༄༅།། ལོ་ཙཱའི་དཔྱད་བརྗོད་ཀྱི་ཕན་ཡོན་སྐོར་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-18



       དང་པོ། ལོ་ཙཱའི་དཔྱད་བརྗོད་ཀྱི་མཚན་ཉིད།
       ལོ་ཙཱའི་དཔྱད་བརྗོད་ཅེས་པའི་ཐ་སྙད་འདི་ནི་རྒྱལ་ནང་དུ་ཧ་ལམ་བཅིངས་འགྲོལ་བཏང་རྗེས་བྱུང་བའི་ཐ་སྙད་གསར་པ་ཞིག་ཡིན་པར་སྙམ། དེ་སྔོན་དུ་རྩོམ་རིག་སྐོར་གྱི་དཔྱད་བརྗོད་མ་གཏོགས་ལོ་ཙཱའི་དཔྱད་བརྗོད་ཅེས་པ་མཐོང་ཐོས་སུ་མ་བྱུང་། ཡིན་ན་ཡང་། ཉེ་བའི་ལོ་ཤས་རིང་། རྒྱལ་ནང་གི་ལོ་ཙཱ་བ་མང་དག་ཅིག་གིས་ལོ་ཙཱའི་དཔྱད་བརྗོད་ཅེས་པར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ཡང་ལོ་ཙཱའི་དཔྱད་བརྗོད་ཀྱི་འབྱུང་རྐྱེན་ལ་བརྟག་ཞིབ་བྱེད་དགོས་ན། སྔོན་ལ་ངེས་པར་དུ་ཐ་སྙད་དེའི་གོ་དོན་དང་ཡང་སྙིང་ཅི་ཞིག་མཚོན་དགོས་པ་དེ་གསལ་པོར་རྟོགས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། ལོ་ཙཱའི་དཔྱད་བརྗོད་ཅེས་པའི་མཚན་ཉིད་ལ་ལི་མིན་གྱིས་མཛད་པའི《ལོ་ཙཱའི་དཔྱད་བརྗོད་དང་རོལ་མྱོང》ཞེས་པར“ལོ་ཙཱའི་དཔྱད་བརྗོད་ཅེས་པ་ནི་གཙོ་བོ་དམིགས་བསལ་གྱི་འགྱུར་ཡིག་དང་ཡང་ན་འགྱུར་ཡིག་གི་གནས་ཚུལ་ཞིག་ལ་དཔྱད་བརྗོད་སྤེལ་བར་ཟེར”ཞེས་གསུངས། ཡང《ཀྲུང་གོའི་ཡིག་སྒྱུར་ཚིག་མཛོད》ལས“ལོ་ཙཱའི་དཔྱད་བརྗོད་ནི་ཚད་གཞི་ངེས་ཅན་ཞིག་ལ་བརྟེན་ནས་ཡིག་སྒྱུར་གྱི་བརྒྱུད་རིམ་དང་འགྱུར་ཡིག་གི་རིན་ཐང་ལ་ཕྱོགས་ཡོངས་ནས་དཔྱད་པར་བྱ”ཞེས་གསུངས་ཡོད། རང་རེའི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ནང་དུ་ལོ་ཙཱའི་དཔྱད་བརྗོད་ཅེས་པར་མཚན་ཉིད་རེ་བཞག་ཡོད་པ་ཧ་ལམ་སྟོང་ཆའི་ཚུལ་དུ་གནས། དེ་བས་བློ་དམན་ཁོ་བོས་ཤེས་ཚོད་ཀྱི་མཚན་ཉིད་ཅིག་བཞག་པ་ནི་འདི་ལྟར། ལོ་ཙཱའི་དཔྱད་བརྗོད་ཅེས་པ་ནི་སྒྱུར་མཁན་ལོ་ཙཱ་བ་ཞིག་གིས་སྒྱུར་པའི་འགྱུར་ཡིག་དེ་མ་ཡིག་ལ་གཏུགས་ཏེ། མིང་ཚིག་གི་བརྗོད་པ་དག་སོ་སོའི་རྣམ་པ་ཞིབ་བསྡུར་བྱས་ནས་འགྱུར་མ་དེ་དག་མ་ཡིག་གི་དོན་དང་རྣམ་པ་ལ་ཇི་ལྟར་བསྟུན་ཡོད་མེད་དང་། སྒྱུར་བྱེད་ཀྱི་སྐད་ལ་ཡི་གེའི་བརྡ་སྤྲོད་ལུགས་དང་བསྟུན་དགོས་པ། ཀློག་པ་པོས་གོ་ཐུབ་མིན། སྒྱུར་ཡིག་དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་དེ་མ་ཡིག་དང་གཅིག་མཚུངས་ཡིན་མིན་སོགས་ལ་དཔྱད་བརྗོད་སྤེལ་བ་ལ་གོ འོན་ཡང་དོན་དུ་གནས་ལ་འཁེལ་ཡོད་མེད་སྐོར་ལ་མཁྱེན་རྒྱ་ཡང་བའི་ཤེས་ཡོན་ཅན་རྣམས་ཀྱིས་མཛུབ་སྟོན་གནང་བར་ཞུ། གོང་གི་མཚན་ཉིད་དེ་དག་ལས་གསལ་པོར་རྟོགས་ཐུབ་པ་ནི་མ་ཡིག་དང་སྒྱུར་ཡིག་ཞིབ་བསྡུར་བྱས་ནས་སྒྱུར་ཡིག་གི་ལེགས་ཆ་དང་ཞན་ཆ་ཐེར་འདོན་བྱས་ཏེ། ལེགས་ན་ལེགས་པའི་ཆར་བསྟོད་པ་དང་། ཞན་ན་ཞན་པའི་ཆ་ལ་སྐྱོན་སེལ་བྱས་ཏེ། དཔྱད་བརྗོད་སྤེལ་བ་ལ་ལོ་ཙཱའི་དཔྱད་བརྗོད་ཅེས་སུ་གྲགས་པ་དང་ལོ་ཙཱའི་དཔྱད་བརྗོད་ཀྱི་ནང་དོན་ཡང་གསལ་པོར་རྟོགས་ཐུབ་བོ།
       གཉིས། ལོ་ཙཱའི་དཔྱད་བརྗོད་ཀྱི་གནས་བབ།
       ལོ་ཙཱའི་དཔྱད་བརྗོད་ནི་ཡིག་སྒྱུར་གཞུང་ལུགས་གཏིང་ཟབ་ཅིང་རྒྱ་ཆེ་བར་གྲུབ་པའི་སྔོན་འགྲོ་ཆ་རྐྱེན་ཡིན་པ་ཀུན་གྱི་མཁྱེན་གསལ་ལྟར་རེད། རྒྱལ་ནང་གི་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱའི་དཔྱད་བརྗོད་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་སྟེ། ལི་མིན་གྱིས་མཛད་པའི《ལོ་ཙཱའི་དཔྱད་བརྗོད་དང་རོལ་མྱོང》ཞེས་པ་ལས“ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་དང་། ལོ་ཙཱའི་གནད་དོན་ལ་དབྱེ་ཞིབ། ལོ་ཙཱའི་བརྩམས་ཆོས་ལ་དཔྱད་གླེང་སོགས་ལོ་ཙཱའི་དཔྱད་བརྗོད་དང་རྩ་བ་ནས་ཁ་བྲལ་མི་སྲིད”དང“ལོ་ཙཱའི་དཔྱད་བརྗོད་ནི་ལོ་ཙཱའི་སྤུས་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད”ཅེས་གསུངས་ཡོད། དེ་དག་ལས་ལོ་ཙཱའི་དཔྱད་བརྗོད་ཀྱི་གལ་ཆེའི་རང་བཞིན་གསལ་པོར་རྟོགས་ཐུབ། གཞན་ཡང་། ལོ་ཙཱའི་དཔྱད་བརྗོད་སྐོར་ཀྱི་རིག་དེབ་དང་དཔྱད་རྩོམ་ཡང་མང་དག་ཅིག་བཏོན་འདུག དཔེར་ན། ལའུ་ཅོང་དང་ཧོ་ཤང་ཆོང་གཉིས་ཀྱིས་མཛད་པའི《ལོ་ཙཱའི་སྐྱོན་བརྗོད་རིག་པའི་མདོར་བཤད》དང་བང་ཤི་ཡིན་གྱིས་མཛད་པའི《ལོ་ཙཱའི་སྐྱོན་བརྗོད་གཞུང་ལུགས་ནས་ལག་ལེན་བར་དུ་འཇུག》ལ་སོགས་པ་མང་པོ་ཞིག་ཡོད་པ་རེད། བོད་ལ་མཚོན་ན། དངོས་སུ་ལོ་ཙཱའི་དཔྱད་བརྗོད་ཀྱི་གཞུང་ལུགས་བཏོན་པའི་དཔྱད་གཞི་ཆ་ཚང་ཞིག་མེད་པ་མ་ཟད། ལོ་ཙཱའི་དཔྱད་བརྗོད་ཀྱི་ཁོངས་སུ་གཏོགས་པའི་དཔྱད་རྩོམ་ཡང་ཧ་ཅང་ཉུང་ཉུང་རེད་འདུག ཡོད་ཀྱང་སྒྱུར་ཡིག་མཁོ་ནར་དཔྱད་བརྗོད་སྤེལ་པ་ལས་དཔྱད་བརྗོད་ཀྱི་གཞུང་ལུགས་སྐོར་ལ་ཉམས་ཞིབ་བྱས་ཡོད་པ་ཕལ་ཆེར་མེད་པའི་ཚོད་དུ་གདའ་འོ་སྙམ།
