རིམ་གྱིས་བུ་སྨད་རྣམས་ལ་མགོའི་རྒྱན་ཆེན་པོ་དེ་མི་སྣང་ཞིང་། སྨད་གཡོགས་སུལ་མང་པོ་ཅན་གྱོན་པ་བྲིས་ཏེ་བལ་བྲིས་ཀྱི་ཐང་སྐུ་ལ་ཡང་ཡོད་དོ།།  དེ་དག་ཀྱང་སྐུ་བརྙན་གཅིག་དང་ཡུལ་གྲུ་གཅིག་ནས་རྙེད་པ་མ་ཡིན་གྱི། རྒྱལ་པོ་སོ་སོའི་རྒྱལ་སྲིད་ཀྱིས་ཁྱབ་པའི་ཕྱོགས་ཐམས་ཅད་ནས་སྐུ་བརྙན་གང་བྱུང་ཐོག་རྣམ་པ་འདྲ་བར་ཡོད་ལ། ཇོ་བོས་རྒྱ་གར་ན་བཟོ་ཐམས་ཅད་མཚུངས་པར་ཡོད་ཅེས་གསུངས་པར་གྲགས་པ་བཞིན་དུས་ཐོག་རེ་རེས་ཀྱི་བཟོ་ཐམས་ཅད་ངེས་པར་དུ་རྣམ་པ་གཅིག་ཏུ་སྣང་ངོ་།  དེས་ན་ཡི་གེ་ལ་བརྟེན་ནས་ནི་སྔོན་གྱི་བྱུང་བ་དང་སྤྱོད་པ་སོགས་མང་དུ་ཤེས་ནུས་པ་ཡིན་ལ་རི་མོ་ལ་བརྟེན་ནས་ཀྱང་མང་པོ་ཞིག་ཤེས་པར་ནུས་ཏེ། ལྷ་སྐུ་སོགས་ཀྱི་རྣམ་པ་དག་དངོས་ཡུལ་གང་དུ་བྱུང་བ་དེའི་ཡུལ་གྱི་གཙོ་བོ་སོགས་ཀྱི་རྣམ་པ་ཅན་དུ་བྱས་པར་ཤིན་ཏུ་གསལ་བ་ཡིན།”ཞེས་དང་། “དེ་ལྟར་སྔོན་རྒྱ་གར་དབུས་པ་རྣམས་རོ་སྟོད་གཅེར་བུར་ཡོང་ཅིང་།    ད་དུང་ཡང་ལྷོ་ཕྱོགས་ན་ཕོ་མོ་གཉིས་ཀ་སྟོད་གཅེར་བུར་ཡོད།.....། དེ་ལ་རྒྱ་གར་གྱི་སྐུ་རྙིང་པ་རྣམས་ལ་རྟགས་མི་འཁྲུལ་པ་དཔེ་རིས་ལ་གསལ་བ་ལྟར་གྱི་སྙན་གོང་དུ་པདྨའམ་ཨུཧྤལ་གཟུགས་ཕྱེད་པ་ཡོད་པ་དང་།  གཙུག་ཏོར་སྦོམ་པོ་དང་།   སྨད་གཡོགས་རས་ཡུག་ཆེན་དཀྲིས་ནས་མདུན་དུ་མདུད་པ་བོར་བ་སོགས་ཡོད་ལ།  སྟོད་ལ་རྒྱན་ཙམ་ལས་དར་འཕྱང་བྱ་བ་དེ་ཡང་མ་མཐོང་ཞིང་།  རས་གོས་མནབས་པ་ཡོད་ཀྱང་སྤྱན་རས་གཟིགས་བྲམ་ཟེའི་གཟུགས་ཅན་བཞེངས་པའི་བྲིས་ཆ་རང་རེ་ལ་ཡོད་པ་དེ་ལྟར་སྣང་ཞིང་།   མདོ་སྨད་ནས་བཏོན་པའི་གཏེར་རྫས་འཁྲུལ་མེད་ཀྱི་སྐུ་བརྙན་འགའ་རེ་སྔོན་མཐོང་པ་ཕྱིས་རྒྱ་གར་གྱི་སྐུ་རྙིང་མང་པོ་མཇལ་ཚེ་དེའི་སྲོལ་དུ་སེམས།”⒂ཞེས་གསུངས།
          དེས་ན་རྒྱ་གར་རང་ཡུལ་གྱི་སྟོན་པའི་སྐུ་གཟུགས་སྒྱུ་རྩལ་གྱི་ཚད་ལྡན་བཟོ་ཐབས་ལ་ལུགས་དང་གྲུབ་མཐའ་གང་དག་ཡོད་ཅེས་ན། “སྟོན་པའི་སྐུ་བརྙན་ལ་ནི་གྲགས་ཆེ་བ་དྲི་ཟའི་ལུགས་སུ་བྱ་བ་དང་།   གུབྟའི་བཟོ་བྱ་བ་གཉིས་ཡོད།   སྐུ་བརྙན་ལུགས་གཉིས་ཀ་ཡང་དཔུང་བ་གཉིས་ཀ་ན་གཟན་གཡོགས་ནས་ཡོད།    དྲི་ཟའི་བཟོ་རྣམས་རྡོ་སྔོན་པོ་ཤ་སྟག་ལས་བྱས། གུབྟའི་བཟོ་རྣམས་བྱེ་རྡོ་དམར་སྐྱ་ལས་བྱས།  གུབྟའི་ལུགས་ལ་ན་བཟའ་མཐའ་ཆགས་ཙམ་ལས་གཉེར་མ་ཡེ་མེད་པའམ་ཡང་ན་ཆུ་རིས་ཅུང་ཟད་ཙམ་དང་དབུ་སྐྲ་རྣམས་ཆོམ་བུ་རུག་གེ་པ་རང་རེའི་སྐུ་བརྙན་དང་འདྲ་ཆེ། དྲི་ཟའི་ལུགས་ནི་ན་བཟའ་ལ་རས་དངོས་ཀྱི་གཉེར་མ་ལྟ་བུ་ཡོད།  