པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཚོ་བཞུགས་སྐབས་འཁྲུངས་གཞིས་ཞུན་ཧྭ་ལ་ཆིབས་བསྒྱུར་ཐེངས་གསུམ་གནང་པར་ཕྱིར་དྲན་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-30



             གུས་པར་འོས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ང་ཚོ་དང་ཞལ་གྱེས་ཏེ་ཏག་ཏག་བགྲང་བྱ་སུམ་ཅུ་འཁོར་ཟིན་ནའང་། ཁོང་ཉིད་སྐུ་འཚོ་བཞུགས་སྐབས་འཁྲུངས་གཞིས་ཞུན་ཧྭ་ལ་ཆིབས་བསྒྱུར་ཐེངས་གསུམ་གནང་པའི་སྣང་ཚུལ་ལ་ཕྱིར་དྲན་གནང་དུས། ཁོང་གི་གསུང་སྐད་དང་འཛུམ་ཞལ་ནི་ད་ལྟའི་བར་དུ་ད་དུང་མིག་ལམ་དུ་གསལ་ལེར་མངོན་ཡོང་ལ། ཁོང་གི་བཀའ་སློབ་དག་ཀྱང་ད་ལྟའི་བར་བློ་ལ་བརྟན་པོར་ངེས་ཡོད་པ་རེད།
             དམ་པ་ཁོང་དང་ཡུལ་ཕྱོགས་གཅིག་ནས་ཡིན་པའི་ང་ལ་མཚོན་ན་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར་སྐྱེས་པ་ཡིན་ལ། ཏག་ཏག་འཚར་ལོངས་དང་སློབ་སྦྱོང་བྱེད་པའི་དུས་ལ་འཁེལ་ཡོད་ཅིང་། ཆུང་དུས་ནས་རྒྱ་སྐད་ཤོད་པ་དང་རྒྱ་ཡིག་སྦྱངས་པ། གསར་བརྗེའི་གླུ་གཞས་བླངས་ཏེ་ནར་སོན་པ་ཡིན་པས་གསར་བརྗེ་ལ་དྲན་ཤེས་ཟབ་མོ་ཆགས་ཡོད། 1980ལོར་མཐོ་འབྲིང་ནས་མཐར་ཕྱིན་རྗེས། ལོ་དེའི་ཟླ་བཅུ་པར། པཎ་ཆེན་རིན་པོ་ཆེ་མཆོག་འཁྲུངས་གཞིས་སུ་ཞབས་སོར་འཁོད་བྱུང་ལ། ཉིན་དེ་དག་རིང་རིན་པོ་ཆེའི་འཁྲུངས་གཞིས་ཞུན་ཧྭ་རྫོང་བིས་མདོ་ཤང་མ་རུ་གྲོང་ཚོར་ཉིན་ལྟར་མི་ཚོགས་ཀྱིས་འཚང་ཁ་རྒྱག་པ་དང་། རིན་པོ་ཆེ་ཁོང་གིས་དད་ལྡན་སེར་སྐྱ་ཡོངས་ལ་མཇལ་ཁ་གནང་པ་དང་བཀའ་ཆོས་གསུང་པ། དབང་གནང་པ་སོགས་ཀྱི་མཛད་རིམ་བསྐྱངས་པ་དང་།  སེར་སྐྱ་ཕོ་མོ་དག་གིས་ཀྱང་ཉིན་རྒྱུན་མཇལ་ཁ་ཞུ་བ་དང་ཕྱག་འཚལ་བ།  ཁ་བཏོན་འདོན་པ་སོགས་དགེ་བའི་ལས་ལ་ཞུགས་ཡོད། དེར་མཐུད་ནས་རིན་པོ་ཆེ་མཆོག་གིས་འཁྲུངས་གཞིས་ཀྱི་བོད་རིགས་ཤང་བཞི་དང་དེ་བཞིན་དགོན་སྡེ་གཙོ་གྲས་ཁག་ལ་གཟིགས་ཞིབ་གནང་སྟེ། དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་པའི་དུས་མཚུངས་སུ་ཚང་མས་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ།རང་ཉིད་ཀྱི་མི་རིགས་ལ་དགའ་བ། རང་གི་དད་མོས་ལ་དགའ་དགོས་པ་བཅས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཡང་དང་བསྐྱར་དུ་གསུང་སྒྲོག་གནང་པ་རེད།
པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་གཞིས་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོ་ཤང་།
             གོ་སྐབས་དེ་དང་བསྟུན། ཞུན་ཧྭ་རྫོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཚང་མ་སྔ་རྗེས་སུ་སྒོ་འབྱེད་ཐུབ་པ་བྱུང་ལ། བོད་རིགས་ཤང་བཞིའི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱང་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་བྱུང་བ་རེད། 1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དེས་དེ་ནས་བཟུང་ཀྲུང་གོའི་ལོ་རྒྱུས་ནི་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་བཟང་མེས་རྒྱལ་གྱི་ས་གཞི་ཡོངས་ལ་ཤར་པ་ཁྱབ་བསྒྲགས་གནང་སོང་པ་རེད། ནུབ་བྱང་ཕྱོགས་ཀྱིས་བས་མཐར་ཆགས་པའི་ཞུན་ཧྭ་རྫོང་ལ་ས་གནས་དེ་གའི་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་དང་སྐུལ་འདེད་འོག་སྲིད་ཇུས་སྣ་ཚོགས་ཀྱང་དངོས་འབེབས་བྱེད་ཐུབ་པ་བྱུང་མོད། ནང་ས་བསྡུར་ན་ཤིན་ཏུ་རྗེས་སུ་ལུས་ཡོད།  ད་རེས་པཎ་ཆེན་རིན་པོ་ཆེས་འཁྲུངས་གཞིས་ལ་གཟིགས་ཞིབ་གནང་ཞིང་། ཁོང་གི་བླ་ན་མེད་པའི་གཟི་བརྗིད་ཀྱིས་གོ་སྐབས་སྣ་ཚོགས་བེད་སྤྱད་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་དྲིལ་བསྒྲགས་གནང་པ་དེས། ཕ་ཡུལ་གྱི་ཡུལ་མི་ཚོས་དུས་བབ་གསར་པ་ཐོན་གྱིན་པར་དངོས་སུ་མྱོང་ཚོར་ཟབ་མོ་སྐྱེས་ཡོད་ཅིང་། དེ་ནས་བཟུང་། ཞུན་ཧྭ་རྫོང་མི་དམངས་ཀྱིས་ཧུར་བརྩོན་འབད་འབུངས་ཀྱིས་བྱ་བ་སྒྲུབ་པ་དང་། རང་གི་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ཤོར་ཉེན་ཡོད་པ་མཐའ་དག་དམ་འཛིན་བྱེད་པའི་གནས་བབ་ལེགས་པོ་མངོན་པ་རེད།
1982ལོའི་ཟླ7པར་པཎ་ཆེན་རིན་པོ་ཆེས་ལྷ་སར་མཐུན་སྒྲིལ་ཁ་གདན་ཐོན་སྐྱེད་མཉམ་ལས་ཁང་ལ་གཟིགས་ཞིབ་གནང་བཞིན་པ།
1985ལོའི་ཟླ9པར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཡབ་ཡུམ་དང་ལྷན་དུ་ནོར་བུ་གླིང་གར་དྲན་རྟེན་སྐུ་པར་བསྐྱོན་པ།