       གསུམ། ལོ་ཙཱའི་དཔྱད་བརྗོད་ཀྱི་གཞི་འཛིན་ས།
       ལོ་ཙཱའི་དཔྱད་བརྗོད་ཅིག་སྤེལ་དགོས་ན། ངེས་པར་དུ་བརྟེན་གཞིའམ་གཞུང་ལུགས་ཤིག་མེད་གྱུར་ན། ལོང་བས་མུན་ནང་སྤར་ཉུལ་གྱི་དཔེ་ལས་མ་འདས་སོ། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་རིང་མོར་ཕྱིར་ལྟ་ཞིག་བྱས་ན། བོད་ཀྱི་ལོ་ཙཱའི་རིག་གཞུང་གྲུབ་པའི་བརྒྱུད་རིམ་གསལ་པོ་མཐོང་ཐུབ་སྟེ། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། ལོ་ཙཱའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན་ནས། བརྡ་ཆད་དང་མིང་བརྡ་ལ་གཅིག་གྱུར་ཞིག་མེད་པ་དང་། ཡིག་སྒྱུར་གྱི་ཐབས་ལམ་ཡང་མི་འདྲ་བ་མང་པོ་བྱུང་བས། སྐབས་དེའི་ལོ་ཙཱའི་བྱ་བར་དཀའ་ཚེགས་སམ་བཀག་རྒྱ་ཆེན་པོ་བཟོས་ཡོད། དེ་བས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ལོ་པཎ་དག་གིས་སྔར་ཡོད་ཀྱི་ལོ་ཙཱའི་ཉམས་མྱོང་སོགས་སྤྱི་བསྡོམས་མཛད་དེ《སྒྲ་སྦྱོར་བམ་པོ་གཉིས་པ》ཞེས་བོད་རང་གི་ལོ་ཙཱའི་གཞུང་ལུགས་ཐོག་མ་དེ་བྱུང་། དེ་ལས་བསྟན་པའི་ཐབས་དང་ཚད་གཞི་ནི་སྔོན་བྱུང་ལོ་ཙཱ་བ་རྣམས་ཀྱིས་བཀའ་ཁྲིམས་ལྟར་བརྩིས་པ་མ་ཟད། རྗེས་སུ་བྱུང་བའི་ལོ་ཙཱ་བ་རྣམས་ལ་ཡང་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན་དང་ཐོན་བཞིན་ཡོད། གཞུང་ཐོག་མ་འདིའི་ནང་དུ་གཙོ་བོ་ལོ་ཙཱའི་རྩ་དོན་དང་། ཚད་གཞི། སྒྱུར་ཐབས་དམ་པ་གསུམ། དོ་སྣང་བྱེད་དགོས་པ་ལྔ་ལ་སོགས་གསལ་པོར་བཀོད་ཡོད། དུས་རབས་བཅུ་གསུམ་པར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་མཆོག་གིས། ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུའོ་ཞེས་ལོ་ཙཱ་བའི་བྱེད་ལས་དཔེའི་སྒོ་ནས་གསལ་བཤད་གནང་། དེ་ནི་ལོ་ཙཱའི་བྱ་བར་བསྒྱུར་བྱའི་མ་ཡིག་གི་དོན་དང་འགལ་མི་རུང་བ་མ་ཟད། རྣམ་པ་སྟེ་ཚིག་གི་སྦྱོར་བ་དང་གྲུབ་ལུགས་ལ་སོགས་པ་ཡང་བསྒྱུར་བྱའི་མ་ཡིག་ལ་ཇི་ལྟར་ཡོད་པ་སྒྱུར་བྱེད་ལའང་དེ་ལྟ་དེ་ལྟར་ཐོན་དགོས་པ་བསྟན་ཡོད། དེ་ལས་གཞན་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་ཆིན་གོང་མའི་བཀའ་བཞིན་རྒྱལ་པོའི་གསུང་དང་དེའི་དགོངས་པ་རིན་པོ་ཆེ་ཧོར་སྐད་དུ་བསྒྱུར་བས་ཉམས་མྱོང་ལས《དག་ཡིག་མཁས་པའི་འབྱུང་གནས》ཞེས་པ་བརྩམས། དེའི་ནང་དུ་ཡང་ལོ་ཙཱའི་ཚད་གཞི་ལ“ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་དགོས” ཞེས་གསུངས་ཡོད། འདི་དག་ནི་རང་རེའི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་ལོ་ཙཱའི་ཚད་གཞིའི་ཐད་ཀྱི་དགོངས་པའི་ནང་གི་གཙོ་ཆེ་ཤོས་འགའ་ཡིན་ལ། དེང་སྐབས་ཀྱང་སློབ་གྲྭ་ཆེ་མོའི་དགེ་རྒན་དང་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་དག་གིས་ཀྱང་རང་རང་གི་ལྟ་ཚུལ་བཏོན་ཏེ་ལོ་ཙཱའི་གཞུང་ལུགས་ཆ་ཚང་ཞིག་ཡོང་རྒྱུར་སྐུ་ལས་གང་མང་སྐྱོན་བཞིན་མཆིས། རྒྱ་ནག་གི་ལོ་ཙཱ་བ་ཡན་ཧྥུ་གཙོར་བྱས་པའི་ལོ་ཙཱ་བ་གང་མང་གིས“མཐུན་བདེ་སྙན་གསུམ”དང“མ་ཡིག་གི་རྣམ་པ་དོ་སྣང་བྱེད་མི་དགོས”སོགས་ཀྱི་ལྟ་བ་གང་མང་ཞིག་འདོན་བཞིན་ཡོད། དེ་བས་ང་ཚོས་རང་རེའི་གནའ་དེང་གི་ལོ་ཙཱའི་གཞུང་ལུགས་དང་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་ཟུང་འབྲེལ་གྱི་ལམ་ནས་རང་རེའི་ལོ་ཙཱའི་དཔྱད་བརྗོད་ཀྱི་སྟོང་ཆ་ཁ་སྐོང་བ་དང་དེ་ལ་ཤུགས་རྒྱག་རྒྱུ་ནི་ཧ་ཅང་གལ་འགངས་ཆེའོ།
       བཞི། ལོ་ཙཱའི་དཔྱད་བརྗོད་ཀྱི་གོ་རིམ།
       དེ་ཡང་ལོ་ཙཱ་བྱེད་པའི་གོ་རིམ་ལ་ཤུ་ཇོང་གིས་མཛད་པའི《རིག་གནས་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》ནང་དུ“ངས་ཡིག་སྒྱུར་བྱེད་དུས་སྤྱིར་བཏང་རིམ་གསུམ་ཡོད་པ་སྟེ། དང་པོ་ནི་མ་ཡིག་ལ་བསྐྱར་ཀློག་བྱས་ཏེ་མ་ཡིག་གི་གོ་བ་ཡང་དག་པར་ལེན་པ་དང་། མ་ཡིག་གི་ནང་དོན་ཕྱིར་མཚོན་པ་ལ་བསམ་བློ་གཏོང་བ། བསམ་བློའི་ནང་དུ་མ་ཡིག་ནང་གི་མི་སྣའི་སྣང་བརྙན་དག་རགས་ཙམ་ངེས་དགོས། གཉིས་པ་ནི་ཡིག་སྒྱུར་དངོས་ལ་འཇུག་པ། ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་མ་ཡིག་གི་ནང་དོན་མ་འཕྱུག་པ་བསྒྱུར་དགོས། གསུམ་པ་ནི་འགྱུར་ཡིག་ཞིབ་ཅིང་ཕྲ་བའི་སྒོ་ནས་ཐེངས་མང་ཀློག་སྟེ་འགྱུར་ཆད་དང་འགྱུར་ལྷག་སོགས་དག་བཅོས་བྱེད་པ། དེ་རྗེས་རྒྱ་ཡིག་གི་གཞུང་ལུགས་གཞིར་བཟུང་། སྒྱུར་ཡིག་ལ་དག་བཅོས་བྱེད་ཀྱི་ཡོད་ཅེས་གསུངས་པ་ལྟར། གོ་རིམ་གསུམ་བརྒྱུད་ནས་ཡིག་སྒྱུར་བྱེད་པ”་གསལ་པོར་བསྟན་ཡོད། དེ་ནི་བོད་རང་གི་ལོ་ཙཱའི་དགོངས་པ་དང་ཡང་གཅིག་མཚུངས་སུ་གྱུར་ཡོད་དེ། དང་པོ་ནི་མ་ཡིག་ལ་གོ་བ་ཡང་དག་པར་ལེན་པ་དང་། གཉིས་པ་ནི་མ་ཡིག་གི་ནང་དོན་དེ་སྒྱུར་ཡིག་གི་སྐད་ལ་བརྟེན་ནས་བསྐྱར་མཚོན་བྱེད་པ་ཡིན་པས། ང་ཚོས་གོང་གི་ལོ་ཙཱའི་དགོངས་པ་ལྟར། ཡིག་སྒྱུར་བྱས་ན་མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་ལེན་པ་དང་ཆབས་ཅིག སྒྱུར་ཡིག་ལ་ཡང་མ་ཡིག་ལྟར་གྱི་་ནུས་པ་གལ་ཆེན་ཐོན་སྲིད། དེ་བས་ལོ་ཙཱའི་དཔྱད་བརྗོད་ལ་ཡང་གོ་རིམ་བཞི་ལྡན་པར་འདོད་དེ། དང་པོ་ནི་མ་ཡིག་གི་གོ་བ་ཡང་དག་པར་ལེན་པ་དང་རྩོམ་པ་པོའི་བསམ་བློ་རྟོགས་པ། གཉིས་པ་ནི་སྒྱུར་ཡིག་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཀློག་ཤིང་ལོ་ཙཱའི་སྒྱུར་ཐབས་དག་ལ་དབྱེ་ཞིབ་བྱེད་པ། གསུམ་པ་ནི་མ་ཡིག་དང་སྒྱུར་ཡིག་གཉིས་ཀྱི་ཚིག་དང་ཚན་པ་རེ་རེར་ཞིབ་བསྡུར་བྱས་ཏེ་བཟང་ཆ་དང་ཉེས་སྐྱོན་བཙལ་བ། བཞི་པ་ནི་སྒྱུར་ཡིག་གི་ནང་དོན་དང་། སྒྱུར་ཐབས། སྒྱུར་ཡིག་གི་སྤུས་ཚད་དང་ནུས་པ་སོགས་ལ་ཕྱོགས་ཡོངས་ནས་དཔྱད་བརྗོད་སྤེལ་བ་བཅས་ཡིན། གོ་རིམ་བཞི་པོ་འདི་དག་རང་ཉིད་ཀྱིས་སྔོན་གྱི་ལོ་ཙཱ་བ་དང་མཁས་པ་རྣམས་ཀྱི་གསུངས་པའི་ལོ་ཙཱའི་གཞུང་ལུགས་དེ་དག་དང་འབྲེལ་བའི་མྱོང་ཚོར་ཕྲན་བུ་ཙམ་ཡིན།
       ལྔ་པ། ལོ་ཙཱའི་དཔྱད་བརྗོད་ཀྱི་ཕན་ཡོན།
       དེ་ཡང་ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་ཞེས་གསུངས་པ་ལྟར། ང་ཚོ་བོད་ཀྱི་ལོ་ཙཱའི་རིག་པའི་གཞུང་ལུགས་ཀྱང་ངེས་པར་དུ་ལག་ལེན་ལ་བརྟེན་ནས་འཐུས་སྒོ་ཚང་དུ་གཏོང་དགོས་ལ། དེ་ཡང་ང་ཚོ་དེང་རབས་ཀྱི་ཤེས་ཡོན་པ་དང་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