དབུ་སྐྲ་འཛིང་པའི་རྣམ་པར་བྱས་ཤིང་། ཞལ་རས་མིའི་རྣམ་པ་ཆེར་གསལ་བ་དག་འདུག   སྐུ་བརྙན་དེ་དག་ཀྱང་ད་ལྟ་གསུང་འབྱོན་ནམ་སྙམ་པ་ལྟ་བུ་མཆིས། ཤིན་ཏུ་ཡ་མཚན་པ་མོོརྱའི་བཟོ་ལ་ནི་སངས་རྒྱས་ཀྱི་རྣམ་ཐར་མང་པོ་རྡོ་ལ་བརྐོས་ཀྱང་དེའི་ཁྲོད་ནས་སངས་རྒྱས་ཀྱི་སྐུ་བརྙན་ནི་ཡེ་མེད།  ཆོས་འཁོར་བསྐོར་བ་ལ་དགེ་སློང་ལྔ་དང་།  ཁྲི་དང་གདུགས་རྣམས་ལས་ཁྲིའི་སྟེང་ན་སངས་རྒྱས་བཞུགས་པ་དེ་སྟོང་པར་ཡོད།   མྱ་ངན་ལས་འདས་པ་ཡང་ཁྲི་རིང་པོ་དང་།  ཤིང་སཱ་ལ་ཟུང་དང་།  དགེ་སློང་ངུ་བའི་གཟུགས་བརྙན་རྣམས་བྱས་ཀྱང་ཁྲིའི་སྟེང་སྟོང་པར་ཡོད།    དེ་བཞིན་སངས་རྒྱས་པ་ལ་ཡང་བྱང་ཆུབ་ཀྱི་ཤིང་དང་།   ཁྲི་སྟོང་པ་དང་།  བདུད་ཀྱི་ཆོ་འཕྲུལ་བསྟན་པ་སོགས་ཡོད།   མངོན་པར་འབྱུང་བ་ལ་ཡང་འདུན་པས་རྟ་ཁྲིད་དེ་སྒ་སྟོང་པའི་སྟེང་དུ་གདུགས་ཞིག་ལས་མེད།.....།  དེ་མིན་བཟོ་ལ་ལྟོས་ནས་ཀྱང་ཤིན་ཏུ་གསལ་བར་ངོས་ཟིན།  སྐུ་འཁྲུངས་པ་ལ་པདྨ་བདུན།   སངས་རྒྱས་པར་ཁྲི་ལྷམ་པ་དང་བྱང་ཆུབ་ཤིང་།   ཆོས་འཁོར་བསྐོར་བར་རི་དྭགས་གཉིས་དང་འཁོར་ལོ།    མྱ་ངན་ལས་འདས་ནས་སཱ་ལ་གཉིས་དང་ཁྲི་རིང་པོ་སྟེ་མཚན་མ་བཞི་པོ་འདི་ཙམ་རྟག་ཏུ་འབྱུང་།”⒃ཞེས་བྱུང་།
          གཞན་དུ་རང་རེའི་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་སྲོལ་རྒྱུན་ལ་ཤན་ཞུགས་ཆེ་བ་ནི་བལ་བྲིས་ཀྱི་ཐང་ཀའི་ཁྱད་ཆོས་དེ་ཡིན་ཏེ། “ད་ལྟའི་བར་རང་རེའི་ཐང་བྲིས་ལ་བུད་མེད་ཀྱི་གཟུགས་དག་གི་གཉའ་པ་ལ་སྐྲ་རྡོག་བཅིངས་པ་ཞིག་བྲི་བ་འདི་ཡང་རང་རེའི་ཡུལ་གྱི་ཆ་ལུགས་ལ་མེད་པས་སྔོན་གྱི་རྒྱ་བལ་གྱི་རི་མོའི་རྒྱུན་ཡིན་ལ་ཡུལ་དེ་དག་གི་བུད་མེད་རྣམས་སྐྲ་ལྟག་པར་བཅིངས།   སངས་རྒྱས་ཀྱི་སྣང་བརྙན་རྒྱ་བཟོ་འཁྲུལ་མེད་རྣམས་ལ་ནི་སྐུ་ལུས་ཆེ་ཞིང་ཞལ་རས་ཕྲ།  དབུའི་དཔྲལ་བ་མཐོ་ཡང་ཞེང་མི་ཆེ།   སྤྱན་ཀོང་ཉམས་ཆེ།   དབུ་གཙུག་མདུན་རྒྱབ་ཏུ་རིང་པ་སོགས་རྒྱ་གར་པའི་ཉམས་ཡོད།   དུས་ཕྱིས་རྒྱ་ནག་དང་བལ་བོའི་བྲིས་རྒྱུན་སླེབས་པ་དག་ལ་དཔྲལ་བ་ཞེང་ཆེ་བ་བསོད་ནམས་ཀྱི་མཚན་དུ་འདོད་པས་སྐུ་བརྙན་ཡང་དཔྲལ་བ་ཞེང་ཆེ།  ཞལ་རས་ཀྱང་རང་རེའི་མི་བཞིན་ཆེ་ཞིང་ལེབ་མོར་ཡོད། ཤམ་ཐབས་ཀྱི་སྐེ་རགས་མདུན་དུ་སྣེ་འཕྱང་པ་དང་། ཤམ་ཐབས་དང་ཆོས་གོས་ཀྱི་ནང་ཤ་སྔོན་པོ་སོགས་ཡོད།  