གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༡ཚེས་༢༩ཉིན།

༄༅།། ཡེ་ཤེས་དོན་གྲུབ།

རིག་པའི་མཁའ་དབྱིངས་སུ་འཚེར་བའི་དེང་རབས་ཀྱི་སྒྲོན་མེ། དགེ་རྒན་ཆེན་མོ་ཡེ་ཤེས་དོན་གྲུབ།
ཚུལ་ཁྲིམས་བཟང་པོས་བྲིས་ཤིང་། ཡེ་ཤེས་དོན་གྲུབ་ཀྱིས་པར་མཁོ་འདོན་བྱས།

        ལས་ཁུངས་ཀྱི་བྱ་བ་ཙག་ཙིག་དག་བསྒྲུབས་ཚར་རྗེས་མྱུར་བགྲོད་མེ་འཁོར་ལ་བསྡད་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ཕྱོགས་སུ་བསྐྱོད་ཅིང་། ལྷིང་འཇགས་ཀྱི་ཁོར་ཡུག་དེའི་ཕྱིའི་བཟོ་བཀོད་ལྟ་ན་སྡུག་པ་དང་དགེ་སློབ་ཚོའི་ཞི་དུལ་བག་ཡོད་ཀྱི་གཤིས་རྒྱུད་ཀྱིས་ཡིད་སེམས་དབང་མེད་འཕྲོག་སོང་། དེ་དང་དུས་མཚུངས་སུ་རང་ཉིད་སློབ་ཆེན་འགྲིམ་སྐབས་ཀྱི་གཏམ་རྒྱུད་གང་མང་ཞིག་ཡོལ་རིས་ངོས་སུ་བཤམས་པ་ལྟར་འཆར་བྱུང་ལ། ཉིན་དེར་རང་ཉིད་བཅར་འདྲི་བྱེད་དུ་འགྲོ་སའི་དགེ་རྒན་ཁོང་གི་ཐུན་མིན་གྱི་སློབ་ཁྲིད་བྱེད་སྟངས་དང་བྱམས་བརྩེའི་འཛུམ་མདངས་སོགས་ཀྱང་ཡིད་ལ་གསལ་ལེ་འཆར་བྱུང་།
        དེ་ལྟར་ལྷིང་འཇགས་ཀྱི་སློབ་གྲྭའི་ཁོར་ཡུག་ལ་རོལ་བཞིན་དལ་གྱིས་སོང་པས་དགེ་རྒན་གྱི་སྒོ་རྩ་ལ་སླེབས་འདུག །ཁོང་གིས་ང་མཐོང་མ་ཐག་སློབ་མ་ཡིན་པ་ངོས་ཤེས་ནས་ཞལ་རས་ལ་འཛུམ་གྱིས་བསུ་བཞིན་ཁ་བརྡ་མང་པོ་གསུངས་བྱུང་།
        ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་དོན་གྲུབ་ནི་སྤྱི་ལོ་1962ལོར་ཁམས་སྡེ་དགེའི་འགུ་ཟི་ཞེས་པའི་ས་ཆ་རུ་སྐུ་འཁྲུངས་ཤིང་། རིམ་བཞིན་སློབ་ཆུང་དང་དམའ་འབྲིང་། དཀར་མཛེས་དགེ་འོས་སློབ་གྲྭ་དང་དར་མདོ་དགེ་འོས་སློབ་གྲྭ །སི་ཁྲོན་མི་རིགས་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་བོད་ཀྱི་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟ་བུ་དག་གི་སྐུ་མདུན་དུ་བཅར་ནས་སྤྱིར་བཅུ་ཕྲག་རིག་པའི་གནས་ཀུན་དང་སྒོས་སུ་ལོ་ཙཱ་དང་སློབ་གསོ་རིག་པའི་སྐོར་ལ་འབད་འབུངས་ཚད་མེད་གནང་ཞོར། རྒྱའི་རིག་གཞུང་དང་ཕྱི་ཕྱོགས་གསར་དར་རིག་གནས་ལ་དཀྱེལ་ཡངས་པོས་སྒོ་ཀུན་ནས་འཇུག་པས། གཞི་རིམ་དགེ་རྒན་དཀྱུས་མ་ཞིག་ནས་རིམ་བཞིན་སློབ་ཆེན་དགེ་རྒན་དང་། སློབ་དཔོན་ཆེན་མོའི་མཚན་གྱི་ཅོད་པན་བཞེས། ཁོང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གཞན་དྲིང་མི་འཇོག་པའི་མཛད་རྗེས་གང་མང་བཞག་ཡོད་དེ་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་སོགས་བརྒྱ་ཕྲག་ལས་བརྒལ་བ་གསོ་སྐྱོང་གནང་ཡོད།