             ལོ་རབས་དྲུག་ཅུའི་རྗེས་ཀྱི་རང་ཉིད་ལ་མཚོན་ན། 1980 ལོའི་བར། ངོ་མཚར་ཅན་གྱི་ཆོས་ལུགས་བྱེད་སྒོ་ནི་སྔར་ནས་མཐོང་མྱོང་མེད་མོད། པཎ་ཆེན་རིན་པོ་ཆེས་ཐུགས་བརྩེ་བས་བཀའ་ཆོས་གསུང་པ་དང་དད་ལྡན་མང་ཚོགས་ཀྱིས་སྒོ་གསུམ་གུས་པའི་ངང་ཕྱག་འཚལ་བ། ཁ་བཏོན་འདོན་པ་མཐོང་དུས། འདི་དག་ཡོད་ཚད་ལ་ཤིན་ཏུ་གློ་བུར་བ་དང་མཐོང་ཚོར་གསར་པའི་སྣང་བ་སྟེར་ཞིང་། མཐོང་ཐོས་ཡོད་ཚད་ནི་ཤིན་ཏུ་ཁྱད་མཚར་ཞིང་མི་སེམས་ལ་གཡོ་འགུལ་སློང་པ་ཞིག་རེད།
             ཉིན་ཤས་སོང་བའི་རྗེས་སུ། ང་རང་ནང་ལ་ལོག་ནས་སྤོ་བོ་ལགས་དང་ཞག་གཅིག་རིང་ཁ་བརྡ་བྱས་པ་ཡིན་ཏེ། ངས་ནི་སྤོ་བོར་པཎ་ཆེན་རིན་པོ་ཆེས་གསུང་པ་དེ་ནི་ཅི་ཞིག་ཡིན་པ་རེད། ངས་ནི་ཚིག་གཅིག་ཀྱང་ཧ་གོ་གི་མི་འདུག་ཅེས་དྲིས་པར། སྤོ་བོས་པཎ་ཆེན་རིན་པོ་ཆེས་ལྷ་སའི་སྐད་ཀྱིས་ནང་བསྟན་གྱི་གནས་ལུགས་ལ་བརྟེན་ནས་ཀུན་ལ་དགེ་བ་མང་ཙམ་སྒྲུབ་ནས་སྤྱི་ཚོགས་ལ་ཕན་པ་བསྐྲུན་དགོས་པའི་སྐོར་གྱི་བཀའ་སློབ་བསྩལ་པ་རེད། ཁྱོད་ཚོའི་ལོ་རབས་འདིའི་ཧ་མ་གོ་བར་ཡང་ཁག་མི་འདུག  དེ་སྔོན་མི་རིགས་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་ངེས་རེད་ཅེས་སྐད་ཆ་མང་པོ་ཁྱབ་ཀྱི་འདུག་ཅིང་། ང་ཚོས་ཀྱང་ཡུན་རིང་ལྟ་ཞིབ་བྱས་པ་ཡིན། པཎ་ཆེན་རིན་པོ་ཆེ་ནི་ཀྲུང་དབྱང་གི་དབུ་ཁྲིད་ཡིན་པ་དང་། ཁོང་རིན་པོ་ཆེས་ཞལ་གསུང་དེ་འདྲ་འབྱོན་ཚེ་ང་ཚོར་སེམས་དོགས་ཅི་ཡང་ཡོད་མི་སྲིད། ཁྱོད་ད་དུང་ལོ་ཆུང་རེད། སྔོན་ལ་བོད་ཡིག་སློབ་སྦྱོང་བྱེད་པ་ནས་མགོ་རྩོམ། དེ་ནས་སྲོལ་རྒྱུན་རིག་གནས་ལ་དོ་སྣང་མང་ཙམ་བྱེད་པ་དང་། ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་མང་ཙམ་བྱེད་རོགས། འདི་དག་གིས་ཁྱོད་ཀྱི་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོད་ངེས། སྤོ་བོས་སྐད་ཆ་དེས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་དེ་མུར་བོད་ཡིག་གི་སྦྱོར་ཀློག་དཔེ་དེབ་ཅིག་བཙལ་ནས་བོད་ཡིག་སྦྱོང་འགོ་བརྩམས་པ་ཡིན།