་གྱི་ཕྲག་སྟེང་དུ་བབས་པའི་འོས་འགན་ཞིག་ཀྱང་རེད། གཞུང་ལུགས་འཐུས་ཚང་གཏིང་ཟབ་ཏུ་གཏོང་དགོས་ན། དེ་ཡང་ངེས་པར་དུ་ལོ་ཙཱའི་དཔྱད་བརྗོད་ལ་བརྟེན་དགོས་པ་སྟེ། ལོ་ཙཱའི་དཔྱད་བརྗོད་གང་དང་གང་མཛད་པ་དེས་མ་ཡིག་གི་སྟེང་དུ་གནས་པའི་སྐྱོན་དང་། ལོ་ཙཱ་བའི་སྒྱུར་སྐྱོན། ཡི་གེ་རྒྱག་མཁན་སོགས་ཀྱི་སྐྱོན་སོགས་གསལ་པོར་བྱེད་པའི་ལམ་སྒྲོན་ཞིག་དང་། སྒྱུར་མར་དཔྱད་པར་གང་དེའི་བཟང་ངན་གྱི་ཕྱོགས་གཉིས་པོ་ལོ་ཙཱ་བ་རང་དང་ཀློག་པ་པོ་ཀུན་གྱིས་མཐོང་བར་འགྱུར་ཞིང་། རང་སྐྱོན་འཁྲུལ་བ་གཞི་དང་བཅས་པ་ངོས་ཟིན་ན་འགྱུར་བཅོས་ཚད་ལྡན་དུ་གཏོང་ཐུབ་པ་དང་། ཕྱིས་འབྱུང་གི་ལོ་ཙཱའི་བྱ་བར་ཡང་ཉམས་འཇོག་བྱ་ཡུལ་དང་ཤུགས་སྣོན་རྒྱག་སའི་གཞི་གྲུབ་ཡོད་པས། ལོ་ཙཱའི་ནུས་པ་གོང་མཐོར་གཏོང་ཐུབ་པར་མ་ཟད། ལོ་ཙཱའི་བྱེད་ཐབས་ལ་ཡང་ལམ་ཞིག་སྟོན་ངེས་སོ།
       མདོར་ན། ལོ་ཙཱའི་དཔྱད་བརྗོད་ནི་འགྱུར་མའི་སྤུས་ཚད་བཟང་ན་བཟང་བའི་རྒྱུ་མཚན་རྐྱེན་དང་བཅས་པ་དང་། དེའི་ཕན་ཡོན་ནམ་ནུས་པ་སོགས་གསལ་བྱེད་ཐུབ་པ་དང་། སྐྱོན་གྱི་ཆ་ལའང་དེའི་རྒྱུ་དང་རྐྱེན་གང་ལ་ཐུག་པ་དང་། བཅོས་ཐབས་གང་དག་ལྡན་པ་སོགས་བསྟན་པའི་མཐར། སྒྱུར་མ་ཚད་ལྡན་ཡིན་ན་ཇི་ལྟ་བུ་ཞིག་ཡིན་ཚུལ་གྱི་མིག་དཔེའང་སྟོན་ཐུབ་པས་སོ། དེ་བས་སྒྱུར་མར་དཔྱད་བརྗོད་མང་དུ་བཏང་ན་ལོ་ཙཱ་བ་ཀུན་ལ་ལོ་ཙཱའི་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུའི་སྒུལ་ཤུགས་ཐེབས་པས་ལོ་ཙཱའི་སྤྱིའི་སྤུས་ཚད་ཀྱང་ཇེ་ལེགས་ཏུ་འགྲོ་སྲིད། གཞན་ཡང་། ལོ་ཙཱའི་གཞུང་ལུགས་ནི་ལོ་ཙཱའི་ཉམས་མྱོང་ལས་བྱུང་བ་ཞིག་ཡིན་ཞིང་། ལོ་ཙཱའི་ཉམས་མྱོང་ཡང་སྒྱུར་མ་ལེགས་ཞན་ལ་ཞིབ་བསྡུར་བྱས་པ་ལས་ཐོན་པ་ཞིག་ཡིན་པས། ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་རྣམས་ལ་བཟང་ངན་མཆོག་དམན་གྱི་རྩོད་པ་བགྱིས་པའི་རིགས་ལམ་ཡང་དག་གིས་གཏན་ལ་ཕབ་པ་སོགས་ལོ་ཙཱའི་གཞུང་ལུགས་གཏིང་ཟབ་ཏུ་གཏོང་བ་ལའང་མཆོག་ཏུ་སྨན་ནོ།
       (ལྷ་ས་ཉིན་རེའི་ཚགས་པར་ཁང་གི་ནོར་བུ་ཆོས་སྒྲོན་གྱིས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1