རྒྱ་བལ་གྱི་བྲིས་དང་བྲིས་རྒྱུན་ལ་སངས་རྒྱས་ཀྱི་སྤྱན་འབྲས་སྔོན་པོར་སྣང་ཞིང་། མདོ་སྨད་སོགས་སུ་རི་མོ་དར་བ་གསེར་གྱིས་བྲིས་ཏེ་བོད་ཀྱི་མིག་འདྲ་བར་བྱས། སྔོན་རིགས་མ་འཆོལ་སྐབས་རྒྱལ་རིགས་རྣམས་མིག་སྔོན་པོ་དང་།  བྲམ་ཟེ་རྣམས་སྐྲ་དང་མིག་སེར་སྐྱར་ཡོད་ཟེར།  སྔ་མ་ནི་མཚན་བཤད་སྐབས་སྤྱན་མཐོན་མཐིང་དུ་གསུངས་ཏེ།  དྲི་མེད་འོད་ལེགས་སུ་སྤྱན་སྔོ་བ་ཞེས་བྱ་བ་ནི།   སྤྱན་གྱི་སྔོན་པོའི་ཆ་རྣམས་ཤིན་ཏུ་སྔོན་པོ་ཞེས་པ་དང་། རྒྱ་བྲིས་ཀྱི་རི་མོ་གཉིས་ཀ་མཐུན་ལ་བྲམ་ཟེ་ཁྱེའུ་སྐྲ་གསེར་གྱི་ཁ་དོག་ཅན་ཞིག་སླེབས་ཏེ་སོགས།  མཆོག་ཟུང་གི་བྱུང་བར་གསུངས་པ་དང་།   བྲམ་ཟེ་སྤྲིན་གྱི་མར་མེ་མཛད་ཀྱི་ཞབས་འོག་ཏུ་རལ་བ་གསེར་གྱི་ཁ་དོག་ཅན་བཏང་བར་གསུངས་པ་དང་།《སངས་རྒྱས་ཀྱི་སྤྱོད་པ་ཆེན་པོ་》ལས།  བྲམ་ཟེའི་གཟུགས་བཤད་སྐབས་མིག་ནི་དཀར་གསེར་སྣ་ནི་ཕྲ་ལ་རིང་། སོགས་བཤད་པ་དང་ཡང་མཐུན་ནོ།།  དེས་ན་ཕལ་ཆེར་ད་ལྟའི་ཡོ་རོབ་པའི་རིགས་དང་འདྲ་པོ་ཞིག་ཡིན་འདུག་གོ།”ཞེས་བྱུང་། “དེས་ན་རྒྱ་གར་གྱི་རྒྱལ་རིགས་དང་བྲམ་ཟེའི་རིགས་འདི་ཐོག་མར་ཡོ་རོབ་གླིང་གི་ཨུ་རུ་སུ་ཞི་པའོ་ལི་ཡའི་ས་ཐོག་ཏུ། ལིས་ཧེད་དང་ཧཱེ་ཧེད་ཟེར་བའི་མཚོ་རྫིང་གཉིས་ཀྱི་བར་མཚམས་སུ་གནས་པ་ཕྱིས་སུ་འཇར་མན་སོགས་ཡོ་རོབ་གླིང་གི་ས་གནས་སོ་སོར་མཆེད་པ་རཱིར་མེན་འབོད་པའི་མི་རིགས་དང་།  རྒྱ་གར་ལྷོ་ཕྱོགས་ལ་མཆེད་པ་ད་ལྟ་ཨརྱཎ་པ་ཟེར་བའི་མི་རིགས་ཀྱི་རུས་རྒྱུད་དུ་གཏོགས་པའི་རུས་རྒྱུད་ཀྱི་སྣང་བརྙན་ཡིན་པ་བསྟན།”⒄ཞེས་རང་རེ་བོད་ཀྱི་ཐང་ཀའི་སྲོལ་རྒྱུན་ཁྲོད་གྲུབ་མཐའ་གལ་ཆེན་དུ་གྱུར་བའི་བལ་ཐང་གི་དབྱེ་བ་དང་སྒྱུ་རྩལ་ཁྱད་ཆོས་བྱེ་བྲག་ཏུ་གསུངས་ཡོད།
          གཞན་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བོད་བར་རིག་གནས་ཀྱི་འབྲེལ་བ་བྱུང་ཞིང་།  ཁྲི་སྲོང་ལྡེ་བཙན་ཡབ་སྲས་སྐབས་སུ་ཏུན་ཧོང་བྲག་དགོན་དཀྱིལ་སྙིང་དུ་བྱས་པའི་མདོ་ལ་རིང་མོའི་ལ་རྒྱུད་ཀྱི་ཡུལ་ཁམས་རྣམས་བོད་ཀྱིས་ལོ་ངོ་བརྒྱད་ཅུ་ལྷག་གི་བར་དུ་དབང་བསྒྱུར་བྱས་པ་དང་བསྟུན་ནས་རྒྱ་བོད་བར་དུ་ཆོས་ལུགས་དང་ཚན་རྩལ།   ཚོང་འགྲུལ་དང་དམག་དོན་སོགས་ཀྱི་འབྲེལ་བ་ལྷག་པར་ཇེ་མང་དུ་སོང་བའི་དབང་གིས།  རྒྱ་བྲིས་ཐང་ཀའི་སྲོལ་ལུགས་དང་ཁྱད་ཆོས་ཀྱང་བོད་ལ་བྱུང་ཡོད་དེ།    “ཀླུ་མེས་འབྲོམ་ཆུང་གིས་རྒྱ་ནག་ནས་སྤྱན་དྲངས་ཞེས་གྲགས་པས་འདི་དག་ལ་རྒྱ་མིའི་ཧྭ་ཤང་གི་གསོལ་བའི་གསང་གོས་སྔོན་པོ་དེ་ཡང་ཡོད། བདེ་བ་ཅན་གྱི་ཞིང་བཀོད་ཀྱང་རྒྱའི་བྲིས་ཆ་རྒྱ་ནག་ནས་ཡིན་འདུག་པ་ལྷམ་ཡུ་རིང་དང་། དོར་མ་དཀར་པོ་དང་། ཨག་ཚོམ་རིང་པོ་དང་།  མགོ་ལ་ཐང་གི་རྒྱལ་པོའི་དུས་སུ་གྱོན་པའི་ཞྭ་ཟུར་མང་བ་དེ་དང་།  གཞན་ཡང་རྒྱབ་ཡོལ་གྱི་མཐར་མེ་འབར་བ་དང་།  ཁྲབ་ཀྱི་མདུན་དུ་ཉ་པགས་སམ་སྲམ་པགས་འཕྱང་པ་སོགས་རྒྱའི་ལུགས་ཁོ་ནར་འདུག་པས་འདི་ཡང་གནས་བརྟན་བཅུ་དྲུག་གི་རི་མོ་དང་མཉམ་དུ་རྒྱ་ནག་ནས་བྱོན་པར་སེམས་”⒅ཞེས་བྱུང་།  དེ་བཞིན་ཏུན་ཧོང་བྲག་ཕུག་དགོན་པའི་ལྡེབས་རིས་སྟེང་དུ་ད་ལྟའང་མཐོང་དུ་ཡོད་པ།  བོད་ཀྱི་བཙན་པོས་ཆོས་ཞུ་བ་དང་།   བོད་ཀྱི་བཙན་པོས་མི་རིགས་གཞན་གྱི་ཕོ་ཉ་ལ་མཇལ་འཕྲད་གནང་བ་སོགས་ལྡེབས་རིས་བཅུ་ལྷག་མཐོང་བ་དེ་དག་ཀྱང་ཡང་ན་རྒྱ་ནག་གི་རི་མོའི་ཤན་ཞུགས་པ་དང་།  ཡང་ན་ཨ་རབ་རིག་གནས་ཀྱིས་མཚོན་པའི་ལི་ཡུལ་བྲིས་ཐང་གིས་ཤན་ཞུགས་པ་མངོན་གསལ་དུ་མཐོང་ཐུབ།
          གཞན་ཡང་ད་ལྟ་རང་རེའི་བོན་གྱི་ལྷ་རིས་སྐུ་ཐང་རྣམས་ལ་མི་རིགས་དང་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཉམས་ནས།   ལི་ཡུལ་དང་བལ་བྲིས་མའི་ཁྱད་ཆོས་གསལ་བ་འདི་དག་ཀྱང་ནང་བའི་བསྟན་པ་ཤུགས་ཆེ་བ་ལ་བརྟེན་ནས་རིམ་འགྱུར་བྱུང་བའི་རྣམ་པ་ཞིག་སྟེ། “རང་རེའི་བོད་ཀྱི་ལྷ་རྙིང་པ་ནི་བོན་གྱི་ལྷ་རྣམས་དང་བཙན་བྱ་བ་ས་བདག་ཡིན་ནོ། གོ་རིམ་མང་པོ་བརྩེགས་པ་དང་། རྡོ་རྗེ་ལེགས་པ་སོགས་ལ་བསེ་ཐེབ་(ཐང་ཞུ་)གྱོན་པ་ཡང་སྣང་བས་དེ་དག་རང་རེའི་སྔོན་གྱི་མི་གཙོ་བོ་དག་གི་ཆས་ཡིན་ནོ།  སྤྱིར་ན་རང་རེའི་ལྷའི་བྲིས་ཆ་ལ་རྒྱ་བལ་གྱི་སྲོལ་ལས་ཀྱང་ལིའི་སྲོལ་ལུགས་དེ་ཤིན་ཏུ་ཤས་ཆེ་བར་ཡོད་ཅིང་མི་མཐུན་པར་བྲིས་པ་མང་ངོ་།”⒆ཞེས་དང་།“བུ་སྟོན་ཆོས་འབྱུང་དུ་བླ་ཆེན་གྱིས་ཀླུ་མེས་འགྲོ་ཁར་བོན་པོའི་ཞྭ་འོབ་ཞུ་ཁོག་ནས་ས་སེར་བཏབ་པ་ཞིག་གནང་ནས་འདི་རྟག་ཏུ་གྱོན་གསུངས་པར་བྲིས།  དེས་ན་ཞྭ་དེ་བོན་ཞུ་རྣ་ལེབ་བཅད་པ་ལ་ཚོས་སེར་བསྒྱུར་བ་ཞིག་ཡིན་པར་གསལ་ལ། འབྲུག་པ་པད་དཀར་གྱིས། བླ་ཆེན་གྱིས་ཞྭ་གནང་བ་དེ་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་གསུངས།  དེ་ན་རང་རེའི་ཞྭ་སྣེ་རིང་གི་ཕྱི་མོ་དེ་བོན་ཞྭ་ཡིན་པར་ཡང་གསལ།  བོད་སྟོན་རྣམས་དཔལ་ཐང་དུ་ཞྭ་སྣེ་རིང་དང་སེར་པོ་གྱོན་ནས་བསུ་བ་ལ་འོངས་པས།  