             1983ལོའི་ཟླ9པར། པཎ་ཆེན་རིན་པོ་མཆོག་གིས་འཁྲུངས་གཞིས་ལ་གཟིགས་ཞིབ་ཐེངས་གཉིས་པ་གནང་པ་དང་། བཞུད་ལམ་གྱི་གོ་རིམ་ནི་ཐེངས་དང་པོ་དང་གཅིག་མཚུངས་རེད། ངས་ནི་རིན་པོ་ཆེའི་ཞལ་གསུངས་ལ་ཉན་པར་རེ་སྒུག་ཆེན་པོ་བྱས་པ་ཡིན་མོད།ཤིན་ཏུ་བློ་ཕམ་པ་ཞིག་ལ་སྔར་བཞིན་ཚིག་གཅིག་ཀྱང་གོ་གི་མི་འདུག  དེ་ལྟར་ནའང་གནད་དོན་དེའི་རྒྱུ་རྐྱེན་གང་ཡིན་པ་གསལ་པོ་རྟོགས་བྱུང་། ངས་དུས་ཡུན་ལོ་ངོ་གཉིས་ལྷག་ཙམ་གྱི་རང་སྦྱོང་ལས་བོད་ཡིག་ནི་རྨང་གཞིའི་ཤེས་བྱ་ཙམ་ལས་སློབ་ཐུབ་མེད་ཅིང་།གལ་ཏེ་དེ་ལས་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་ཡག་པོ་བྱེད་བསམ་ཚེ། ངེས་པར་དུ་སློབ་གྲྭ་ཚད་ལྡན་ཞིག་ཏུ་འགྲིམས་དགོས་ཤིང་། དེ་ལྟར་མིན་ཚེ་ཕན་འབྲས་ཆེན་པོ་ཐོབ་མི་སྲིད། དེ་བས་ན་ངས་ནི་གོ་སྐབས་ཅི་རིགས་བཙལ་ཏེ་བོད་ཡིག་ལ་ལས་བྲལ་ཟབ་སྦྱོང་བྱས་པ་ཡིན་ལ།སློབ་མཐར་ཕྱིན་རྗེས་པཎ་ཆེན་རིན་པོ་ཆེས་གྲོས་འགོ་བཏོན་ནས་བཙུགས་པའི་ཞུན་ཧྭ་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་པ་ཡིན།
             1987ལོའི་ཟླ10པར། པཎ་ཆེན་རིན་པོ་མཆོག་གིས་འཁྲུངས་གཞིས་ལ་གཟིགས་ཞིབ་ཐེངས་གསུམ་པ་གནང་པ་རེད།  ང་ཚོ་དད་གུས་ཆེན་པོའི་སྒོ་ནས་རིན་པོ་ཆེའི་སྐུ་མདུན་དུ་བཅར་པ་ཡིན་ལ། རིན་པོ་ཆེས་ང་ཚོ་རེ་རེ་བཞིན་ཕྱག་འཇུ་བཏང་ཞིང་།བདེ་སྡུག་སྐོར་བཀའ་འདྲི་བ་གནང་པ་དང་འབྲེལ་ཁོང་དང་མཉམ་དུ་ཞལ་ལག་མཆོད་པར་གདན་ཞུ་གནང་པ་རེད།
ཞུན་ཧྭ་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པར་ཕེབས་བསུ་མཛད་བཞིན་པ།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དང་ཞུན་ཧྭ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཡོངས་ནས་དྲན་རྟེན་སྐུ་པར་བསྐྱོན་པ།
             ཟླ10པའི་ཚེས3ཉིན།  པཎ་ཆེན་རིན་པོ་ཆེ་མཆོག་གིས་ངེད་སློབ་འབྲིང་དུ་གཟིགས་ཞིབ་གནང་པ་ཡིན་ལ། སློབ་གྲྭ་འདི་ཉིད1985 ལོར་རིན་པོ་ཆེས་གྲོས་འགོ་བཏོན་ནས་བསྐྲུན་རྗེས་ཁོང་ཉིད་གཟིགས་ཞིབ་ཏུ་ཕེབས་ཐེངས་ཐོག་མའང་རེད། ཉིན་དེའི་ཞོགས་པར། ང་ཚོའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སློབ་གྲྭའི་ཕྱི་ནང་བར་གསུམ་ལ་གད་ཕྱིས་གཙང་མ་བྱས་ཏེ། དགེ་སློབ་ཡོངས་ཀྱིས་ལུས་ལ་མི་རིགས་ཀྱི་གྱོན་ཆས་སྤྲས་ཤིང་ལག་ཏུ་བཀྲ་ཤིས་ལྷ་དར་བསྣམས་ནས་སྒོ་གསུམ་གུས་པའི་སྒོ་ནས་རིན་པོ་ཆེ་ཁོང་ཕེབས་པར་ངང་སྒུག་བྱས་པ་ཡིན། པཎ་ཆེན་རིན་པོ་ཆེ་མཆོག་ག་ལེར་སློབ་རའི་ཞབས་སོར་འཁོད་པ་ན། གྲལ་ཕྲེང་བསྒྲིགས་ནས་དགེ་སློབ་ཡོངས་ཀྱིས་བཀྲ་ཤིས་ལྷ་དར་མཐོན་པོར་དཔྱར་པ་དང་། གདོང་ལ་དགའ་མགུའི་མཆི་མ་འཁོར་ཏེ་སེམས་འགུལ་ཚད་མེད་ཐེབས་ཡོད་པར།རིན་པོ་ཆེས་ཕྱག་བརྡ་གཏོང་ཞོར་དུ་ཚང་མར་འཚམས་འདྲི་གནང་པ་དང་། དེའི་རྗེས་སུ། ཁོང་གིས་དགེ་སློབ་ཡོངས་ལ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་ལ་བུམ་པ་གང་བྱོའི་ཚུལ་དུ་བཀའ་སློབ་བསྩལ་པ་རེད།
             རིན་པོ་ཆེ་མཆོག་གི་གསུང་བཤད་ཀྱི་ནང་དོན་ནི་རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཀྱི་ངོས་ནས་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་འབྱུང་འགྱུར་གྱི་དུས་བབ་སྐོར་གླེང་པ་དང་། ཁོང་གི་གསུང་བཤད་ནི་སྐབས་དེའི་ཞུན་ཧྭ་མི་རིགས་སློབ་གསོར་བཤད་ན་ནི་དུས་ཐོག་ཆར་བ་ལྟ་བུར་ངེས་ཤིང་།  མི་རབས་ནས་མི་རབས་ཀྱི་གཞོན་ནུ་སློབ་མ་མང་པོས་ཕུགས་བསམ་ཆེན་པོ་བཅངས་ཏེ་སྙིང་རུས་ཆེར་བསྐྱེད་ཀྱིས་འབད་བརྩོན་ལྷུར་ལེན་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཅིང་། དེང་ཆར་སློབ་གྲྭ་དེ་ག་ནས་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་ལ་རྒྱུགས་འཕྲོད་པའི་སློབ་མ5000ལྷག་ཙམ་ཡོད་ལ། དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ300ལ་ཉེ་བ་དང་འབུམ་རམས་པ50ཙམ་ཟིན་ཡོད་པས། རིན་པོ་ཆེས་ཞལ་གསུངས་གིས་ཞུན་ཧྭའི་མི་རིགས་སློབ་གསོར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
             རིན་པོ་ཆེས་ཞལ་གསུང་མཇུག་འགྲིལ་རྗེས། ང་ཚོས་ད་དུང་དང་ཁོང་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་ཡིན་ལ། དེར་མཐུད། རིན་པོ་ཆེའི་སྐུ་འཁོར་འགོ་ཁྲིད་ཀྱིས་རིན་པོ་ཆེའི་ཞལ་གསུངས་སྒྲ་ཐག་ངའི་ལག་ཏུ་བཞག་སྟེ་ཉིན་དེའི་མཚན་མོར་ཡིག་ངོས་སུ་ཕབ་དགོས་པ་མ་ཟད་རྒྱ་ཡིག་ཏུ་བསྒྱུར་དགོས་པར་སྐུལ། ཉིན་གཉིས་པའི་ཞོགས་པར་མ་ཟིན་གོང་ལ་སྤྲད་པ་ཡིན་ལ་སྣུམ་དཔར་དུ་བཏབ་རྗེས་ཚང་མར་སློབ་སྦྱོར་བྱེད་པར་བཀྲམས་པ་རེད།1998 ལོར།《མཚོ་སྔོན་སློབ་གསོའི》(བོད་ཡིག་པར་མ) དེབ་དང་པོར་གསུང་བཤད་ཆ་ཚང་བཀོད་དེ་པར་སྐྲུན་བྱས་ཡོད།
བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་བཤམས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར།
             ཟླ10པའི་ཚེས3ཉིན།པཎ་ཆེན་རིན་པོ་ཆེས་ཆེད་དུ་རྡོ་སྦིས་ཤང་སྒོ་རིས་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་ལ་ཞབས་སོར་འཁོད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་ཤེས་རབ་རྒྱ་མཚོའི་དྲན་གསོ་ཁང་སྒོ་ཕྱེ་བའི་དར་ཚོན་བཅད་པ་དང་། མཇུག་མཐར། ཡང་བསྐྱར་ཞལ་གསུང་བདུད་རྩིའི་དངོས་གྲུབ་བསྩལ་ཏེ་རྗེ་བཙུན་ཤེས་རབ་རྒྱ་མཚོའི་སྐུ་ཚེའི་གཏམ་རྒྱུད་ལ་ཕྱིར་དྲན་གནང་པ་དང་། རྗེ་ཁོང་གིས་མི་རིགས་ཁག་བར་གྱི་རིག་གནས་སྤེལ་རེས་དང་། ནང་བསྟན་རྒྱུན་འཛིན་དང་དར་སྤེལ། བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་པར་མཛད་རྗེས་མི་དམན་པ་བཞག་པར་བསྟོད་བསྔགས་གནང་པ་རེད།
             ཉིན་དེའི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་ཀྱིས་ཐེངས་དེའི་གསུང་བཤད་ཀྱི་ནང་དོན་ཡིག་ངོས་སུ་ཕབ་དགོས་པ་མ་ཟད་རྒྱ་ཡིག་ཏུ་བསྒྱུར་པར་སྐུལ་ཞིང་། ཕྱིས་སུ་སྒྲ་ཕབ་འདི་ཡི་གེར་བཏབ་ནས《རྩེར་སྙེག》(བོད་ཡིག་པར་མ)1990ལོའི་དེབ3པའི་སྟེང་བཀོད་ཡོད།
             རིན་པོ་ཆེས་འཁྲུངས་གཞིས་སུ་གཟིགས་ཞིབ་ཐེངས་གསུམ་གནང་པར་མཛད་རིམ་ཐེངས་རེ་ནས་ཐེངས་རེར་བྲེལ་བ་ཆེ་ཞིང་། གསུང་བཤད་ཐེངས་རེ་ལས་ཐེངས་རེར་ནན་ཏན་ཡིན་པ་དང་། བླང་བྱ་ཐེངས་རེ་ནས་ཐེངས་རེར་གཟབ་ནན་ཡིན་པ་རེད། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་གྱི་འགྱུར་ལྡོག་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་ཅིང་། གལ་ཏེ་གནད་དོན་ཅི་ཞིག་མཐོང་པ་ཡིན་ན་དེ་མུར་ཡུལ་དངོས་སུ་ཐག་གཅོད་བྱེད་པ་རེད། རིན་པོ་ཆེའི་གཟབ་ནན་གྱི་ལས་ཀའི་སྤྱོད་ལམ་གྱིས་མི་འབོར་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད། ང་ལ་མཚོན་ན། མྱོང་ཚོར་ཟབ་ཤོས་ནི་རིན་པོ་ཆེ་ཐེངས་སྔོན་མ་གཉིས་ལ་འཁྲུངས་གཞིས་སུ་ཕེབས་སྐབས་ལྷ་སའི་སྐད་ཀྱིས་ཞལ་གསུང་གནང་པ་དང་། ཐེངས་རྗེས་མར་ཡུལ་སྐད་ཀྱིས་གསུང་བཤད་གནང་པ་དང་ལྷག་པར་དུ་བིས་མདོ་ཤང་དུ་གསུང་བཤད་གནང་སྐབས་བིས་མདོའི་ཡུལ་སྐད་མང་པོ་སྤྱོད་པ་དང་།རྡོ་སྦིས་སུ་གསུང་བཤད་གནང་སྐབས་རྡོ་སྦིས་ཀྱི་ཡུལ་སྐད་སྤྱོད་པ་དེ་རེད། འདི་ལས། རིན་པོ་ཆེས་སློབ་སྦྱོང་དང་བརྟག་དཔྱད་མཚམས་འཇོག་གི་མེད་པ་དང་།ཐ་ན་ཆེས་རྨང་གཞིའི་ཡུལ་སྐད་ལའང་མཁྱེན་རྟོགས་གསལ་པོ་མཛད་ཡོད་པ་མཚོན།