        ངས་ཟིན་བྲིས་དེབ་དང་སྒྲ་ཕབ་སྨྱུ་གུ་སོགས་ཚུར་བླངས་ནས་ཁོང་ལ་བཅར་འདྲི་བྱེད་པའི་འགོ་བརྩམས་ཤིང་། ཁོང་གིས་གཟབ་ནན་སྒོས་དྲི་བ་དག་ལ་ལན་གནང་བྱུང་སྟེ། ང་རང་ལོ་ན་བརྒྱད་དགུ་ཙམ་ཞིག་ལ་སེལ་ཤུལ་རྫོང་དམའ་འབྲིང་གི་རྒྱའི་དགེ་རྒན་ཞིག་དང་ཟླ་ངོ་ཁ་ཤས་ལ་མཉམ་འདུག་བྱ་རྒྱུའི་གོ་སྐབས་འཕྲད་པ་དང་། དགེ་རྒན་དེས་ཉིན་ལྟར་རྒྱ་ཡིག་ཡིག་འབྲུ་བཅུ་ཡས་མས་རེ་བསླབས་པས། རྒྱའི་དགེ་རྒན་དེའི་སྐུལ་མ་དང་ང་ལ་བློ་རིག་གྲུང་པོ་ཞིག་ཡོད་པ་རྟོགས་ཤིང་། དེ་ནས་ཕ་མའི་རམ་འདེགས་དང་རང་གི་སྦྱོང་འདོད་སོགས་ལ་བརྟེན་ནས་རྐེད་དུ་བཅིངས་པའི་འུར་རྡོའི་ཚབ་ཏུ་འབྲི་སྨྱུག་དང་དཔེ་དེབ་བྱས་པ་ཡིན་ཞེས་གསུངས་དུས། དེ་ནས་འགོ་བརྩམས་ཏེ་ཁོང་གི་བློ་གྲོས་ཀྱི་ས་གཤིས་གཤིན་པའི་ངོས་སུ་རིག་གནས་སྦྱོང་འདོད་ཀྱི་ས་བོན་ཐོག་མ་བཏབ་པར་གདོན་མི་ཟ། ཁོང་གིས་ང་ནི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་ཕྲུག་དང་སྐབས་དེར་མིང་སྲིང་རྣམས་ལས་ན་ཚོད་མཐོ་ཤོས་དང་འཇོན་ཐང་ཅུང་ཆེ་ཤོས་དེ་ཡིན་པས། ང་སློབ་གྲྭར་འགྲོ་དུས་ཁྱིམ་མཚེས་གྲོང་རོགས་ཀུན་གྱིས་འདི་ནི་ཕམ་ཁའང་མི་ཚེ་ཆུད་ཟོས་སུ་གཏོང་བ་རེད་ཅེས་བྱ་གྲག་གྲག་དང་བྱིའུ་སྙན་སྙན་བྱེད་བཞིན་ཡོད། དམའ་འབྲིང་མཐར་ཕྱིན་རྗེས་མཐོ་རིམ་སློབ་གྲྭ་ལ་རྒྱུགས་སྤྲད་རྒྱུའི་འདུན་པ་སྐོམ་པས་ཆུ་འདོད་ལྟར་བྱུང་ཡང་། ཁྱིམ་དུ་རྟ་ཟོག་སེམས་ཅན་དང་ས་ཞིང་མང་པོ་ཞིག་ལས་རྒྱུ་ཡོད་པས་ངས་མུ་མཐུད་དུ་སློབ་སྦྱོང་བྱ་རྒྱུའི་ཐད་ཁྱིམ་མི་རྣམས་ཀྱི་དེ་འདྲ་བློ་བབས་དང་ལེན་ཞིག་མ་བྱུང་། འོན་ཀྱང་བློ་བརྟན་འགྱུར་མེད་ཀྱིས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་འདུན་པ་བཅངས་ཤིང་། ཕ་ཡུལ་དུ་ཕྱིར་ལོག་པའི་འདྲུད་འཐེན་འཕྲུལ་འཁོར་ལས་མཆོང་སྟེ་ཐད་ཀར་སློབ་གྲྭ་རུ་སོང་ནས་མཐོ་སློབ་ལ་ཞུགས་རྒྱུའི་རྒྱུགས་སྤྲད་པས། བདེ་བླག་ངང་དཀར་མཛེས་དགེ་འོས་སློབ་གྲྭ་རུ་ཚུད་ནས་དེ་རུ་བགྲང་བྱ་གསུམ་གྱི་རིང་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