ཇོ་བོས་འདྲེ་བྱུང་གསུངས་ནས་འཇིགས་པའི་ཚུལ་གསུངས་མོད།    འབྲོམ་སོང་ཏེ་ཞྭ་དང་བེར་འཇོག་ཏུ་བཅུག་ཅེས་སོ་སོའི་རྣམ་ཐར་ལ་བྲིས་པས།   དེ་ན་ཇོ་བོ་འཇིགས་ལུགས་དེས་ཀྱང་ཞྭ་སྣེ་རིང་འདི་རྒྱ་གར་རམ་ཡུལ་དབུས་ན་མེད་དམ་སྙམ།”⒇ཞེས་བྱུང་།  སྒྱུ་རྩལ་གྱི་མིག་རྒྱང་གིས་བལྟས་ན།   ཡུལ་ཁམས་དང་ཆོས་ལུགས་གྲུབ་མཐའ་སོ་སོའི་རིག་གནས་སྲོལ་རྒྱུན་དང་སྒྱུ་རྩལ་ཁྱད་ཆོས་ཕྲ་ཞིབ་རྣམས་ལ་དབྱེ་བ་འབྱེད་རྒྱུ་ནི་ལྷ་རིས་སྒྱུ་རྩལ་ཞིབ་འཇུག་གི་གཞི་འཛིན་ས་ཡིན་ལ། འཛམ་གླིང་ན་རླུང་ལྟར་གྲགས་པ་བོད་ཀྱི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་གྱི་རིན་ཐང་དང་གོ་གནས་མཐོར་འདེགས་བྱེད་པའི་གལ་གནད་ཡིན།
བཞི། ཕྱི་གླིང་དེང་རབས་རི་མོའི་སྒྱུ་རྩལ་འདུ་ཤེས་དང་འབྲི་སྟངས་ཀྱི་ཤན་ཤུགས།
          དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་(LugSchaed1er)ལགས་ཀྱིས་ཨ་མདོ་བྱམས་པ་ལ་བཅར་འདྲི་བྱས་པའི་དྲིས་ལན་ལས། “ཁོ་རྒྱ་གར་ལ་སོང་ནས་རི་མོ་ཅུང་ཙམ་བསླབས་པ་ཡིན་ཟེར། རི་མོ་སློབ་སའི་དགེ་རྒན་དེ་ཨུ་རུ་སུ་དཀར་པོ་མིང་ལ་རའོ་རིཀ་ཟེར་བ་ཞིག་ཡིན་ལ།  ཁོའི་མཁྲིས་ལ་ཟླ་བ་དྲུག་དག་དག་ལ་རི་མོ་དང་དབྱིན་ཇིའི་སྐད་བསླབས་པ་ཡིན་ཟེར”ཞེས་གསུངས། “ཁོ་རི་མོ་ལའང་མཁས་པོ་རེད། ཁོ་མི་ལ་བལྟས་ནས་འབྲི་བ་(སྐྱ་འབྲི་)དེ་འདྲ་ལ་མཁས་པ་རེད།......།   ཁོས་རི་མོ་(འི་གཞུང་ལུགས་)སྦྱོང་བརྡར་བྱས་མེད་པས་ཞེ་དྲག་ཞེ་དྲག་ཤེས་མི་སྲིད་མོད།   དེ་ག་ལག་ལེན་ཏག་ཏག་ལ་བརྟེན་ནས་འབྲི་ཤེས་པ་རང་རེད།   ཁོས་ང་ལ་ཟེར་གི་རེད། བྱམས་པ། ཁྱོས་རི་མོ་བྲིས་པའི་སྒང་ལ་ཁྱོས་རི་མོ་འབྲི་བ་ཡི་མི་དེར།  དང་པོར་མི་དེ་ལ་བལྟ་དགོས་པ་རེད།  རི་མོ་འབྲི་བའི་མི་དེ་ཧོབ་དེ་མཐོང་མ་ཐག་ཁོ་མི་དེའི་རྣམ་འགྱུར་གང་འདྲ་ཡིན་མིན་དེ་གཞི་ལ་བཞག་ནས་བྲིས་ན་ལམ་སེང་ཁོ་འདྲ་བོ་ཡོང་གི་རེད་ཟེར།   མཐོང་མ་ཐག་གི་མི་དེའི་ཉམས་འགྱུར་འདྲ་བོ། ཡང་ན་སྐྲ་སོབ་སོབ་འདྲ་བོ།  ཡང་ན་གདོང་སྐམ་པོ་འདྲ་བོ། ཡང་ན་ཤ་རྒྱགས་པ་འདྲ་བོ་དེ་འདྲ། མཐོང་མ་ཐག་གི་མི་དེ་གཞི་ལ་བཞག་ནས་རི་མོ་གང་བྲིས་ནའང་ཡག་པོ་ཡོང་གི་རེད་ཟེར།    དེ་རི་མོ་འབྲི་སྟངས་ཀྱི་ཡུལ་ལ་ལྟ་སྟངས་ཀྱི་རྒྱུ་མཚན་འདྲ་བོ་ཁོར་ཞེ་དྲག་གི་བཤད་རྒྱུ་འདུག  ལྷག་པར་དུ་མི་རྒན་པོ་དང་མི་ཆུང་ཆུང་གཉིས་འབྲི་སྟངས་རྦད་དེ་ལོགས་ཀ་རེད།  མཚོན་ལོགས་ཀ་རེད་ཟེར།  