༄༅།། འབུམ་མཚོ་ཡག

ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-18


ལྷ་མོ་ཚེ་རིང་།

        མི་སུ་དང་གང་ཞིག་ཡིན་རུང་འཕེལ་རྒྱས་ཀྱི་ལམ་ཁ་རུ་སྙེག་པར། ཕྱོགས་གཅིག་ནས་རང་ཉིད་ཀྱི་འབད་བརྩོན་དང་འཇོན་ཐང་ལ་བརྟེན་དགོས་ཤིང་། ཕྱོགས་གཞན་ཞིག་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་མཐུན་རྐྱེན་སོགས་ལའང་མ་བརྟེན་ཐབས་མེད་ཡིན་པ་ནི་བསྙོན་དུ་མེད། དེ་བཞིན་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རིན་ཆེན་སྤུངས་མཛོད་རིག་གནས་ཚད་ཡོད་ཀུང་སིའི་མགོ་གཙོ་སྟེ། བུད་མེད་ཁེ་ལས་པ་འབུམ་མཚོ་ཡག་ཀྱང་རང་ཉིད་ཀྱི་འབད་བརྩོན་དང་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་སོགས་ལ་བརྟེན་ནས་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་རེད།

        འབུམ་མཚོ་ཡག་ནི་ཞིན་ཧེ་རྫོང་གི་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་ཞིང་། 2008ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློང་གླིང་ནས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཁོ་མོས་མཚམས་སྦྱོར་བྱས་པ་ལྟར་ན། སློབ་མཐར་ཕྱིན་རྗེས་ཁོ་མོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ལོ་གཅིག་ཙམ་གྱི་རིང་ལ་དགེ་རྒན་གྱི་བྱ་བ་གཉེར་ཞིང་། དེའི་རྗེས་སུ་ཞིན་ཧེ་རྫོང་ཆོས་ལུགས་ཅུས་སུ་ལས་གནས་སྤར་ཏེ་ལས་ཁུངས་དེ་ནས་ལོ་གཉིས་ལ་གཞུང་གི་བྱ་བ་བསྒྲུབས་མྱོང་བར་བཤད། སློབ་མཐར་ཕྱིན་མ་ཐག་པའི་སློབ་མ་མང་པོ་ཞིག་ལ་མཚོན་ན། གཞུང་གི་བྱ་བ་ཞིག་ལག་ཏུ་ཐོབ་པ་ནི་གསེར་གྱི་ཕོར་བ་ཞིག་རག་པ་དང་འདྲ་བས། དེར་མི་དགའ་མཁན་དང་མི་དུངས་མཁན་ཧ་ལམ་མེད་ངེས་ལ། མུ་མཐུད་དུ་བྱ་བ་བསྒྲུབས་ཏེ་དེའི་རྒྱུན་མི་སྐྱོང་མཁན་ཡང་ཤིན་ཏུ་ཉུང་ངེས། ཡིན་ཡང་། འབུམ་མཚོ་ཡག་ནི་ལས་གནས་བརྟན་པོའི་གཞུང་གི་བྱ་བར་མ་ཆགས་པར། རང་ཉིད་ཀྱི་དགའ་ཕྱོགས་དང་ཕུགས་བསམ་གྱི་ཆེད་དུ་གཞུང་གི་བྱ་བ་བསྐྱུར་ཏེ། 2012ལོ་ནས་བཟུང་ཁོ་མོས་རིན་ཆེན་སྤུངས་མཛོད་རིག་གནས་ཚད་ཡོད་ཀུང་སི་གཉེར་མགོ་བརྩམས་པ་རེད།