་རྨང་གཞིའི་ཤེས་བྱ་སྐོར་ལ་སྦྱོང་པ་དཔྱིས་ཕྱིན་བྱས་ཞེས་གསུངས། གསུང་མཚམས་དེར་སླེབས་དུས་ངའི་སེམས་སུ་རང་དབང་མེད་པར་ལོ་ངོ་བཅུ་ཙམ་གྱི་ཡར་སྔོན་དུ་ངའི་འཁྲིས་སུ་ཡོད་པའི་གཏམ་རྒྱུད་མང་པོ་ཞིག་ལྷང་ངེར་དྲན་བྱུང་ལ། གལ་ཏེ་སྐབས་དེར་ཁོ་ཚོ་ལའང་འདྲུད་འཐེན་འཕྲུལ་འཁོར་ལས་མཆོང་བའི་སྤོབས་པ་འདི་ལྟར་བུ་ཞིག་ཡོད་ན་ད་ལྟའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་ཡོད་རྒྱུ་རེད་བསམ་ནས་ཡི་མུག་སྐྱེས།
        1984ལོར་དར་མདོ་རུ་ཟབ་སྦྱོང་ཕྱིན་ནས་ལོ་གཉིས་ཀྱི་རིང་ཐུན་མིན་དང་ཐུན་མོང་གི་རིག་གནས་སྤྱི་ལ་སྦྱོང་པ་གནང་ཞིང་། ལྷག་པར་དུ་སྒྲ་གཞུང་ལ་སྦྱོང་བརྩོན་ཁྱད་དུ་འཕགས་པ་བྱས། དེ་ནས་ཕྱིར་རྫ་ཆུ་ཁ་རུ་ལོག་ནས་བོད་རིགས་ཀྱི་སློབ་མ་དུ་མ་གསོ་སྐྱོང་གནང་ཞིང་། སློབ་མ་རྣམས་ནི་ཁོང་གི་སློབ་ཁྲིད་བྱེད་སྟངས་ལ་དགའ་མོས་ཤིན་ཏུ་ཆེ་བས། སྐབས་དེར་སློབ་གྲྭ་དེ་ནས་རྒྱུགས་འཕྲོད་ཚད་ཁུལ་ཡོངས་ཀྱི་མདུན་གྲས་སུ་བཏེགས། དེའི་གཞུག་ཏུ་སི་ཁྲོན་མི་རིགས་སློབ་གླིང་དུ་བགྲང་བྱ་གཉིས་ཙམ་རིང་སློབ་གཉེར་བྱས་ཤིང་། གཙོ་བོ་རྒྱའི་སྐད་ཡིག་ཚན་ཁག་ཏུ་ཞུགས་ནས་རྒྱ་ཡིག་སློབ་སྦྱོང་བྱས་པ་དང་། ཟུར་དུ་ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་སྐྱེས་ཆེན་དུ་མའི་མདུན་ནས་གཙུག་ལག་རིག་པའི་གནས་ལ་བརྩོན་པས་འཇུག །1992ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་ཆེན་མོ་ཨ་ལགས་དོར་ཞི་དང་དཔའ་རིས་སངས་རྒྱས་སོགས་སློབ་དཔོན་དུ་མ་ལ་བསྟེན་ནས་རིག་གཞུང་ཀུན་ལ་སྦྱོང་པ་གནང་། 1995ལོར་དར་མདོ་དགེ་འོས་སློབ་གྲྭ་རུ་ཕེབས་ནས་དེ་གར་2004བར་དགེ་རྒན་མཛད། དེ་ནས་2004ལོར་སི་ཁྲོན་དགེ་འོས་སློབ་གྲྭ་རུ་ཕེབས་ནས་དགེ་རྒན་གྱི་མཛད་པ་སྐྱོང་། 2012ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕེབས་ནས་ད་ལྟའི་བར་བོད་ཀྱི་སློབ་བུ་བགྲང་གིས་མི་ལངས་བར་སྐྱོང་ཞིང་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས། ཁོང་གིས་སྤྲོ་བའི་ཉམས་ཀྱིས་ད་ལྟ་འདི་རུ་བོད་རིགས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་སྐབས་སྔོན་དང་མི་འདྲ་བར་ཁྱིམ་མི་རྣམས་དང་ལྷན་དུ་ཁ་བརྡ་བྱས་ནས་བསྡད་པའི་འཚོ་སྣང་ཞིག་འདུག་ལ། ས་ཐག་རིང་ནས་ཡོང་བའི་བོད་རིགས་སློབ་མ་དེ་དག་དང་ཁོ་ཚོའི་ཁྱིམ་བདག་རྣམས་ཀྱི་ཆེད་དུ་ངས་རྒྱུན་དུ་སློབ་ཁྲིད་ནན་ཏན་བྱེད་བཞིན་ཡོད་ལ། སློབ་ཐེངས་རེ་རེ་བཞིན་མི་རྩིས་ལེན་བཞིན་ཡོད་ཞེས་གསུངས།