མི་རྒན་པོ་འབྲི་སྟངས་དེར་ཡིན་གཅིག་མིན་གཉིས་ཚོན་དེ་ཚོན་གྱི་ནང་གི་དམར་པོ་ཟངས་མདོགས་དེ་མང་པོ་ཡོད་ན་རྒན་པོ་དེར་རྒན་ཉམས་ཀྱི་རྟགས་དེ་ཡོང་གི་རེད་ཟེར། མི་གཞོན་པ་ཡིན་ན་ཡིན་གཅིག་མིན་གཉིས་ཁོ་ཚོན་གྱི་ནང་གི་ལྗང་ཁུ་དགོས་པ་རེད།   ལྗང་ཁུ་ག་ཚོད་མང་ན་ཁོ་གཞོན་པའི་རྣམ་འགྱུར་དེ་གསོན་པོར་ཐོན་གི་རེད་ཟེར།   ང་བླ་བྲང་ན་ཡོད་དུས་ཁོ་རང་གི་དགེ་རྒན་གུང་ཐང་ཨ་ཁུ་བློ་གྲོས་རེད།   གུང་ཐང་བློ་གྲོས་ཀྱི་པར་ཞིག་ངས་བྲིས་པ་ཡིན།   ངས་གདོང་ལ་བལྟས་ནས་འབྲི་ཐུབ་གི་མ་རེད་དེ།  གདོང་དེ་ངའི་ཡིད་ལ་འཆར་གི་རེད། ངས་བསམ་བློ་བཏང་ནས་བྲིས་པ་དེ་མི་ཚོར་བསྟན་པའི་སྒང་ལ་གུང་ཐང་ཨ་ཁུ་བློ་གྲོས་རེད་ཟེར་གི་འདྲ་བོ་བྱུང་འདུག་དེ་འདྲ་ཟེར་གི་རེད་”ཅེས་སྐྱ་འབྲི་བྱེད་པའི་སྐབས་སུ་མིའི་བྱད་བཞིན་གྱི་ཁྱད་ཆོས་ཇི་ལྟར་འཛིན་པ་དང་།  མི་ན་གཞོན་དང་རྒན་པོ་སོགས་འབྲི་བ་ལ་ཚོན་མདངས་ལ་ཁྱད་པར་ཇི་ལྟར་འདོན་པ་སོགས་དེང་རབས་རི་མོའི་རྩ་བའི་བླང་བྱ་རྣམས་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་མངོན།
          བདེ་ནུབ་རྡོ་རྗེ་དགྲ་འདུལ་གྱི་《རི་མོའི་སྒྱུ་རྩལ་ལ་བྱང་བའི་དགེ་འདུན་ཆོས་འཕེལ་》བྱ་བའི་དཔྱད་རྩོམ་དུ།“རྒྱ་གར་དུ་ཁོང་ལ་རི་མོའི་སྒྱུ་རྩལ་རིགས་མང་དག་ཞིག་གི་ཤུགས་རྐྱེན་ཐེབས་ཡོད་དེ།    མ་དུ་ལ་ཡི་སྟོན་པའི་འཁྲུངས་སྐུ་དང་ཨན་ཊན་བྲག་ཕུག་གི་རི་མོ་ནས་རོ་ལི་ཧཱ་ཉི་ཀུ་ལ་ཡི་བརྩམས་བྱ་དྭངས་གསལ་ཞེས་བྱ་བ་དང་།   ལྐོག་གྱུར་རིང་ལུགས་ཀྱི་ཧེ་མ་ལ་ཡའི་ཆུ་མཚོན་རི་མོ།  ཐ་ན་ཨུ་རུ་སིའི་འཕགས་པའི་སྐུ་བརྙན་བཅས་ཚང་མས་ཁོང་ལ་ཤུགས་རྐྱེན་ཐེབས་ཡོད། འདྲ་རིས་འབྲི་དེབ་ཐོག་གི་མི་སྣའི་སྣང་བརྙན་ནི་ཁོང་གི་གསུང་རྩོམ་ནང་མཐོང་དཀོན་པའི་ཆ་ཚང་ཤོས་ཀྱི་རི་མོ་ཡིན།   རི་མོ་དེ་དག་ནི་བསྡུས་གསལ་དང་བྱང་ཆུབ་པའི་ཐིག་རིས་བེད་སྤྱོད་བྱས་ཡོད་ཅིང་།  དེས་ཧ་ལམ་སྲོལ་རྒྱུན་གྱི་བོད་ལུགས་རི་མོའི་རྣམ་པར་སྐུལ་འདེད་བཏང་ཡོད་ལ་མི་སྣའི་སྣང་བརྙན་འཚོལ་ཞིབ་གང་ཟབ་བྱ་རྒྱུར་ཡང་སྐུལ་འདེད་བཏང་ཡོད།”21ཅེས་བྱུང་།