དགའ་ལྡན་བྱིན་ཆགས་གླིང་གི་ཆོས་འཁོར་རབ་རྒྱས་གླིང་དུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཞུགས་ཁྲི།
             1989ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། བརྙན་འཕྲིན་གསར་འགྱུར་གྱི་ལམ་ལས་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གཞིས་རྩེ་ནས་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་གཏམ་ངན་ཐོས་རྗེས་། ང་རང་དུས་ཡུན་རིང་པོ་ཞིག་སྐྱོ་གདུང་གིས་མནར་སོང་།  ལོ་མཇུག་ཏུ། ལས་ཀའི་དགོས་དབང་གིས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དུ་ལས་གནས་སྤར་ནས་དམངས་ཁྲོད་རིག་གནས་སྤེལ་སའི་དུས་དེབ་ཁང་ཞིག་ཏུ་ད་བར་དུ་ལས་ཀ་གཉེར་པ་ཡིན།
             པཎ་ཆེན་རིན་པོ་ཆེ་ལ་མཇལ་འཛོམས་ཐེངས་གསུམ་བྱུང་པ་དང་། ཐེངས་གཉིས་ལ་རིན་པོ་ཆེས་ཞལ་གསུང་ཡིག་ངོར་ཕབ་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་དུས། རྒྱུན་པར་རང་ཉིད་ནི་དངོས་གནས་བསོད་ནམས་ཅན་ཞིག་ཡིན་པར་སྙམ་ཏེ། རིན་པོ་ཆེ་ཁོང་གི་ཞལ་གསུང་དྲོན་མོ་དེ་དག་གི་དབང་གིས་ང་རང་ལ་བོད་ཡིག་སྦྱོང་པའི་བློ་སྤོབས་བསྩལ་སོང་པ་ཡིན་ལ། ང་རང་ལ་རིན་པོ་ཆེའི་འཁྲུངས་གཞིས་ཀྱི་གསུང་བཤད་ཐེངས་གཉིས་པོ་ཡིག་ངོར་ཕབ་པའི་བགོ་སྐལ་སྨིན་པ་འདི་ཡང་རིན་པོ་ཆེ་དང་ངེད་གཉིས་དབར་གྱི་ཚེ་སྔོན་ལས་ཀྱི་འབྲེལ་བ་གང་ཞིག་ཡིན་ཡང་སྲིད།
             པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེའི་བཀའ་སློབ་དྲོན་མོ་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་ཀྱིས་དུས་ཀུན་ཏུ་ང་ལ་སྐུལ་ལྕག་དང་སེམས་འགུལ་ཚད་མེད་ཐེབས་ཡོད་ཅིང་། ངས་ནི་ཁོང་རིན་པོ་ཆེའི་བཀའ་སློབ་སེམས་ལ་བརྟན་པོར་བཅངས་ཏེ་འགན་འཁྲི་ཁུར་དུ་བླངས་ནས་རང་གི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1