        ཁོང་གིས་ཆ་རྒྱུས་ཧ་ཅང་ཡོད་པའི་སྒོ་ནས་དགེ་རྒན་རྣམས་ཀྱིས་སློབ་གསོའི་རིག་ལམ་ཤེས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་ལ། སློབ་གྲྭའི་རིམ་པ་དང་སློབ་གསོའི་རྒྱུད་རིམ་ལྟར་སློབ་ཁྲིད་བྱ་རྒྱུའང་དེ་ལས་ཀྱང་གལ་ཆེན་རེད་འདུག །སློབ་ཆུང་ནས་སློབ་ཆེན་བར་དུ་སློབ་གསོའི་རིག་ལམ་ལྟར་དུ་སློབ་དེབ་དང་སློབ་ཁྲིད་བཀོད་སྒྲིག་བྱས་ནས་སློབ་མའི་ཤེས་རྒྱུད་དང་བསྟུན་པའི་སློབ་ཁྲིད་བྱེད་སྟངས་ཤིག་ཡོད་པས། དེ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེན་འཛིན་དགོས། སློབ་ཆུང་སྐབས་སུ་སློབ་མའི་འོས་འགན་གཙོ་བོ་ནི་ཡི་གེ་ངོས་འཛིན་རྒྱུ་དང་བློ་ལ་ལེན་རྒྱུ་སོགས་ཡིན་ཏེ། དེའི་སྐབས་ནི་བློ་དང་རིག་པ་གྲུང་བའི་སྒང་ཡིན། གལ་ཏེ་དེའི་སྐབས་དེ་ལུགས་དང་མཐུན་པའི་སློབ་ཁྲིད་ཡག་པོ་ཞིག་བྱེད་མ་ཐུབ་ཚེ། སློབ་གསོ་དེ་འཐུས་ཚང་མིན་པར་མ་ཟད། སློབ་མ་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེང་སང་མི་འགའ་རེས། སུམ་རྟགས་དག་གསུམ་ནི་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཁྲིད་ཟིན་པས་སློབ་ཆེན་ལ་དགོས་པ་མེད་ཚུལ་མང་པོ་བཤད་བཞིན་འདུག །དེ་ནི་ངོ་མ་སློབ་གསོའི་རིག་ལམ་མ་ཤེས་པའི་སྐྱོན་ཚབས་ཆེན་ཞིག་རེད། དཔེར་ན་སློབ་ཆུང་སྐབས་སུ་སུམ་རྟགས་དག་གསུམ་ལས་རྩ་བ་བློ་ལ་འཛིན་པ་དང་ངག་སྐྱོར་བ། ཉེར་མཁོའི་ཚིག་དུམ་ཙམ་འབྲི་ཤེས་ན་འཐུས་བཞིན་ཡོད་ལ། དམའ་འབྲིང་སྐབས་སུ་སོ་སོའི་མཚན་ཉིད་ལ་གོ་བ་ཡང་དག་པ་ཞིག་ལོན་དགོས་པ་དང་དེ་དང་འབྲེལ་བའི་དཔེ་བརྗོད་སོགས་འཇོག་ཤེས་དགོས། མཐོ་འབྲིང་སྐབས་སུ་དེ་ལས་བཏིང་ཇེ་ཟབ་དུ་བཏང་ནས་ཕྲད་དང་རྣམ་དབྱེ། བྱ་ཚིག །དག་ཡིག་སོགས་བརྡ་སྤྲོད་པའི་ལུགས་དང་མཐུན་པའི་རྩོམ་ཡིག་ཐུང་ངུ་འབྲི་ཤེས་པ་ཞིག་ཆགས་དགོས། སློབ་ཆེན་དུ་སུམ་རྟགས་དག་གསུམ་ནི་མཐོ་འབྲིང་གི་ཤེས་བྱ་དག་དང་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་ཐག་པ་ལྟ་བུ་ཞིག་ཡིན་པར་མ་ཟད། དེའི་སྐབས་སུ་གསུམ་རྟགས་དག་གསུམ་གྱི་དཀའ་གནད་ལ་འཇུག་ཅིང་། སྔོན་སྦྱོང་ཟིན་པའི་ཤེས་བྱ་དག་རང་གི་ལུས་སྟེང་དུ་སྨིན་ཐུབ་པར་བྱ་དགོས། སྤྱིར་སུམ་ཅུ་པ་ནི་ཁ་ནང་ནས་བཤད་ཚད་ཚང་མ་ཡིན་ལ། རྟགས་འཇུག་ནི་ལུས་ཀྱི་གཡོ་འགུལ་ཡོད་དོ་ཅོག་དང་མ་མཐུན་པ་མེད་ཅིང་། དེ་ཕྱིར་ངས་དུས་རྒྱུན་སློབ་མ་རྣམས་ལ་ཀུ་རེའི་ཚུལ་དུ་སུམ་རྟགས་མ་ཤེས་ན་རང་གི་ཁ་དང་ལུས་ལ་ལྟོས་དང་ཚང་མ་སུམ་རྟགས་རེད་ལབ་བཞིན་ཡོད་ཅེས་གསུངས།
        ཁོང་གིས་སློབ་ཁྲིད་ཀྱི་ཞོར་དུ་རང་གི་ཉམས་མྱོང་དང་རིག་པའི་རྩལ་ལས་བྱུང་བའི་དཔྱད་རྩོམ་དང་རིག་གཞུང་གི་སྐོར། བསྒྱུར་རྩོམ་སོགས་གླེགས་བམ་མང་པོ་བརྩམས་ཤིང་། དེ་ལས་ལོ་ཙཱའི་གཞུང་ལུགས་གསར་འགྲེལ་ཞེས་པ་དེ་ལོ་ཙཱའི་གཞུང་ལུགས་ཀྱི་སྙིང་བཅུད་གཅིག་ཏུ་བསྡུས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ལྟར་ལོ་ཙཱའི་རྩ་བ་བྲིས་པར་མ་ཟད། དེང་རབས་ཀྱི་འགྲོས་དང་མཐུན་པའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཐོག་མ་ཡིན་ལ། ད་དུང་དེ་ལ་ཡང་འགྲེལ་གྱི་ཚུལ་དུ་ཇེ་རྒྱས་གཏང་རྒྱུའི་དགོངས་འཆར་འདུག །དཔལ་ལྡན་ཉི་མས་བརྩམས་ཤིང་ཁོང་གིས་བསྒྱུར་བའི་རིག་པའི་དཔལ་ཡོན་གྱི་དོགས་སེལ། བོད་ཀྱི་སློབ་གསོའི་འཇུག་ངོགས་ཞེས་པ་དེ་ནི་བོད་རང་གི་རིག་གནས་སློབ་གསོ་དང་འབྲེལ་ཞིང་འཛམ་གླིང་གི་སློབ་གསོའི་རིག་ལམ་དང་འགྲོས་མཐུན་པ། གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་དེབ་ཞིག་རེད། ད་དུང་ཀཿཐོག་དགེ་རྩེ་མ་ཧཱ་པཎྜི་ཏའི་གསུམ་འབུམ་ཕྱོགས་བསྒྲིགས་མཛད་པ་དང་། སློབ་ཆེན་རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སོགས་ཁ་ཚ་དགོས་གཏུགས་ཀྱི་རིག་གཞུང་ཤེས་བྱའི་དཔེ་དེབ་བརྩམས་པ་དང་། གཞན་ཡང་བོད་ཀྱི་སློབ་གསོའི་དུས་དེབ་དང་བོད་ལྗོངས་ཞིབ་འཇུག་དུས་དེབ། བོད་ལྗོངས་སློབ་ཆེན་དུས་དེབ་དང་ནུབ་བྱང་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ། སི་ཁྲོན་བོད་རིག་པ་སོགས་རྒྱལ་ནང་གི་མི་རིགས་དུས་དེབ་གཙོ་ཤོས་རྣམས་སུ་དཔྱད་རྩོམ་བཅུ་ཕྲག་ཁ་ཤས་སྤེལ་ཡོད།