          བཅར་འདྲི་མཁན་སྐར་ཁུང་དྲ་བས་དེང་རབས་རི་མོ་བ་བསྟན་འཛིན་རིག་གྲོལ་ལགས་ལ་དགེ་འདུན་ཆོས་འཕེལ་ལགས་ཀྱི་རི་མོའི་སྐོར་བཅར་འདྲི་བྱས་པའི་ལན་དུ།   ཁོང་གིས་བལྟས་ན་མཁས་དབང་དགེ་འདུན་ཆོས་འཕེལ་ཡར་སྔོན་དུ་བོད་ལ་སྲོལ་རྒྱུན་གྱི་ལྷ་རིས་སྒྱུ་རྩལ་མ་གཏོགས་དེང་རབས་ཀྱི་རི་མོ་འབྲི་སྟངས་དེ་དར་མེད་ལ། མཚན་དཔེ་སོགས་ངེས་སྲོལ་རང་བཞིན་ཅན་དུ་གྱུར་བའི་སྲོལ་རྒྱུན་ཞལ་ཐང་གི་འབྲི་སྟངས་ལས།   མི་རིགས་རང་བཞིན་དང་ས་གནས་རང་བཞིན།   ཁྱད་པར་དུ་རྩོམ་པ་པོའི་གསར་རྩོམ་གཤིས་ཀ་དང་བསམ་བློ་འབུར་ཐོན་དུ་སྟོན་པ་ཧ་ལམ་ཡོད་མི་སྲིད། “བོད་ལ་དེང་རབས་སྒྱུ་རྩལ་བཤད་པའི་སྐབས་སུ་ངས་བལྟས་ན་ཕལ་ཆེར་དགེ་འདུན་ཆོས་འཕེལ་སྟེང་དུ་འཇོག་རྒྱུར་ཐུག་ཡོད་པ་རེད།......དགེ་འདུན་ཆོས་འཕེལ་གྱི་ལྟ་སྤྱོད་ཀྱིས་དེང་རབས་མཚོན་ཡོད་པར་མ་ཟད་། ཁོང་གིས་རི་མོ་ལ་རྩོམ་པ་པོ་མི་སྒེར་གྱི་མཚན་རྟགས་བཏབ་ཡོད་པ་སོགས་ཁོ་བོས་མཐོང་ཐུབ།  ཁོང་གི་རི་མོའི་སྟེང་དུ་དེ་ངའི་ཡིན།   དེ་ངའི་ལྟ་ཕྱོགས་ཡིན་ཟེར་བ་ལྟ་བུའི་ངའི་མཚན་རྟགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་མཐོང་ཐུབ་པ་ཡོད།  དོན་དངོས་སུ།   ནུབ་ཕྱོགས་ལ་མཚོན་ན་ང་ཟེར་བའི་བསམ་བློའི་མཚོན་རྟགས་དེ་བསམ་བློ་ཐ་ཤལ་བ་ཞིག་ཏུ་བརྩི་གིན་ཡོད་པ་མ་རེད།   དགེ་འདུན་ཆོས་འཕེལ་ཁོང་གི་ཐང་ཀའི་སྒྱུ་རྩལ་ལས་ང་ཟེར་བའི་མཚོན་རྟགས་དེ་ཕྱིར་མཚོན་བཞིན་ཡོད་ལ། རང་གི་སྒྱུ་རྩལ་རང་གཤིས་ཀྱང་ཕྱིར་མངོན་གྱི་ཡོད་པ་རེད། གང་ལྟར། ཁོང་གིས་རི་མོ་ལ་རང་གི་མཚན་རྟགས་བཀོད་འགོ་ཚུགས་པ་ནས་བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་བ་དེ་འགོ་ཚུགས་ཡོད་པ་རེད།......རང་རེའི་བོད་པའི་སྲོལ་རྒྱུན་གྱི་རི་མོ་དེ་ཧ་ལམ་ཡོད་ཚད་ཆོས་ཀྱི་ཕྱོགས་ལ་འགྲེལ་བཤད་རྒྱག་པ་དང་དེ་ལ་ཞབས་འདེགས་ཞུ་སྤྱད་ལྟ་བུ་ཞིག་ཏུ་གྱུར་ཡོད།   དེང་རབས་སྒྱུ་རྩལ་གྱི་གོ་དོན་ལ།   ཆོས་རང་ངོས་ལ་འགྲེལ་བཤད་བརྒྱབ་ན་འགྲིག་པ་ལོས་ཡིན་ཡང་། ངས་བལྟས་ན་ཆོས་དེ་འདི་འདྲ་ཞིག་རེད་ཟེར་བའི་ལྟ་ཕྱོགས་དེ་གལ་ཆེན་པོར་གྱུར་ཡོད་པར་མ་ཟད།   སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་འདྲ་གསུངས་བ་ཡིན་ཟེར་བ་ཙམ་གྱིས་མ་ཁས་པར། ངའི་ལྟ་ཕྱོགས་ལ་འདི་འདྲ་ཞིག་རེད་ཟེར་བའི་ལྟ་བ་དེ་གཙོ་བོར་གྱུར་ཡོད་པ་རེད། དེ་བཞིན་དེང་རབས་སྒྱུ་རྩལ་གྱིས་གཙོ་བོ་རྩོམ་པ་པོ་སོ་སོའི་མཐོང་ཕྱོགས་དང་ལྟ་ཕྱོགས་གཙོ་བོར་གླེང་གི་ཡོད་པ་རེད།   དཔེར་ན་སྲོལ་རྒྱུན་གྱི་རི་མོ་ལྟ་བུ་ལ་མཚོན་ན།   བརྗོད་བྱ་གཙོ་བོ་རྣམས་ཆོས་ཀྱི་ནང་དོན་རེད། བརྗོད་བྱ་དེའི་ནང་ན་ང་དང་བདག་ཟེར་བ་ཡོད་པ་མ་རེད།  དེང་རབས་ཀྱི་རི་མོ་ལ་མཚོན་ན།  བརྗོད་བྱ་དེ་དེངས་རབས་ཅན་དང་དེའི་ནང་སྙིང་དུ་ང་དང་བདག་ཟེར་བ་དེ་འཇུག་དགོས་པ་རེད།.....