        ཁོ་མོས་གཉེར་བཞིན་པའི་རིན་ཆེན་སྤུངས་མཛོད་ཚད་ཡོད་ཀུང་སི་ནི་སྣ་འདུས་རང་བཞིན་གྱི་ཀུང་སི་ཞིག་ཡིན་ཏེ། དེར་མགྲོན་ཁང་དང་དཔེ་ཀློག་བྱེད་ས། གསོ་སྦྱོང་བྱེད་གནས་བཅས་ཡོད་པར་མ་ཟད། ད་དུང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བསང་རྩི་དང་དར་ལྕོག གཞན་རྡོ་བརྐོས་སོགས་ཀྱང་ཐོན་སྐྱེད་བྱེད་བཞིན་ཡོད་ལ། རྡོ་བརྐོས་ཀྱི་རིགས་ལ་མ་ཎི་རྡོ་བརྐོས་དང་རྗེས་དྲན་དངོས་རྫས། ཀ་རྡོ་སོགས་ཡོད་ལ། དེ་དག་ལས་ཆོས་ལུགས་དང་འབྲེལ་བའི་ཐོན་རྫས་རྣམས་བོད་ཁུལ་གྱི་དགོན་པ་སོ་སོར་འཚོང་བཞིན་ཡོད་པ་དང་། བཟོ་རྩལ་ཐོན་རྫས་རྣམས་ནང་ལོགས་ས་ཆར་ཕྱིར་འཚོང་བྱེད་བཞིན་ཡོད། གཞན་ཀུང་སིའི་ཁོངས་གཏོགས་སུ་ཡུལ་སྐོར་ལས་དོན་ཁང་ཞིག་ཀྱང་འདུག ཀུང་སིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4300ཡོད་པ་དང་། ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2400ཡོད་ལ། ད་ལྟ་ཀུང་སིར་ལག་རྩལ་མི་སྣ་དང་ཞབས་ཞུ་བ་སོགས་བསྡོམས་པས་ལས་བཟོ་པ72ཡོད། དེའི་ཁྲོད་ཀྱི་ལས་བཟོ་པ་ཕལ་མོ་ཆེ་ནི་དབང་པོ་སྐྱོན་ཅན་ཡིན་ལ། འབུམ་མཚོ་ཡག་གིས་ཀུང་སི་རུ་ཁོ་ཚོ་དང་འཚམ་པའི་ལས་གནས་འདོན་སྤྲོད་བྱེད་བཞིན་ཡོད་ལ། མི་རེས་ཟླ་རེར་སྒོར་ཉིས་སྟོང་ཡས་མས་ཀྱི་ཟླ་ཕོགས་ལེན་ཐུབ་པས། ཁོ་ཚོའི་ལས་ཞུགས་གནད་དོན་ཐད་གང་ལ་དེ་འཚམ་གྱི་ནུས་པ་འདོན་བཞིན་ཡོད། ཀུང་སིའི་ཁོངས་གཏོགས་སུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞི་ཞིག་ཀྱང་བཙུགས་ཡོད་ལ། ཀུང་སིས་དུས་ངེས་མེད་དུ་དགེ་རྒན་དང་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་དབང་པོ་སྐྱོན་ཅན་དང་བྱིས་པ་སོགས་ལ་རིན་མེད་སྒོས་གསོ་སྦྱོང་ཡང་སྤེལ་བཞིན་ཡོད། ད་ལྟ་ཀུང་སིའི་ལོ་རེའི་ཡོང་སྒོ་རྐྱང་བ་ནི་སྒོར་ཁྲི320ལ་སླེབས་ཡོད།
        འབུམ་མཚོ་ཡག་གིས་ཀུང་སི་གཉེར་མགོ་རྩོམ་དུས་སུ་ཁོ་མོ་ཧ་ལམ་ལོ24ཙམ་ཡིན་ཞིང་། ལོ་ན་ཆུང་བའི་གཞོན་ནུ་མ་ཞིག་ལ་ཀུང་སི་ཆེན་པོ་ཞིག་གཉེར་བའི་བློ་སྤོབས་མངའ་བ་ནི་དངོས་གནས་བློ་ཡུལ་ལས་འགོངས་པ་ཞིག་ཡིན་པས། གསར་འགོད་པས་ཁོ་མོར་བྱ་གཞག་གསར་སྐྲུན་གྱི་ལས་ལ་ཞུགས་ཏེ་ཀུང་སི་གཉེར་བའི་འདུན་པ་ཐོག་མར་ཇི་ལྟར་སྐྱེས་ཚུལ་སྐོར་ནས་དྲིས་པ་ན། ཁོ་མོས་བཤད་རྒྱུར། “ངེད་ཚང་གི