        ཁོང་གིས་མ་འོངས་པར་སློབ་མ་རྣམས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་སྒོས་སློབ་གསོའི་བྱ་གཞག་རྒྱུན་སྐྱོང་རྒྱུ་དང་། བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་ལ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ། དེ་དང་དུས་མཚུངས་སུ་བོད་ལ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་སློབ་གསོའི་རིག་གཞུང་བསྒྱུར་རྒྱུ་སོགས་ལ་འབད་འབུངས་བྱ་རྒྱུ་ཡིན། ངས་དུས་རྒྱུན་སློབ་མ་རྣམས་ལ་ཁ་བརྡ་བྱེད་དུས་འདི་ལྟར་ཟེར་བཞིན་ཡོད། མེས་པོ་གོང་མ་རྣམས་ཀྱིས་ང་ཚོ་ལ་ངོ་གནོང་མི་དགོས་པའི་རིག་པའི་བང་མཛོད་ཡངས་མོ་ཞིག་བསྐྲུན་ཡོད་ལ། ད་ལྟར་ང་ཚོས་དེ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད། གལ་ཏེ་དེ་དག་མེད་སོང་ན་ང་ཚོའང་གླེང་རིན་མེད་པ་ཞིག་ཏུ་འགྱུར་ངེས་པ་དང་། དེ་བཞིན་ད་ལྟ་ང་ཚོས་ལོངས་སྤྱོད་རྐྱང་པ་ལས་ཕུལ་བྱུང་གི་ཚན་རིག་རིག་གནས་སོགས་ནང་འདྲེན་མ་བྱས་ཚེ་ང་ཚོའི་འོས་འགན་དང་བྱས་རྗེས་ནི་དེ་བས་ཀྱང་གླེང་ཐབས་བྲལ། ང་ཚོ་རྒན་རབས་པའི་འོས་འགན་གཙོ་བོ་ནི་གཞོན་ནུ་རྣམས་ལ་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་མཐའ་དག་བརྒྱུད་སྤྲོད་བྱ་རྒྱུ་དེ་རེད་ལ། ན་གཞོན་ཁྱོད་ཚོས་དེའི་རྨང་གཞིའི་སྟེང་ཕྱི་ཕྱོགས་ཀྱི་ཕུལ་བྱུང་རིག་གནས་ནང་འདྲེན་བྱས་ནས་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་དར་སྤེལ་གཏང་རྒྱུ་དེ་རེད་ཅེས་ནན་བཤད་བྱེད་བཞིན་ཡོད་གསུངས།
        མདོར་ན་ཁོང་གིས་བགྲང་བྱ་དུ་མའི་རིང་ལ་དཀའ་སྤྱད་འབད་འབུངས་གནང་ཞིང་། རང་རྒྱུད་ལ་སྨིན་པའི་གཙུག་ལག་རིག་པའི་གནས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་སློབ་བུ་རྣམས་ལ་གནང་ཞིང་། དེའི་ཞོར་དུ་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་བཞེས་ཏེ། གཞུང་ལས་ཁང་དང་ཚོད་ལྟ་ཁང་། མདོ་དབུས་ཁམས་གསུམ་དུ་དངོས་སྦྱོང་བྱ་སའི་ལྟེ་གནས་སོགས་བཙུགས་ཡོད་ལ། མི་ཚེ་གཅིག་གི་རིན་ཐང་དང་བྱ་གཞག་ཡོད་དོ་ཅོག་བོད་ཀྱི་སློབ་གསོའི་ལས་དོན་ལ་ཕུལ་དང་འབུལ་བཞིན་ཡོད་པས། དེ་བརྟེན་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་སོགས་ཀྱིས་གདེང་འཇོག་དང་གཟེངས་བསྟོད་གྱ་ནོམ་པ་བསྩལ་མྱོང་ངོ་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1