དེ་འདྲ་ཡིན་ཕྱིར། དགེ་འདུན་ཆོས་འཕེལ་ལགས་ཀྱི་རི་མོ་དེ་དག་གིས་ཀྱང་གཙོ་བོ་ལྟ་བ་ཞིག་སྟོན་གྱི་ཡོད་པ་རེད་སེམས།  ཁོང་གི་རི་མོའི་སྒྱུ་རྩལ་གཅིག་པུའི་ཆ་ནས་བཤད་ན།    ད་ལྟའི་མིག་རྒྱང་གིས་བལྟས་ན་ཆུ་ཚད་དེ་འདྲ་མཐོན་པོ་མིན་རུང་འདས་པའི་དུས་རབས་དེ་ལ་ཆ་བཞག་ན་ཧ་ཅང་གིས་ཆུ་ཚད་མཐོན་པོར་སླེབས་ཡོད་པ་ཡིན།  འོན་ཀྱང་ཁོང་གི་རི་མོའི་རྩོམ་སྟངས་དེ་དེང་རབས་བོད་ཀྱི་རི་མོ་འབྲི་མཁན་ཚོའི་ཁྲོད་དུ་རྙེད་དཀའ་བ་ཞིག་རེད།   དེ་ནི་རྩ་ཆེན་པོ་དང་རིན་ཐང་བྲལ་བའི་གནས་ཤིག་རེད།”ཅེས་ཁོང་གི་བརྩམས་ཆོས་ཁྲོད་ཀྱི་ཐུན་མིན་བསམ་བློ་དང་ཐུན་མིན་རྩོམ་གཤིས་ལ་བཤད་བརྗོད་གནད་ལ་ཕོག་པ་དང་གདེང་འཇོག་མཐོན་པོར་བྱས་ཡོད་དོ།།
          ལུངས་ཁུངས།
          ①③⑤21 《དགེ་ཆོས་ཞིབ་འཇུག》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2010ལོ།        P160  P6 P137  P146
          ②  《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་ 10།  P91     P244
          ⑥ 《མི་ལ་རས་པའི་རྣམ་མགུར》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1981ལོའི་ཟླ་4།  P200
          ⑦ཞང་ཞུང་ཆོས་དབང་གྲགས་པ།  “བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་སུ་བཅད་པ།”
          ⑧⑨⑩《དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས》ཐུབ་བསྟན་ཆོས་དར། རྒྱ་གར་ཕྱག་བྲིས་མ། 2009ལོའི་ཟླ་10།      P119  P31  P20
          ⑾⑿  《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 དེབ་གཉིས་པ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།    1990ལོའི་ཟླ་4 བ།   P282 P82⑫《རྒྱ་བོད་ཆོས་འབྱུང་རྒྱས་པ》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   1987ལོའི་ཟླ་6པ།  P229
          ⒁⒂⒃⒄⒅⒆⒇《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 དེབ་དང་པོ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།1990ལོའི་ཟླ4་བ། P78  P79 P66/68/75  P66/68/78   P66/68/77     P66/ 68/78 P80


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1