གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༢ཚེས་༠༣ཉིན།

མཚོ་སྔོན་གྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཏེ་2020ལོར་དངོས་སུ་སྤྱི་གླིང་བསྐྲུན་རྒྱུ་ཡིན་པ།

     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2018)》དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྤྱིའི་འཕེལ་རིམ་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ཟླ་བཅུ་གཉིས་པར་ཀྲུང་དབྱང་གི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་2016ལོའི་ཟླ་གསུམ་པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚོད་ལྟའི་ཇུས་གཞི》བཀྲམ་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ལག་ལེན་འཚོལ་ཞིབ་བྱེད་འགོ་ཚུགས་པ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཐན་ཅིན་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་ལྷག་ཙམ་རིང་མཚོ་སྔོན་གྱིས་གསར་གཏོད་དེ་སྒྲིག་སྲོལ་ཚོད་ལྟའི“རྩ་བ”དང“བླ་སྲོག”ལྟ་བུར་བརྩིས་ཏེ་ལྗང་མདོག་སྤྱི་གླིང་སྐྲུན་རྒྱུ་དང་ཚན་རྩལ་ལ་བརྟེན་ནས་སྤྱི་གླིང་སྐྲུན་རྒྱུ་སོགས་ཀྱི་འདུ་ཤེས་ཆེན་པོ་བཅུ་བཙུགས་པ་དང་འབྲེལ་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་གསེད་བཀྲོལ་བྱས་པར་བརྟེན“ཅིའུ་ལུང་ཆུ་བཅོས”ཀྱི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་། ཁྲིམས་འཛིན་ལྟ་སྡོམ“ཁ་ཐོར་ཅན”གྱི་གནད་དོན་ཐག་གཅོད་བྱུང་སྟེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུར་ལད་མོ་ཆོག་པ་དང་དཔེ་ལྟ་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་བསགས་ཡོད། ཞིང་ཆེན་དང་། ཀྲོའུ། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཕྱོགས་བསྡུས་དོ་དམ་དངོས་ཚན་བཙུགས་པར་བརྟེན་སྣོད་བཅུད་སྲུང་སྐྱོང་དང་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད། གླིང་ཁུལ་གསུམ་དང་འབྲེལ་བའི་རྫོང་བཞིས་སྡེ་ཚན་ཆེན་པོའི་ལམ་ལུགས་ལ་སྒྱུར་བཅོས་བྱས་པ་དང་། རྫོང་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་ཁུ་བསྡུ་བྱས་པར་བརྟེན་གླིང་ཁུལ་དོ་དམ་ཨུ་ལྷན་དང་རྫོང་སྲིད་གཞུང་དབར་ལུགས་མཐུན་ལས་བགོས་དང་གོ་རིམ་ལྡན་པའི་མཉམ་ལས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།
     མཚོ་སྔོན་གྱིས་རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ཐང་བཅས་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་བླང་བྱར་གཞིགས་ནས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་གི་རང་བྱུང་སྲུང་སྐྱོང་ཁུལ་དང་། འདམ་ར་གལ་ཆེན། འཐུང་ཆུའི་ཆུ་ཁུངས་གལ་ཆེན་སྲུང་སྐྱོང་ཁུལ། རང་བྱུང་ཤུལ་བཞག་ས་གནས་སོགས་རིགས་ཁག་གི་སྲུང་སྐྱོང་ས་གནས་ཀྱི་ནུས་པ་བསྐྱར་བཙུགས་དང་བཟང་སྒྲིག་བསྡུ་སྒྲིལ་བྱས་པ་དང་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ལག་བསྟར་བྱས་པར་བརྟེན་གླིང་ཁུལ་གྱི་ནུས་ཁུལ་ཁག་སོ་སོའི་སྤྱི་ཡོངས་རང་བཞིན་དང་། མཉམ་འབྲེལ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཟབ་ཏུ་ཕྱིན་ཡོད། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་པོ་སྟེ《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》རྩོམ་བཟོ་བྱས་ནས་ཡོངས་བསྒྲགས་བྱས་པ་དང་སྣོད་བཅུད་སྲུང་སྐྱོང་དང་། དོ་དམ། སྡེ་ཁུལ་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་སོགས་ཆེད་དོན་འཆར་འགོད་ལྔ་རྩོམ་བཟོ་ལེགས་སྒྲུབ་བྱས་པར་བརྟེན་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཀྱི་མ་ལག་རིམ་གྱིས་གྲུབ་ཡོད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ལི་ཤའོ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཚོད་ལྟའི་སྲིད་ཇུས་བཟོ་སྐབས་སྣོད་བཅུད་སྲུང་སྐྱོང་དང་གནད་སྨིན་དབུལ་སྒྲོལ་ཟུང་འབྲེལ་བྱེད་པ་དང་། འབྲོག་པ་མང་ཚོགས་དེའི་ནང་ཧུར་ཐག་ཞུགས་རྒྱུ་དེ་འབབ་འཕར་ཕྱུག་འགྱུར་དང་། ལས་ཞུགས་གཞན་སྒྱུར། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཅས་དང་ཟུང་འབྲེལ་བྱས་ཡོད། སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་པའི་ལས་གནས་ལམ་སྲོལ་གསར་གཏོད་བྱས་ཏེ་ཕྱོགས་ཡོངས་ནས་གླིང་ཁུལ་དུ“དུད་ཚང་གཅིག་ལ་ལས་གནས་གཅིག”མངོན་འགྱུར་བྱུང་ནས་ལག་ཁྱེར་ཡོད་པའི་སྣོད་བཅུད་དོ་དམ་མི་སྣ་17211ལས་གནས་ཐོག་བཀོད་སྒྲིག་བྱས་ཁར་ལོ་གསུམ་རིང་ཞིང་ཆེན་ནོར་སྲིད་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.8བཏང་བ་དང་དུད་ཚང་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་21600ཟིན་ཡོད། རྩྭ་ཐང་འགན་གཙང་ལམ་ལུགས་བརྟན་དུ་བཏང་བའི་རྨང་གཞིའི་ཐོག་བློ་ཁོག་ཆེན་པོས་རྩྭ་ཐང་འགན་གཙང་གཉེར་སྐྱོང་དེ་རིམ་གྱིས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཕྱོགས་སུ་སྒྱུར་ནས་ཞིང་འབྲོག་པའི་ཡོང་འབབ་ཐབས་ལམ་ཇེ་ཡངས་སུ་བཏང་ཡོད།
     ལོ་གཉིས་ལྷག་ཙམ་རིང་གི་ཚོད་ལྟའི་ལས་དོན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་རྨང་གཞི་བཟང་པོ་བཏིངས་ཡོད། མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་མིང་བྱང་དང་། སྣོད་བཅུད་མ་ལག་སྲུང་སྐྱོང་གི་མ་དཔེ། མཐོ་གྲང་སྐྱེ་དངོས་ཀྱི་རང་བྱུང་སྣ་ཁ་དང་སྤུས་རྟགས་ཀྱི་ཐོན་ཁུངས་མཛོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ལྷ་ཡུལ། སྣོད་བཅུད་མྱོང་རོལ་དང་ཁོར་ཡུག་སློབ་གསོའི་སྟེགས་བུ། སྣོད་བཅུད་ཁོར་ཡུག་གི་ཚན་ཞིབ་རྟེན་གཞི། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུར་འཚམ་པའི་སྐར་ཁུང་། བུ་རབས་ཚ་རྒྱུད་ལ་བཞག་པའི“དག་ཞིང”བཅས་སུ་བསྐྲུན་རྒྱུ་དང་འབྲེལ་འཛམ་གླིང་ལ་རྒྱ་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། རང་བྱུང་གི་རྣམ་པ་མཛེས་ཤོས། སྣོད་བཅུད་ཀྱི་ནུས་པ་བརྟན་པ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། མི་དང་རང་བྱུང་ཁམས་ཞི་མཐུན་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་མངོན་པར་བྱ་རྒྱུ་རེད།
     2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ་རེད། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་། ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་གཏོང་བ། ཚད་ལྡན་མ་ལག་རྩ་བའི་ཆ་ནས་གྲུབ་པ། དོ་དམ་འཁོར་སྐྱོད་བདེ་བླག་བཅས་ཡོད་རྒྱུ་རེད། ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་གཙོ་བོར་གྱུར་པ་དང་། སྣོད་བཅུད་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཐོན་ལས་སྤོ་སྒྱུར་དང་ལས་རིགས་སྤོ་སྒྱུར་གྱི་འབྲོག་པ་མང་དུ་ཕྱིན་པ། རྒྱལ་ཁབ་སྤྱི་གླིང་ནང་དུ་སྡོད་མཁན་མི་འབོར་ཅུང་ཆག་པ། རི་དང་། ཆུ། ནགས་ཚལ། མཚེའུ། རྩྭ་ཐང་བཅས་ཀྱི་སྣོད་བཅུད་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོང་ཡོང་བ། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་སླར་གསོ་ཡོང་བ། གཙང་ཆུ་རྒྱུག་ཚད་མུ་མཐུད་བརྟན་དུ་ཕྱིན་པ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་བརྟན་པོའི་ངང་ཡག་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་བ། སྣོད་བཅུད་མ་ལག་རིམ་གྱིས་འཁོར་རྒྱུག་བཟང་བའི་ཕྱོགས་སུ་བསྐྱོད་རྒྱུ་རེད། རྒྱལ་ཁབ་སྤྱི་གླིང་གི་ཞབས་ཞུ་དང་། དོ་དམ། ཚན་ཞིབ་མ་ལག་བཅས་རིམ་གྱིས་གྲུབ་ནས་སྣོད་བཅུད་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱུང་ཡོད། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་དཔེ་སྟོན་སྲུང་སྐྱོང་ཁུལ་དང་། མཉམ་སྐྲུན་མཉམ་སྤྱོད་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྔོན་སྤེལ་ཁུལ། མཚོ་བོད་ས་མཐོའི་རང་བྱུང་ཁམས་ཆེ་མོའི་སྲུང་སྐྱོང་འགྲེམས་སྟོན་ཁུལ་དང་སྣོད་བཅུད་རིག་གནས་རྒྱུན་འཛིན་ཁུལ་བཅས་རྩ་བའི་ཆ་ནས་བསྐྲུན་ཡོད། 2025ལོར་སླེབས་སྐབས་སྲུང་སྐྱོང་དང་དོ་དམ་སྒྲིག་སྲོལ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་འབྲེལ། དོ་དམ་འཁོར་སྐྱོད་གོ་རིམ་ལྡན་ལ་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་2035ལོར་སླེབས་སྐབས་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་ཞིག་སྐྲུན་ཟིན་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1