་ཨ་ཁུས་སྔོན་ཆད་ཚོང་རྒྱག་བཞིན་ཡོད་པས། སློབ་ཆེན་དུ་ཡོད་པའི་སྐབས་སུ་ངས་ཨ་ཁུ་ལ་རོགས་བྱས་ཏེ་རྩིས་གཉེར་གྱི་བྱ་བ་བསྒྲུབས་མྱོང་ལ། ད་དུང་ཁོར་དངོས་པོ་ཕྱིར་བཙོང་རོགས་ཀྱང་བྱས་པ་ཡིན། མཐར་ཕྱིན་རྗེས་སུའང་ལམ་ལས་པ་དང་འབྲོག་དམངས་གཏན་སྡོད་ཀྱི་ཁང་པ་ལས་པར་ངས་ནང་དུ་མ་རྐང་བཞག་པ་ཡིན། དེ་ལས་ཚོང་གི་ཕྱོགས་ལ་སྤྲོ་བ་སྐྱེས་བྱུང”ཟེར།ཚོང་ལས་ཀྱི་ཉམས་མྱོང་ནི་མོར་མཚོན་ན་ཀུང་སི་གཉེར་བའི་སྔོན་འགྲོའི་མཐུན་རྐྱེན་དུ་གྱུར་ཡོད།
        འདི་ལྟ་བུའི་ཀུང་སི་ཆེན་པོ་ཞིག་གཉེར་བར་དང་ཐོག་ཁོ་མོ་དཀའ་ལས་ཀྱང་གང་མང་ཞིག་ལ་འཕྲད་མྱོང་སྟེ། ཀུང་སི་གཉེར་མགོ་རྩོམ་དུས་མ་དངུལ་ཐད་དཀའ་ཁག་བྱུང་བས་དངུལ་ཁང་ལ་སྒོར་ཁྲི1400བསྐྱིས་ཤིང་། གཞུང་གི་བྱ་བ་བསྐྱུར་བས་མཐའ་འཁོར་གྱི་མི་རྣམས་ཀྱིས་རྒྱབ་སྐྱོར་ཀྱང་མི་བྱེད་པར་བཤད། དེར་བརྟེན། སྐབས་དེ་དུས་མོས་ལུས་སེམས་གཉིས་ཀྱི་སེམས་ཁྲལ་གང་མང་ཞིག་མྱངས་ཡོད་པ་ཁོ་ཐག་རེད། ཡིན་ཡང་། ལས་ཡག་པ་ཞིག་ལ་སྐབས་དེར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས། ཞིན་ཧེ་རྫོང་ནོར་སྲིད་ཅུས་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མོར་ལོ་རེར་སྒོར་ཁྲི300དང200ཡས་མས་ཀྱིས་རོགས་སྐྱོར་བྱས་པས། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་མོར་མ་དངུལ་དཀོན་པར་ནུས་པ་ཆེན་པོ་ཐོབ། ད་ལྟ་ཡང་ལོ་རེར་སྒོར་ཁྲི100ཡིས་རོགས་སྐྱོར་བྱེད་བཞིན་ཡོད་ལ། ཞིན་ཧེ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྱང་མོར་ལོ་རེར་སྒོར་ཁྲི3ཡིས་རྒྱབ་སྐྱོར་བྱེད་བཞིན་ཡོད།
        མ་འོངས་པའི་འཆར་གཞི་དང་འདུན་པའི་ཐད་ནས། མོས་མ་འོངས་པ་ན་ས་ཆ་གཞན་དུ་ཡན་ལག་ཀུང་སི་འཛུགས་འདོད་ཡོད་ལ། ཀུང་སིས་ཐོན་སྐྱེད་བྱས་པའི་དངོས་རྫས་རྣམས་ཞང་ཀང་དང་ཨའོ་མོན་སོགས་དང་ཡང་ན་ཕྱིའི་རྒྱལ་ཁབ་ཏུའང་ཕྱིར་འཚོང་བྱེད་འདོད་ཅེས་ཟེར་ལ། མ་འོངས་པའི་འཆར་གཞི་གླེང་སྐབས། བལྟས་ཚོད་ཀྱིས་མོར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པས། མོ་ནི་མིག་རྒྱང་རིང་བའི་བུད་མེད་མཛངས་མ་ཞིག་ཡིན་པ་ཚོར་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1